ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དྲུག་པ།སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌྰུརྱའི་མེ་ལོང་ཞེས་བྱ་བ་བཞུགས
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
 
ལྔ་པ།ཚྭ་སྣའི་སྨན་གྱི་ནུས་པ་བསྟན་པ།
 
ཚྭ་རིགས་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚ།།མཛེ་ཚྭ་ལྦ་ཚྭ་ད་ཆུ་ཙབས་རུ་ཚྭ།།དེ་ཀུན་རོ་ནི་ལན་ཚྭ་ཞུ་རྗེས་དྲོ།ནུས་པ་རྒྱ་ཚྭས་སྐྲན་བཤིག་རྩ་ནད་སྦྱོང༌།།གག་པ་འཇོམས་ཤིང་དུག་སེལ་སྲིན་རྣམས་གསོད།།ཆུ་འགགས་འབིག་ཅིང་ཤ་རོ་གཅོད་པར་བྱེད།།རྒྱམ་ཚྭས་ཚ་བ་མི་བསྐྱེད་བད་རླུང་སེལ།།ཁ་རུ་ཚྭ་ཡིས་དྲོད་སྐྱེད་བད་རླུང་སེལ།།སྦོ་སྒྲེག་འགྱིངས་པ་སྦྱོང་བར་བྱེད་པ་ཡིན།།མཛེ་ཚྭས་ཤ་རོ་གཅོད་ཅིང་ཁྲག་འགག་འཇུ།།རྨ་ཡི་ཆུ་སེར་དག་ཀྱང་འདྲེན་པར་བྱེད།།ལྦ་ཚྭས་ལྦ་བ་འཇོམས་ཤིང་མེ་དྲོད་གསོ།།ཙབས་རུ་ཚ་ཡིས་གྲང་རླུང་མ་ཞུ་སེལ།།ད་ཆུས་སྐྲན་བཤིག་རྨ་གསོ་འཁྲུ་བར་བྱེད།།ཚ་ལ་རོ་ནི་ལན་ཚྭ་ཞུ་རྗེས་སྙོམས།།སྨ་འདྲུབ་རྣོ་དང་ཁྲག་ངན་འཇུ་ཞིང་སྦྱོང༌།།
དྲུག་པ།འབྲས་བུའི་སྨན་གྱི་ནུས་པ་བསྟན་པ།
 
ཨ་རུ་སྤྱི་ཁྱབ་རོ་བསྐ་ཞུ་རྗེས་མངར།བྱེ་བྲག་རྣམ་པར་རྒྱལ་བ་རོ་ལྔ་ལྡན།།ཅུང་ཟད་ཙམ་ནི་ལན་ཚའི་བག་དང་བཅས།།བཀྲ་ཤིས་དོན་ལྡན་འདུ་བའི་ནད་རྣམས་སེལ།།བདུད་རྩི་སྐྱུར་ཞིང་དྲོད་སྐྱེད་གསེར་མདོག་འབྱིན།།འཆི་མེད་མངར་ཁ་མཁྲིས་སེལ་རིང་དུ་གནས།།ཤ་ཆེན་མངར་སྐྱུར་ལུས་ཀྱི་ཤ་ཚིལ་བསྐྱེད།།འཇིགས་མེད་ཚ་ཁ་གདོན་དང་མིག་ནད་སེལ།།འཕེལ་བྱེད་མངར་བག་རྨ་རྣམས་འདྲུབ་ཅིང་བརྟས།།སྐུམ་པོ་ཁ་བསྐ་བྱིས་པའི་ནད་གདོན་འཇོམས།། མཆུ་རིང་མཆུ་ནི་མངར་ཁ་ནད་རྣམས་འཁྲུ།།རྩ་བ་ཁ་ཚ་སྐྱུར་བས་འཁྲུབ་གཅོད།།དེ་ལྟར་གཞན་ཀུན་ཞུ་རྗེས་ལས་བྱེད་ཀྱང༌།།མཆུ་རིང་རྩ་རྩེའི་རོ་ཡིས་ལས་བྱེད་དོ།།བ་རུ་ར་སྤྱིར་རོ་ནི་བསྐ་བ་སྟེ།།ཁ་མངར་ཚ་སྐྱུར་བཞི་ཡང་ཡོད་པར་འདོད།།ཞུ་རྗེས་ཚ་མངར་སྙོམས་པས་བད་མཁྲིས་དང༌།།ཁྱད་པར་ཆུ་སེར་ནག་པོ་སྐེམ་པར་བྱེད།།སྐྱུ་ར་ར་སྤྱེར་སྐྱུར་བ་ཡིན་མོད་ཀྱང༌།།ཞིབ་ཏུ་ཕྱེ་ན་མངར་སྐྱུར་ཁ་ཞིང་བསྐ།།ཞུ་བའི་རྗེས་བསིལ་བད་མཁྲིས་ཁྲག་ནད་སེལ།།རླུང་ཡང་མི་སྐྱེད་ཤིན་ཏུ་འཕྲོད་པ་སྟེ།།འབྲས་བུ་གསུམ་པོ་བཅུད་ལེན་སྨན་གྱི་མཆོག།ནད་ཀུན་ལ་ཕན་ཁྱད་པར་མིག་ནད་སེལ།།སྙིང་པོ་ཞོ་ཤ་མངར་སྐྱུར་ཞུ་རྗེས་བསིལ།།ནུས་པས་སྙིང་གི་ཚད་པ་སེལ་བར་བྱེད།།མཁལ་མ་ཞོ་ཤ་རོ་ནི་ཚ་མངར་སྣུམ།།ཞུ་བའི་རྗེས་བསིལ་མཁལ་མའི་ཚད་པ་སེལ།།གློ་གོར་ཞོ་ཤ་མངར་ཞིང་སྣུམ་པ་སྟེ།།ཞུ་བའི་རྗེས་བསིལདྲོ་སྐམ་སྐྲངས་ལ་བྱུག།དེ་འཇིབ་ས་བོན་འཕེལ་བའི་མཆོག་ཡིན་ཏེ།།མཆེར་བའི་ཚ་བ་དག་ཀྱང་སེལ་བར་བྱེད།།ཨ་འབྲས་སྲ་འབྲས་འཇམ་འབྲས་རྣམ་པ་གསུམ།།རོ་ནི་ཚ་ཞིང་བསྐ་ལ་ཁ་བ་སྟེ།།ཞུ་རྗེས་དྲོ་བས་མཁལ་མའི་གྲང་བ་སེལ།།མ་ནུ་པ་ཏྲ་མངར་ཁ་ཚ་བའི་རོ།ཞུ་རྗེས་མངར་སྐྱུར་སྙོམས་པས་རླུང་ཁྲག་དང༌།།བད་ཀན་ཚ་བ་ལྷེན་དང་བད་མཁྲིས་སེལ།།རུ་རྟ་ཚ་མངར་ཁ་ཞིང་ཞུ་རྗེས་སྙོམས།།རྣོ་དྲོ་རླུང་ཁྲག་ཕོ་བ་སྦོས་པ་སེལ།།བད་ཀན་གློ་ནད་གག་པ་ཤ་རོ་གཅོད།།ཆུ་སྲི་ཟླ་མཚན~་བའང་སེལ་བར་བྱེད།།ཡུང་བ་ཡིད་ཙམ་ཁ་སྟེ་ཞུ་རྗེས་བསིལ།།མིག་ནད་དུག་སེལ་རུལ་གཅོད་གཉན་ནད་འཇོམས།།གཤེར་དང་འཚོ་དཀའི་རྨ་ལ་སྐམ་རྩི་གདབ།།དར་བར་སྦྱར་འཐུངས་ཕོ་མོའི་ཆགས་པ་འཇོམས།། ཤུ་དག་རོ་ཚ་ཁ་ལ་ཞུ་རྗེས་དྲོ།གག་ལྷོག་རླུང་དང་གདོན་འཇོམས་ཕོ་དྲོད་བསྐྱེད།།ཁ་ཟས་འཇུ་ཞིང་རིམས་ནད་བསྲུང་བར་བྱེད།། དཔའ་བོ་དཀར་སེར་རོ་ཁ་ཞུ་རྗེས་བསིལ།།ཚད་རི་མས་གཟེར་དང་མཆོག་ཏུ་དུག་ནད་སེལ།།བོང་ང་དཀར་པོ་རོ་ཁ་ཞུ་རྗེས་བསིལ།། རིམས་རྙིང་དུག་ཚད་མཁྲིས་ཚད་སེལ་བར་བྱེད།།བོང་ང་དམར་སེར་རོ་ཁ་ཞུ་རྗེས་བསིལ།།ཤ་དུག་བཙན་དུག་མཁྲིས་རིམས་འཁྲུགས་ཚད་སེལ།།བཙན་དུག་རོ་མངར་ཚ་ཞིང་ཞུ་རྗེས་དྲོ།གག་ལྷོག་གཉན་རི་མས་སྲིན་དང་ཆུ་སེར་སེལ།།མཛེ་དང་སྟེང་གདོན་སྨྱོ་འབོག་སྙིང་རླུང་གནོན།།ཤིང་མངར་རོ་མངར་ཞུ་རྗེས་བསིལ་ལ་སྙོམས།།གློ་ནད་ལུད་པའི་ནད་དང་རྩ་ནད་དང༌།།གྲེ་བའི་ཐོར་བ་སྐོམ་དད་སེལ་བར་བྱེད།།སླེ་ཏྲེས་མངར་ཁ་བསྐ་ཚའི་རོ་ལྡན་ཞིང༌།། ཞུ་རྗེས་མངར་སྐྱུར་ནུས་པ་སྣུམ་བསིལ་དྲོ།ཉེས་གསུམ་མི་འཕེལ་རླུང་ཚད་ལྡན་པ་སེལ།།རི་མས་ཚད་སྨིན་སྡུད་འཇོམས་ཤིང་འདུ་བ་སྙོམས།།མཆོག་ཏུ་དྲེག་གྲུམ་ཚད་རྙིང་བྱེར་བ་དང༌།།ཆུ་སེར་རླུང་ནད་འཇོམས་ལ་བདུད་རྩིར་མཚུངས།།ཀཎྡ་ཀ་རི་མངར་ཁ་ཅུང་ཟད་ཚ།ཞུ་རྗེས་མངར་སྐྱུར་འཇམ་བསིལ་དྲོ་བ་སྟེ།།རླུང་ཚད་ལྡན་ཚད་བད་ཀན་སྐྱ་བོ་དང༌།།མཆོག་ཏུ་གློ་བའི་ནད་རིམས་ཀུན་ལ་བསྔགས།།ཏིག་ཏ་རོ་ཚ་ཞུ་རྗེས་བསིལ་ལ་སྙོམས།།ཁྲག་དང་མཁྲིས་པའི་ཚད་པ་མ་ལུས་སེལ།།བ་ཤ་ཀ་ཡང་དེ་མཚུངས་ཁྲག་ཚད་སེལ།། བ་ལེ་ཀ་ནི་ཁ་ཚ་ཞུ་རྗེས་བསིལ།།གློ་མཆིན་སྣོད་ཀྱི་ཚ་བ་སེལ་བར་བྱེད།།ག་དུར་རོ་བསྐ་ཞུ་རྗེས་བསིལ་དྲོད་སྙོམས།།རིམས་དང་ཆམ་པ་གློ་ཚད་རྩ་ཚད་སེལ།།ཡན་ལག་སྐྲངས་པ་ཁོང་ནད་འཇིབ་ཅིང་སྨིན།།སྒྲོན་ཤིང་རོ་མངར་ཞུ་རྗེས་དྲོ་ལ་སྐམ།།ནུས་པས་བད་རླུང་ཆུ་སེར་གྲང་བ་སེལ།།དེ་ཕྱིར་འོར་དང་སྐྲངས་པ་ཀུན་ལ་མཆོག།སྐྱེར་བ་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།དུག་སྡུད་ཆུ་སེར་སེལ་ཞིང་མིག་ལ་ཕན།།སེ་རྒོད་དེ་མཚུངས་དུག་སྡུད་ཆུ་སེར་སེལ།།སེང་ལྡེང་ཤིང་ནི་རོ་མངར་ཞུ་རྗེས་བསིལ།།ནུས་པས་ཁྲག་དང་ཆུ་སེར་སྐེམ་པར་བྱེད།།འོམ་བུ་རོ་བསྐ་ཞུ་རྗེས་བསིལ་བ་སྟེ།།དུག་སྡུད་ཁྱད་པར་ཤ་དུག་ཤ་ནད་སེལ།།པོ་སོ་ཆ་ནི་ཚ་ཞིང་སྐྱུར་བའི་རོ།།ཞུ་བའི་རྗེས་དྲོ་མ་ཞུ་བད་ཀན་སོགས།།ནད་ཀུན་