ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དྲུག་པ།སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌྰུརྱའི་མེ་ལོང་ཞེས་བྱ་བ་བཞུགས
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ལྷག་པར་བུ་བཙས་མཁལ་རྐེད་རྒྱུ་གཟེར་འཇོམས།།སྤ་ཡག་རྩ་བ་རོ་ནི་ཅུང་ཟད་ཁ།།ཞུ་རྗེས་བསིལ་ཏེ་གློ་གསོ་གློ་རྣག་འདྲེན།། རྨ་འདྲུབ་ཆུ་སེར་འདྲེན་ཅིང་རྩ་ཆད་མཐུད།།ཁྲག་སྐེམ་རྩ་ཁ་སྡོམ་པའི་མཆོག་ཡིན་ཏེ།།ཕྱི་རོལ་ཉྭ་སྐྲངས་འདུལ་ཞིང་ཚིལ་བུ་གསོ།། བྱེའུ་ལ་ཕུག་རོ་ཚ་ཞུ་རྗེས་དྲོད།།ནུས་པས་ཤ་དུག་ཤ་ནད་སེལ་བར་བྱེད།།ཨུག་ཆོས་དཀར་པོ་རོ་ཁ་ཆུ་སེར་སྐེམ།།ཨུག་ཆོས་དམར་པོ་ཁ་མངར་ཞུ་རྗེས་བསིལ།།ནུས་པས་རྣ་བའི་ནད་སེལ་སྦོས་པ་སྦྱོང༌།། གླང་ཐབས་རླུང་ལོག་རླུང་འཁྱིལ་འབྱིན་པའི་མཆོག།སརྫིཀ་ནི་རོ་ཚ་ཞུ་རྗེས་དྲོད།།ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་ཡིན།།སྲུབ་ཀ་རོ་ཚ་ཞུ་རྗེས་དྲོད་ཡིན་ཏེ།།རུལ་གཅོད་སྐྲན་བཤིག་མེ་གསོ་ཆུ་སེར་འདྲེན།། ལྕེ་ཚ་རོ་ཚ་ཞུ་རྗེས་དྲོ་བ་སྟེ།།ནུས་པས་རྨ་ཡི་རུལ་གཅོད་མེ་དྲོད་བསྐྱེད།།ཆུ་སེར་འདྲེན་ཅིང་གག་པ་གཅོད་པར་བྱེད།།དབྱི་མོང་རོ་ཚ་ཞུ་རྗེས་དྲོ་བ་ཡིན།།ནུས་པས་ལྷེན་དང་སྐྲན་བཤིག་མེ་དྲོད་གསོ།།འདི་གསུམ་སྔོ་ཡི་ཚ་ང་གསུམ་ཞེས་བྱ།།བ་ལུ་རོ་བསྐ་ཞུ་རྗེས་དྲོད་དུ་འདོད།།བད་ཀན་ཚ་གྲང་འཐབ་སེལ་མེ་དྲོད་གསོ།གློ་ནད་གཟེར་འཐབ་དང་ག་འགག་ལ་ཕན།།ཁུང་མང་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།ཁྲག་སེལ་གློ་བུར་དུག་ཐབས་སེལ་བར་བྱེད།།ཝ་ཁུར་དེ་འདྲ་ཁྲག་སེལ་དང་ག་འབྱེད།།གོ་སྙོད་རོ་ཚ་ཞུ་རྗེས་དྲོད་དུ་འདོད།། རླུང་ཚད་དུག་དང་མིག་ལ་མཆོག་ཏུ་ཕན།།ཐ་རམ་རོ་ནི་མངར་བསྐ་ཞུ་རྗེས་བསིལ།།འཁྲུ་གཅོད་འབྲུམ་ནག་མེས་ཚིག་རྨ་རྣམས་འདྲུབ།།ན་རམ་ཁ་མངར་འཁྲུ་བ་གཅོད་པར་བྱེད།།བྱ་རྐང་རོ་ཁ་ཞུ་རྗེས་བསིལ་བའི་མཆོག།ནུས་པས་ཚད་འཁྲུ་གཅོད་ཅིང་ཤིག་ནད་སེལ།།རྨ་ལ་བཏབ་ན་སྐམ་ཞིང་འདྲུབ་ཅེས་བཤད།།དབང་བོ་ལག་པ་རོ་མངར་ཞུ་རྗེས་དྲོ།ལུས་སྟོབས་ཁུ་བ་བསྐྱེད་པའི་མཆོག་ཡིན་ནོ།།རི་ཤོ་རོ་ཁ་ཞུ་རྗེས་བསིལ་བ་ཡིན།།མཁྲིས་པ་ཕོ་ལྷུང་གྱེན་དུ་འདྲེན་པར་བྱེད།།སྤྱང་ཚེར་རོ་མངར་བསྐ་ལ་ཞུ་རྗེས་དྲོད།།བད་ཀན་མ་ཞུ་ལ་སོགས་སྐྱུགས་པར་བྱེད།།དུར་བྱིད་རོ་མངར་ཞུ་རྗེས་དྲོད་དུ་འདོད།།ནུས་པས་རྨ་ཡི་རུལ་གཅོད་ནད་རྣམས་སྦྱོང༌།།ཐར་ནུ་རོ་ནི་ཚ་ཞིང་ཅུང་ཟད་མངར།།ཞུ་རྗེས་བསིལ་ཡིན་གཉན་ནད་རྩ་སྐྲངས་སྦྱོང༌།།སྔོན་བུ་རོ་ནི་མངར་ཞིང་བསྐ་ལ་ཚྭ།ཞུ་རྗེས་བསིལ་ཡིན་ཆུ་སེར་སྦྱོང་བར་བྱེད།།ཁྲོན་བུ་རོ་མངར་ཞུ་རྗེས་བསིལ་དྲོད་སྙོམས།། འདི་ལ་མཁྲིས་ནད་སྦྱོང་བའི་ནུས་པ་ཡོད།།ལྕུམ་རྩ་རོ་སྐྱུར་ཞུ་རྗེས་བསིལ་དྲོད་སྙོམས།།སྦྱོངས་སྨན་ཀུན་གྱི་མཆོག་སྟེ་སྨད་ཀྱི་ནད།།དུག་ཚད་སྣོད་ཚད་བད་ཀན་མ་ལུས་སྦྱོང༌།།ཆུ་རྩྭ་རོ་ནི་ཁ་ལ་བསྐ་དང་བཅས།།ཞུ་རྗེས་བསིལ་ཡིན་རྨ་འདྲུབ་གཉན་ནད་སྦྱོང༌།།རེ་ལྕག་པ་ནི་རོ་ཚ་ཞུ་རྗེས་དྲོད།།རུལ་གཅོད་སྐྲན་བཤིག་འབྲས་འདུལ་གཉན་ནད་སྦྱོང༌།།ལྕ་བ་རོ་ནི་ཚ་ཁ་མངར་བ་སྟེ།།ཞུ་རྗེས་དྲོ་བས་མཁལ་གྲང་ཆུ་སེར་སེལ།།ཉེ་ཤིང་ར་མཉེ་མངར་ཁ་བསྐ་བ་ཡིན།།ཞུ་རྗེས་དྲོ་ཞིང་སྙོམས་ཏེ་ཚེ་བསྲིང་ཞིང༌།།བད་ཀན་མཁལ་མའི་གྲང་བ་ཆུ་སེར་སེལ།།ཨ་ཤོ་གན་དྷ་མངར་ཚ་ཞུ་རྗེས་དྲོད།།ཕོ་ལོང་རྒྱུ་སྨད་དྲོད་བསྐྱེད་ཆུ་སེར་སེལ།།གཟེ་མ་རོ་མངར་ཞུ་རྗེས་དྲོ་ལ་སྙོམས།།གཅིན་སྲི་གྲུམ་བུ་མཁལ་ནད་སེལ་བར་བྱེད།།སྒ་ཏིག་རོ་ཁ་ཞུ་རྗེས་བསིལ་ལ་རྩུབ།།སྐྲན་དང་འོར་དང་དམ་ཆུ་ཆུ་སེར་འདྲེན།།
 
བརྒྱད་པ།སྲོག་ཆགས་སྨན་གྱི་ནུས་པ་བསྟན་པ།
 
