ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བཅུ་པ།རིན་པོ་ཆེའི་རོ་ནུས་ཞུ་རྗེས་བཞུགས་སོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ལེའུ་བཅུ་པ།རིན་པོ་ཆེའི་རོ་ནུས་ཞུ་རྗེས་བཞུགས་སོ། 

གཡུ་ཐོག་ཁྱུང་བོ་རྡོ་རྗེས་མཛད།
 
སངས་རྒྱས་སྨན་གྱི་བླ་དང་འཇམ་པའི་དབྱངས།།སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་དང་ནི།།གསོ་བྱེད་རིག་འཛིན་འགྲོ་མགོན་སྨན་གྱི་རྗེ།།རྣམ་མཁྱེན་སྐྱེས་བུའི་ཚོགས་ལ་ཕྱག་འཚལ་ལོ།།དེ་ནས་ནད་ཀྱི་གཉེན་པོའི་སྨན་ནི་བཤད།།ཤིན་ཏུ་རྒྱ་ཆེར་སྤྲོས་པ་མ་ཡིན་ཏེ།།མདོར་བསྡུས་ཅུང་ཟད་ཁོ་ནར་བདག་གིས་བསྟན།།
 
ས་བཅད་དང་པོ།རྩ་བ་མདོར་བསྟན་པ།
 
འདི་ལ་རྩ་བ་དང་ནི་རྒྱས་བཤད་གཉིས།།རྩ་བ་རོ་དང་རྟེན་དང་དབྱེ་བ་དང༌།།སྡེ་ཚན་དང་ནི་ལས་དང་རྣམ་པ་བཞི།།
 
དང་པོ།རོ་བཤད་པ།
 
རོ་ལ་རོ་ནུས་ཞུ་རྗེས་གསུམ་དུ་འདུས།།ཞུ་རྗེས་མངར་དང་སྐྱུར་དང་ཁ་བ་གསུམ།།ནུས་པ་ཡང་ལྕི་ཚ་བསིལ་འཇམ་དང་རྩུབ།།རྣོ་རྟུལ་རྣམ་བརྒྱད་ཉི་ཟླའི་སྟོབས་ལས་བྱུང༌།།སྦྱར་ཐབས་ཐང་ཕྱེ་རིལ་བུ་ལྡེ་གུ་དང༌།།སྨན་མར་སྨན་ཆང་དག་དང་རྣམ་དྲུག་གོ།
རིན་པོ་ཆེའི་རོ་ནུས་ཞུ་རྗེས་བཞུགས་སོ་ཞེས་པ་འདི་ནི་གཡུ་ཐོག་ཁྱུང་བོ་རྡོ་རྗེས་མཛད་པར་གྲགས་ལ།ཕྱིས་ཀྱི་བསྟན་བཅོས་ཤེལ་ཕྲེང་དང་བསྡུར་ན་ནང་དོན་དང་ཚིག་སྦྱོར་སོགས་གང་ཐད་ནས་ཤིན་ཏུ་བསྡུས་པས་གནའ་རྩོམ་གྱི་གཤིས་ཤར་འདུག།འོན་ཀྱང་ཤེལ་ཕྲེང་སོགས་སུ་མ་གྲགས་པའི་སྨན་མིང་དང་ནང་དོན་ཡང་གང་མང་ཡོད་པས་སློབ་སྦྱོང་དང་ཞིབ་འཇུག་ལ་མཁོ་བའི་ཡིག་ཆ་ལེགས་པོ་ཞིག་ཏུ་མཐོང༌།གཞུང་འདིའི་རྩོམ་པ་པོ་གཡུ་ཐོག་ཁྱུང་བོ་རྡོ་རྗེ་ནི་གསར་རྙིང་གཉིས་ཏེ་རྙིང་མ་ནི་ཡབ་འདྲེ་རྗེ་རྒྱ་གར་བཛ་དང་ཡུམ་བཙན་པོའི་སྲས་མོ་དགའ་སྐྱོང་མ་བྱ་བའི་སྲས་སུ་འཁྲུངས།དད་བརྩོན་དང་ཤེས་རབ་ཆེ་བས་ཆུང་དུས་ནས་མཁས་པའི་གྲགས་པ་ཐོབ།བདུད་རྩི་སྨན་སྒྲུབ་མཛད་པས་ལྷ་རྣམས་ཞལ་མཇལ།ནད་ཀྱི་རྒྱུ་རྐྱེན་རྣམས་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་བཞིན་མཁྱེན།མཁས་པ་འདིས་ནི་འདུས་སྲོང་མང་པོ་རྗེ་རླུང་གནམ་འཕྲུལ་གྱི་རྒྱལ་པོའི་བླ་སྨན་མཛད།རྒྱ་པ་ཆོས་སྒྲོན་ཁབ་ཏུ་བཞེས་པས་སྲས་གཡུ་ཐོག་ཡོན་ཏན་མགོན་པོ་འཁྲུངས།གསར་མ་ནི་སྔར་གྱི་འདྲེ་རྗེ་བཛ་སོགས་རྙིང་མ་རྣམས་སླར་ཡང་བསྟན་འགྲོའི་དོན་དུ་རང་རང་གོང་མའི་མཚན་དང་བཅས་གཙང་གི་སྒོ་བཞི་རེ་ཐང་དུ་བྱོན།ཇོ་མོ་པདྨ་འོད་ལྡན་ཞེས་བྱ་བ་མཁའ་འགྲོའི་མཚན་ལྡན་པ་དེ་ཁབ་ཏུ་བཞེས་པར་སྲས་གསར་མ་ཡོན་ཏན་མགོན་པོ་འཁྲུངས་ཞེས་དེའུ་དམར་བས་གསུངས།གཞུང་འདི་ནི་མཇུག་བྱང་བརྟག་ན་ཁྱུང་བོ་རྡོ་རྗེ་གསར་མའི་ཡིན་པ་འདྲ་སྟེ་དཔྱད་པར་བྱའོ།།
 རྣམ་པ་བཞ་གསུངས་ཀྱང་ར་དང་རྟན།དབྱ་བ།སྡ་ཆན།ལས་བཅས་ལྔ་འདུག
 