གྱེན་དུ་འདྲེན་ཕྱིར་སྐྱུག་སྨན་མཆོག།དན་རོག་རོ་ཚ་ཞུ་རྗེས་དྲོད་དུ་འདོད།།ནུས་པས་བད་ཀན་ནད་རྣམས་ཐུར་དུ་སྦྱོངས།།ཤྲྰི་ཁནྡ་རོ་ཚ་ཅུང་ཟད་མངར།།ཞུ་རྗེས་བསིལ་ཡིན་རུས་ནད་ཆུ་སེར་སྦྱོངས།།དོང་ཁ་རོ་མངར་འདི་ཡང་ཞུ་རྗེས་བསིལ།།ནུས་པས་ཚད་ནད་སྦྱོང་བར་བྱེད་པ་ཡིན།།ཀ་པེད་རོ་ནི་སྐྱུར་བར་ཁ་ཅིག་འདོད།།གཞན་དག་མངར་བསྐ་ཞུ་རྗེས་དྲོད་ཡིན་ཟེར།།ནུས་པས་འཁྲུ་བ་གཅོད་ཅིང་རྩམ་པ་འཛིན།།ད་ཏྲིག་རོ་སྐྱུར་ཞུ་རྗེས་དྲོད་ཡིན་ཏེ།།ནུས་པས་འཁྲུ་གཅོད་ཡན་ལག་ཁྲག་རྒྱས་འཇིབ།།སྐྱུག་དང་ཡི་ག་འཆུས་པ་སེལ་བར་བྱེད།།སྨག་དང་མོན་ཆ་རོ་བསྐ་ཞུ་རྗེས་དྲོད༌།།ནུས་པས་འཁྲུ་བ་ཚ་གྲང་མེད་པར་གཅོད།།
 
བདུན་པ།སྔོ་སྨན་གྱི་ནུས་པ་བསྟན་པ།
 
སྔོ་སྨན་ཧོང་ལེན་རོ་ཁ་ཞུ་རྗེས་བསིལ།།ཁྲག་སྐམ་འཁྲུགས་དང་དོན་སྣོད་ཚ་བ་སེལ།།ཡན་ལག་ཆུ་འཐུང་ཅུང་ཟད་ཐུར་དུ་འཁྲུ།།ཁྱད་པར་རྒྱུ་གཟེར་ཚ་བའི་དུས་སུ་བསྔགས།།སྤང་རྩི་དོ་བོ་རོ་ཁ་ཞུ་རྗེས་བསིལ།།རིམས་དུག་ཚ་བ་གསར་རྙིང་དྲེག་གྲུམ་དང༌།། ཁྲག་ནད་རྒྱུ་གཟེར་འཇོམས་ཤིང་ཚ་འཁྲུ་གཅོད།།རེ་སྐོན་རོ་ཁ་ཞུ་རྗེས་བསིལ་ཁོ་ན།།ནུས་པས་ཁྲག་སྐེམ་བད་ཀན་སྨུག་པོ་འཇོམས།།རྩ་ཚད་སེལ་ཞིང་ཚ་འཁྲུ་གཅོད་པར་བྱེད།།ཀྱི་ལྕེ་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།ནུས་པས་སྣོད་ཚད་སྤྱི་དང་མཁྲིས་ཚད་སེལ།།སུམ་ཅུ་ཏིག་ཀྱང་རོ་ཁ་ཞུ་རྗེས་བསིལ།།མཆིན་མཁྲིས་ཚད་སེལ་ཁྲག་ནད་མགོ་གཟེར་གཅོག།པྲི་ཡང་ཀུ་ཡི་རོ་ནི་མངར་ལ་ཁ།།ཞུ་རྗེས་བསིལ་ཡིན་ཕོ་མཆིན་གློ་ཚད་སེལ།།སྲོ་ལོ་དཀར་པོ་རོ་མངར་ཞུ་རྗེས་བསིལ།།གློ་བའི་ཚད་པ་ཀུན་སེལ་རིམས་ལ་ཕན།།སྨུག་པོ་རོ་ནི་ཅུང་ཚ་ནུས་པ་དམན།།གཡའ་ཀྱི་མ་ནི་རོ་ཁ་ཞུ་རྗེས་བསིལ།།མཁྲིས་པ་ཞི་ཞིང་སྦྱོང་བྱེད་ཚད་པ་འདྲེན།།གང་གཱ་ཆུང་ཡང་རོ་ཁ་ཞུ་རྗེས་བསིལ།།དུག་དང་རྨ་