སྲོག་ཆགས་སྨན་ནི་མདོར་བསྡུས་བཤད་བྱ་སྟེ།།སྡིག་སྲིན་རོ་ཚ་ཞུ་རྗེས་དྲོད་ཡིན་ཏེ།།ནུས་པས་མཁལ་ནད་ཆུ་འགགས་སེལ་བར་བྱེད།།མི་ཤ་རོ་མངར་ཞུ་རྗེས་ཤིན་ཏུ་སྣུམ།།འབྲས་འདུལ་རླུང་དང་དུག་ནད་གཉན་ནད་འཇོམས།།སྦྲུལ་ཤ་རོ་མངར་ཅུང་ཟད་ཁ་བ་སྟེ།།ཞུ་རྗེས་དྲོད་ཡིན་གཉན་དང་རླུང་ནད་འཇོམས།།འདྲིལ་བཤིག་འགགས་འབྱིན་མིག་ལ་མཆོག་ཏུ་ཕན།།ད་བྱིད་ཤ་ནི་རོ་མངར་ཅུང་ཟད་སྐྱུར།།ཞུ་རྗེས་དྲོད་ཡིན་རོ་ཙ་མཁལ་གྲང་གསོ།།སྦལ་ཤ་ཕལ་བ་རོ་མངར་ཞུ་རྗེས་དྲོད།།ལྐུག་པ་ལྐོག་ནད་ལྕེ་སྐྲངས་རླུང་ནད་འཇོམས།། ཉ་ཤ་རོ་མངར་ཞུ་རྗེས་དྲོ་ལ་ལྕི།།སྐྲན་ནད་བད་ཀན་འབྲས་སེལ་ཟུངས་ལ་ཕན།།མཆིལ་བ་ནས་ཟན་ཤ་ནི་ཅུང་ཟད་མངར།།ཞུ་རྗེས་དྲོད་ཡིན་སྨིན་པས་བྱང་སེམས་འཕེལ།།སྨིག་བུ་དེ་དང་མཚུངས་ཏེ་རོ་ཙར་འགྱུར།།སྲིན་ནད་དུག་ནད་དག་ཀྱང་སེལ་ཞེས་ཐོས།དེ་ལྟར་སྨན་གྱི་རོ་ནུས་ཞུ་བའི་རྗེས།།ཆ་ཙམ་ཡི་གེའི་ལམ་དུ་སྣང་བྱས་པའི།།དགེ་བས་རྒྱུད་བཅས་ནད་ཀྱི་གདུང་སེལ་བ།།སྨན་པ་ཆེ་མཆོག་ཉིད་དུ་བདག་གྱུར་ཅིག།
ཅེས་འདི་གསོ་རིག་གཞུང་ལུགས་ལྟ་བ་ཡི།།མིག་འབྲས་ལྟ་བུར་མཐོང་ནས་བློ་གསལ་བ།།ཀུན་ལ་ཕན་པ་བསྒྲུབ་ཕྱིར་བོད་མཁས་པ།།མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བས་བསྡེབས་པའོ།།དགེའོ།།
                                                      (མཁའ་འགྲོ་སྐྱབས)
 
བསམ་གཞིགས།
༡སྨན་ཀུན་གྱི་རོ་ནུས་ཞུ་རྗེས་ཇི་བཞིན་དུ་ཤེས་པའི་དགོས་པ་ཅི།
༢གཉེན་པོ་སྨན་རྣམས་ལ་རོ་ནུས་ཞུ་རྗེས་གསུམ་མི་འདྲ་བ་སོ་སོར་འབྱུང་བའི་རྒྱུ་མཚན་ཅི།
༣སྨན་གྱི་རོ་དང་ནུས་པ།ཡོན་ཏན།ཞུ་རྗེས་སོགས་ཀྱིས་ནད་དང་ཁམས་ལ་ཕན་གནོད་བྱེད་ཚུལ་ཇི་ལྟར་ཡིན།
༤ག་བུར་གྱི་རོ་ལ་གཞུང་འདིར་ཇི་ལྟར་གསུངས་ཡོད།མི་མཐུན་ས་གང་ཡིན།
༥གཞུང་འདིར་ཞུ་རྗེས་ཀྱི་རོ་ཀུན་བསིལ་དྲོད་སྙོམས་གསུམ་དུ་བསྟན་པ་དེ་ཇི་ལྟར་ཡིན།
༦རོ་དྲུག་པོ་དེ་འབྱུང་བ་གཉིས་གཉིས་ཤས་ཆེ་བ་ལས་བསྐྱེད་ཅེས་པ་དེར་ཇི་ལྟར་གོ་བ་ལེན་དགོས།
༧གཞུང་འདིར་བསྡོམས་སྨན་སྣ་མི་འདྲ་བ་ག་ཚོད་བསྟན་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号