གཉིས་པ།རྟེན་བཤད་པ།
 
རྟེན་ནི་ས་ཆུ་མེ་རླུང་རྣམ་པ་ལྔ།།ས་ཡིས་རྟེན་བྱེད་ལྕི་དང་རྟུལ་བ་འབྱུང༌།།ཆུ་ཡིས་བརླམ་སྡུད་བསིལ་ལ་འཇམ་པ་འབྱུང༌།།མེ་ཡིས་སྨིན་བྱེད་ཚ་ཞིང་རྣོ་བ་འབྱུང༌།།རླུང་གིས་སྐྱེད་བྱེད་ཡང་ལ་རྩུབ་པ་འབྱུང༌།།ནམ་མཁས་གོ་བྱེད་ཤས་ཆེར་རོ་དྲུག་བསྐྱེད།།
 
གསུམ་པ།དབྱེ་བ་བཤད་པ།
 
དབྱེ་བ་མངར་སྐྱུར་ལན་ཚྭ་ཁ་ཚྭ་བསྐ།།མངར་བ་ས་ཆུ་སྐྱུར་བ་མེ་སས་བསྐྱེད།།མེ་ཆུས་ལན་ཚྭ་ཆུ་རླུང་སྟོབས་ཆེ་ཁ།།ཚ་བ་མེ་རླུང་ས་རླུང་སྟོབས་འཕེལ་བསྐ།།མངར་བ་ཁར་ཆགས་ཞིམ་ཞིང་དབང་བོ་དྭངས།།སྐྱུར་བ་སོབ་རྩེ་ཆུ་འཛག་མིག་འཛུམ་བྱེད།།ལན་ཚྭས་ལྕེ་ཚྭ་ཁ་རུ་མཆིལ་མ་འདུ།།ཁ་བ་སྐྱུར་བྲོ་ཁ་ཡི་དྲི་མ་སྦྱང༌།།ཚ་བ་ཁ་ལྕེ་སྲེག་ཅིང་མིག་ཆུ་འཛག།བསྐ་བ་ལྕེ་རྐན་ལ་ཆགས་རྩུབ་སྙམ་བྱེད།།
 