དང་ཚ་འཁྲུ་ཚ་སྐྲང་འཇོམས།།སྲོལ་གོང་བ་ནི་རོ་ཁ་ཞུ་རྗེས་བསིལ།།མགོ་ཆག་དུག་ཚད་སེལ་ཞིང་ལྷོག་པ་འདུལ།།ཡུ་མོ་མདེའུ་འབྱིན་ཁ་བསྐ་ཞུ་རྗེས་བསིལ།།བུ་དང་བུ་རོགས་ཟུག་རྔུ་འབྱིན་པར་བྱེད།།དར་ཡ་ཀན་ནི་རོ་ཁ་ཞུ་རྗེས་བསིལ།།མགོ་བོའི་རུས་ཆག་གསོ་ཞིང་རྨ་རྣམས་འདྲུབ།།ཡན་ལག་ཆུ་འཐུང་ཚ་བའི་འཁྲུ་བ་གཅོད།། བྱང་ཁོག་རྣག་སྐེམ་ཚ་སྐྲངས་འཇོམས་པའི་མཆོག།རྟ་ལྤགས་མངར་ཁ་ཞུ་རྗེས་བསིལ་བ་སྟེ།།སྲིན་གསོད་ལྷ་བ་འཛིན་ཅིང་ཆུ་སེར་འདྲེན།།སྟག་ཤ་རོ་ཁ་ཞུ་རྗེས་བསིལ་དུ་འདོད།།ནུས་པས་མོ་འདྲུབ་གཉན་གསོད་དུག་ཚད་སེལ།།ཚ་འཁྲུ་གཅོད་ཅིང་རུས་ཆག་སྦྱོར་བར་བྱེད།།མིང་ཅན་ནག་པོ་རོ་བསྐ་ཞུ་རྗེས་བསིལ།།ནུས་པས་གཉན་ནད་སེལ་ཞིང་དུག་ཚད་འཇོམས།།དུག་པུས་རོ་མངར་ཞུ་རྗེས་བསིལ་བ་ཡིན།།ནུས་པས་གཉན་ནད་སྐྲངས་པ་འཇོམས་པར་བྱེད།། སྤང་རྒྱན་དཀར་པོ་མངར་ཁ་ཞུ་རྗེས་བསིལ།།གྲེ་བའི་དུག་ཚད་འཇོམས་ཤིང་སྐད་འགགས་སེལ།།ཡུ་གུ་ཤིང་ནི་རོ་ཁ་ཞུ་རྗེས་བསིལ།། རྨ་སྦྱོར་ཁྲག་དང་ཚད་དུག་སེལ་བར་བྱེད།།རྩད་དང་རྒུ་ཐུབ་ལྡུམ་སྟག་རོ་ཁ་བ།།ཞུ་བའི་རྗེས་བསིལ་དུག་ཚད་འཇོམས་ལ་བསྔགས།།ཨ་བྱག་རོ་ནི་ཁ་བསྐ་ཞུ་རྗེས་བསིལ།།མགོ་བའི་རུས་ཆག་སྦྱོར་ཞིང་ཤའུ་བསྐྱེད།།གཟེར་འཇོམས་ཆུ་སེར་སྐེམ་པར་བཤད་པ་ཡིན།།ཚེར་སྔོན་དག་ཀྱང་དེ་མཚུངས་ལྷ་བ་འདེགས།།ལུག་རུ་དཀར་དམར་སེར་གསུམ་རོ་ནི་ཁ།།ཞུ་རྗེས་བསིལ་ཡིན་དཀར་པོས་བྱང་སེམས་སྡོམ།།དམར་པོས་ཚད་འཁྲུ་གཅོད་ཅིང་བད་སྨུག་སེལ།།རྨ་ལ་བཏབ་ན་ཤ་སྐྱེ་མྱུར་དུ་འདྲུབ།།སེར་པོས་བད་ཀན་ཆང་ནད་དུག་ནད་སེལ།།སེ་བའི་མེ་ཏོག་མངར་སྐྱུར་ཅུང་ཟད་ཁ།།ཞུ་རྗེས་སྙོམས་ཏེ་མཁྲིས་སེལ་རླུང་ཁ་གནོན།།སྒོང་ཐོག་པ་ནི་རོ་ཁ་ཞུ་རྗེས་བསིལ།། རི་མས་དང་ཤ་དུག་འཁྲུགས་ཚད་སྙིང་རླུང་སེལ།།ཨ་ཀྲོང་མངར་སྐྱུར་ཁ་སྟེ་ཞུ་རྗེས་བསིལ།།ནུས་པས་གློ་བའི་ཚད་པ་སེལ་བའི་མཆོག། ཏང་ཀུན་རོ་ནི་མངར་ཚ་ཞུ་རྗེས་བསིལ།།སྙིང་ཚད་ཤ་དུག་བད་ཀན་ཚ་རིམས་སེལ།།ཤུག་པ་ཚེར་ཅན་རོ་ཁ་ཞུ་རྗེས་བསིལ།།མཁལ་ཚད་ཆུ་སེར་གཉན་ནད་ཀུན་ལ་ཕན།།ཐང་ཕྲོམ་པ་ནི་རོ་ཁ་བསྐ་ཞིང་ཚ།།ཞུ་རྗེས་བསིལ་ཡིན་སྲིན་ནད་ཀུན་ལ་ཕན།།དཀར་པོ་ཆིག་ཐུབ་རོ་ནི་མངར་ཞིང་བསྐ།།ཞུ་རྗེས་བསིལ་ཡིན་སྲིན་ནད་སེལ་བྱེད་ཅིང༌།།དུག་སྡུད་གག་ལྷོག་ཕོ་གླང་འཇོམས་པར་བྱེད།།ཨ་ཝ་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།མིག་ནད་དུག་སེལ་བྱང་ཁོག་རྣག་ཆུ་སྐེམ།། ཞིམ་ཐིག་ལེ་ནི་རོ་མངར་ཞུ་རྗེས་སྣུམ།།མིག་གི་ལིང་ཏོག་འཇོམས་པར་བྱེད་པ་ཡིན།།པར་པ་ཏ་ནི་རོ་ཁ་ཞུ་རྗེས་བསིལ།།རིམས་འཁྲུགས་དུག་ཚད་མ་ལུས་སེལ་བར་བྱེད།།དོ་བའི་རྩ་བ་རོ་ཚ་ཞུ་རྗེས་དྲོད།།ནུས་པས་ཚབས་དང་ཤ་རོ་འདྲུལ་བྱེད་ཅིང༌།།སྲིན་གསོད་སྐྲངས་པ་འཇོམས་ཤིང་རུས་འཛེར་འགོག།འདམ་བུ་ཀ་ར་རོ་མངར་ཞུ་རྗེས་སྙོམས།།གློ་མཆིན་རྩ་ཡི་ཚད་པ་སེལ་བར་ནུས།།འབྲི་ཏ་ས་འཛིན་རོ་ཁ་ཞུ་རྗེས་བསིལ།།ནུས་པས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ།།ཤུ་མོ་ཟ་ནི་རོ་ཁ་ཞུ་རྗེས་བསིལ།།ནུས་པས་གློ་བའི་རྣག་སྐེམ་འཁྲུ་བ་གཅོད།།བྲག་སྐྱ་ཧ་བོ་རོ་ནི་ཁ་བསྐ་ལྡན།།ཞུ་བའི་རྗེས་བསིལ་དུག་ཚད་ཚ་འཁྲུ་སེལ།།བྲེ་གུ་གསེར་ཐིག་རོ་མངར་ཅུང་ཟད་ཁ།།ཞུ་རྗེས་བསིལ་ཡིན་རྨ་འདྲུབ་རྣག་ཆུ་སྐེམ།།ལྷ་བ་འཛིན་ཅིང་དབྱིག་དུག་སེལ་བར་ནུས།།སྤང་སྤོས་ཅུང་ཟད་ཁ་སྟེ་ཞུ་རྗེས་བསིལ།།དུག་དང་ཚད་རྙིང་གག་ལྷོག་སྲིན་ནད་སེལ།།མྱང་རྩི་སྤྲས་ནི་ཁ་བསྐ་ཞུ་རྗེས་བསིལ།།ཆུ་འཐུང་རི་མས་དང་འཁྲུགས་ཚད་སེལ་བར་བྱེད།།རྒུ་དྲུས་རོ་ནི་ཚ་ཁ་ཞུ་རྗེས་བསིལ།།རྨ་འདྲུབ་རྩ་མཐུད་རྒྱུ་གཟེར་རིམས་ནད་འཇོམས།།ལུག་མིག་ཅུང་ཟད་ཁ་མངར་ཞུ་རྗེས་བསིལ།།དུག་དང་རི་མས་ཀྱི་ནད་སེལ་བཅུད་ལེན