བཞི་པ།སྡེ་ཚན་བཤད་པ།
 
དང་པོ་མངར་བའི་སྨན་གྱི་སྡེ་ཚན་ནི།།ཤིང་མངར་རྒུན་འབྲུམ་ར་མཉེ་ཉེའུ་ཤིང༌།།ལྕ་བ་ཀ་ར་སྦྲང་དང་བུ་རམ་གྲོ་སྲན་ཤ་མར་རོ།སྐྱུར་བ་སྟར་བུ་སེ་འབྲུ་སྐྱུ་རུ་ར།རྒྱ་ཤུག་ཞོ་དར་ཆང་དང་སྐྱུར་རྩབས་སོ།ལན་ཚྭ་རྒྱ་ཚྭ་རྒྱམ་ཚྭ་ལྕེ་མྱང་ཚྭ།།རྭ་ཚྭ་ཤིང་ཚྭ་ཐལ་ཚྭ་ཁ་རུ་ཚྭ།མཛེ་ཚྭ་ཟེ་ཚྭ་ལྦ་ཚྭ་རྩབས་སུ་ཚྭ།།ཚ་ལ་བུལ་ཏོག་ཡ་བཀྴ་རའོ།།ཁ་བ་ཏིག་ཏ་བོང་ང་དཀར་དམར་དང༌།།ཧོང་ལེན་གསེར་གྱི་ཏོག་བ་ཤ་ཀ།གླ་རྩི་མཁྲིས་པ་བྲག་ཞུན་ལ་སོགས་ཡིན།།ཚ་བ་སྒ་དང་པི་པི་ལིང་དང་ནི།།ཕོ་བ་རིས་དང་བཙོང་དང་སྒོག་སྐྱའོ།བསྐ་བ་ཨ་རུ་ར་དང་བ་རུ་མ།འོམ་བུ་ལ་སོགས་དེ་བཞིན་ཤེས་པར་བྱའོ།
 
ལྔ་པ།ལས་བཤད་པ།
 
རོ་དྲུག་ནད་གང་སེལ་བའི་ལས་བསྟན་པ།།མངར་བའི་རོ་ཡིས་རླུང་དང་མཁྲིས་པ་སེལ།།ཉ་སྦྲང་མ་གཏོགས་ཕལ་ཆེར་བད་ཀན་བསྐྱེད།།སྐྱུར་བས་བད་ཀན་སེལ་བྱེད་གཞན་མི་བསྐྱེད།།ཚ་བ་ལན་ཚྭ་བད་རླུང་སེལ་བྱེད་དོ།།སྒོག་སྐྱ་དང་ནི་རྒྱམ་ཚྭ་པི་པི་ལིང༌།།གསུམ་པོ་མ་གཏོགས་ཕལ་ཆེར་མཁྲིས་པ་བསྐྱེད།།ལན་ཚྭ་ཧ་ཅང་བསྟེན་དྲགས་བད་ཀན་བསྐྱེད།།དེ་བཞིན་ཚ་བ་བསྟེན་དྲགས་རླུང་ལ་གནོད།།ཁ་བས་མཁྲིས་པ་ཁོ་ན་སེལ་བྱེད་ལ།།བད་རླུང་གཉིས་ནི་མཆོག་ཏུ་བསྐྱེད་པར་བྱེད།།བསྐ་བས་མཁྲིས་སེལ་བད་རླུང་ལ་མི་གནོད།།ཞུ་རྗེས་མངར་དང་ལན་ཚྭའི་ཞུ་རྗེས་མངར།།སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་ཁའོ།།ནུས་པ་འཇམ་ལ་ལྕི་བས་རླུང་ནད་སེལ།།བསིལ་བ་རྟུལ་བས་མཁྲིས་པ་སེལ་བར་བྱེད།།དེ་དག་བཞི་ཡིས་བད་ཀན་བསྐྱེད་པར་བྱེད།།ཡང་རྩུབ་ཚ་རྣོས་བད་ཀན་སེལ་བར་བྱེད།།དང་པོས་རླུང་བསྐྱེད་འོག་མས་མཁྲིས་པ་བསྐྱེད།།ལ་ལ་རོ་ཡིས་ལ་ལ་ནུས་པ་ཡིས།།ལ་ལ་ཞུ་རྗེས་དུས་སུ་ལས་བྱེད་པས།།རོ་སྡེབས་ནུས་སྡེབས་ཞུ་རྗེས་སྡེབས་ལ་སྦྱར།།རོ་ནུས་མཐུན་ན་རོ་ཡི་ལས་བྱེད་དེ།།ཞུ་རྗེས་ལ་སོགས་མ་བཅོས་སྟོབས་ལྡན་ཡིན།།དེ་མི་མཐུན་ན་རོ་ནུས་གོ་ཟློག་ལ།།མངོན་ཤེས་དྲང་སྲོང་རྗེས་སུ་ཞུགས་སྡེབས་ཏེ།།ཚ་སེལ་གྲང་སེལ་ཀུན་ལ་ཤེས་པར་བྱ།།
 
ས་བཅད་གཉིས་པ།རྒྱས་པར་བཤད་པ།
 
རྒྱས་བཤད་སྤྱི་མཐུན་བསོད་ནམས་ལས་གྲུབ་པའི།།ཚངས་པའི་སྨན་སྦྱོར་སྟོང་དང་རྩ་གཉིས་ལས།།སྐོལ་སྡེ་ཡོངས་གྲགས་ནུས་པ་ཁྱད་འཕགས་རྣམས།།རིན་ཆེན་རྡོ་རྩི་སྔོ་ཤིང་ནུས་པ་བསྟན།།
 
དང་པོ།རིན་པོ་ཆེ།
 
རིན་ཆེན(སོ་ན།རིན་ཆེན་བཙོ་མ།)གསེར་གྱིས་ཚེ་རིང་རྒས་སྲ་དང༌།།དབྱིག་དུག་སེལ་ཅིང་རོ་བསྐ་ཞུ་རྗེས་བསིལ།།
མུ་ཏིག་(ཉ་ཕྱིས་ཤུན་པ།ཀླད་འཛིན།ཀང་སྡོགཉའི་རྣ་བ་ཟེར་མོ)རོ་བསྐ་ཞུ་རྗེས་བསིལ་ཡིན་ནོ།ནུས་པས་ཀླད་པ་འཛག་གཅོད་དུག་ཚད་འཇོམས།།
བྱུ་རུས་(བར་ན་ཀ་ར་ཟེར)མཆིན་ནད་དུག་ཚད་སེལ་བྱེད་ཅིང༌།།རོ་བསྐ་ཞུ་རྗེས་བསིལ་དྲོདསྙོམས་པ་ཡིན།།
དངུལ་ཆུ་(རུས་པ་འབིགས་བྱེད།བཅུད་རྒྱལ།ནམ་མཁའི་མདོག་ཅན།ཀུན་རྒྱུག་ཟེར་རོ)རོ་བསྐ་ཞུ་རྗེས་ཤིན་ཏུ་བསིལ།།མགོ་དང་བྱང་ཁོག་ཡན་ལག་རྣག་ཆུ་སྐེམ།།འབྲས་དང་ཚ་གྲང་ནད་སེལ་དུག་རྣམས་འཇོམས།།
གཡུ་(སྔོ་ལྗང༌།དྲུག་དཀར།མཐིང་རིས་ཟེར།)ནི་རོ་བསྐ་ཞུ་རྗེས་བསིལ་བར་བྱེད།མཆིན་ཚད་དུག་ཚད་མཆིན་རྒྱས་ནད་རྣམས་སེལ།།
ལྕགས(ཨ་ཡུ་ཛ་ར།རྣོན་པོ།གཅོད་བྱེད།)ནི་རོ་སྐྱུར་ཞུ་རྗེས་བསིལ་བ་ཡིན།།མཆིན་ནད་དུག་ནད་སེལ་ཅིང་མིག་ལ་ཕན།།
དུང་ནི་(བུ་ཤ་ནི།འཁྱིལ་བྱེད།དཀར་བྱིན།རྩ་ལ་པོ་ཆེ་ཟེར)རོ་བསྐ་ཞུ་རྗེས་བསིལ་དུ་དྲོད།རུས་ཚད་འབྲས་དང་ཆུ་སེར་སྐེམ་པར་བྱེད།།མཛེ་དང་ལྷོག་པ་སྐྲངས་འབུར་འཇོམས་པའི་མཆོག།
ཟངས་(མི་རི་ཧ།རིན་ཆེན་དམར་ལྡན།དབང་ཕྱུག་དམར་མདོག་ཟེར)ནི་རོ་མངར་ཞུ་རྗེས་བསིལ་ཡིན་ཏེ།།གློ་རྣག་སྐེམས་ཤིང་ཚ་ཆུ་སྐེམ་པར་འདོད།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号