་འགྱུར།།དུགས་བྱས་ཆུ་བ་རེངས་འཁུམས་སྲོང་བར་བྱེད།།མཁན་པ་མངར་ཁ་ཞུ་རྗེས་བསིལ་བ་སྟེ།།ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས་པར་བྱེད།།ཆུ་མ་རྩི་ནི་སྐྱུར་བསྐ་ཞུ་རྗེས་དྲོ།།བཤལ་སྣ་འདྲེན་ཅིང་སྐྱུག་བསྲུང་དམུ་ཆུ་སྦྱོང༌།།བྱི་ཚེར་རོ་ཚ་ཞུ་རྗེས་རྩུབ་པ་སྟེ།།རིམས་དུག་མཁལ་ཚད་ཆུ་འགགས་སེལ་བར་བྱེད།།དེ་བ་རོ་ཁ་ཞུ་རྗེས་བསིལ་བ་ཡིན།།ནུས་པས་གློ་ཡི་རིམས་ནད་ཀུན་ལ་ཕན།།རྩ་མཁྲིས་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།ནུས་པས་མཁྲིས་ནད་སེལ་བར་བཤད་པ་ཡིན།།རེ་རལ་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།ཤ་དུག་སྔོ་ལ་སྦྱར་བའི་དུག་ནད་འཇོམས།། ཞུ་མཁན་ཚོས་བཙོད་རོ་ནི་ཕལ་ཆེར་ཁ།།ཞུ་རྗེས་བསིལ་སྙོམས་གློ་མཁལ་འགྲམས་ཚད་སེལ།།ལྕམ་པ་རོ་ནི་མངར་བསྐ་ཞུ་རྗེས་དྲོད།།མཁལ་ནད་ཆུ་འགགས་རྩ་ནད་སྐྲངས་པ་དང༌།།སྐོམ་དད་འཁྲུ་བ་སེལ་ཞིང་དམུ་ཆུ་སྦྱོང༌།།བྲ་མའི་རྩ་བ་རོ་མངར་ཞུ་རྗེས་བསིལ།།ཤ་ཚད་རྩ་ཚད་འབྲས་དང་དུག་ནད་སེལ།།མཛོ་མོ་རོ་ཁ་ཞུ་རྗེས་བསིལ་དྲོད་སྙོམས།།ཁྲག་འཁྱགས་འཇུ་ཞིང་ཁྲག་གི་ཚད་པ་སེལ།།སྲད་དཀར་རོ་མངར་ཞུ་རྗེས་དྲོ་ལ་བཅུད།།སྔོ་སྦྱོར་དུག་དང་དམུ་ཆུ་སྐྱ་རྦབ་སྦྱོང༌།།བྱི་རུག་རོ་ནི་བསྐ་ལ་ཡིད་ཙམ་ཁ།།རྨ་གསར་འབུ་བསྲུང་ཁྲག་འཐུང་སྲིན་ཕོལ་སེལ།།ཚོད་མར་བྱས་ན་བད་ཀན་སེལ་བར་བྱེད།།མཚེ་ལྡུམ་མངར་ཁ་ཞུ་རྗེས་བསིལ་དུ་འདོད།།ནུས་པས་ཁྲག་གཅོད་མཆིན་པའི་ཚ་བ་སེལ།།བྲེ་ག་རོ་ཚ་ཞུ་རྗེས་སྣུམ་ལ་བཅུད།།གློ་དང་མཁལ་མའི་ཚ་བ་སེལ་བར་བྱེད།།ལུག་ངལ་བ་ནི་རོ་ཁ་ཞུ་རྗེས་བསིལ།།དུག་སེལ་ཡན་ལག་ཚ་སྐྲངས་འཇོམས་པར་བྱེད།།སྙ་ལོ་ཅུང་ཟད་ཁ་སྟེ་ཞུ་རྗེས་རྩུབ།།རྒྱུ་ལོང་སྣོད་ཀྱི་ཚ་བ་སེལ་བྱེད་དེ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号