ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བཅུ་པ།རིན་པོ་ཆེའི་རོ་ནུས་ཞུ་རྗེས་བཞུགས་སོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
 
བདུན་པ།སྔོ་སྨན་མདོར་བསྡུས།
 
སྔོ་སྨན་མདོར་བསྡུས་ལྷ་ཡི་དཔལ་ལ་བསྟན།སྤང་རྩི་དོ་བོ་རོ་ཁ་ཞུ་རྗེས་བསིལ།།ནུས་པས་དུག་ཚད་སེལ་ཞིང་ཚད་འཁྲུ་གཅོད།།རེ་ཀོན་(ཕུན་རོན་རྐང༌།རྩི་དམར་རྐང་གཅིག་ཟེར་རོ།)རོ་ཁ་ཞུ་རྗེས་བསིལ་བ་ཡིན།།ཚད་འཁྲུ་གཅོད་ཅིང་བད་ཀན་སྨུག་པོ་སེལ།།ཤ་ལང་(ཀྱི་ལྕེ་བ་ལ་ཟེར།)རོ་ཁ་ཞུ་རྗེས་བསིལ་བར་འདོད།།མཁྲིས་ཚད་རྣག་ཁྲག་སྐྲངས་པ་མཛེ་ནད་འཇོམས།།སྲོ་ལོ་རོ་མངར་ཞུ་རྗེས་བསིལ་བར་འདོད།།ནུས་པས་གློ་ཡེ་ནད་རིགས་ཀུན་ལ་ཕན།། གཡའ་ཀྱི་མ་ནི་རོ་ཁ་ཞུ་རྗེས་བསིལ།།མཁྲིས་པ་ཞི་སྦྱོང་བྱེད་ཅིང་ཚད་པ་འཇོམས།།སུམ་ཅུ་ཏིག་ནི་རོ་ཁ་ཞུ་རྗེས་བསིལ།།མཁྲིས་ཚད་སེལ་ཅིང་ཁྲག་ནད་མགོ་གཟེར་གཅོག།བོད་ཏིག་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།མཁྲིས་ཚད་རིམས་ཚད་ཚ་སྐྲངས་ཁྲག་ལ་བསྔགས།། སྒོང་ཐོག་(སེར་པོ།ཁྲག་རྐང་སྐྲ་བཟང་(པར་པ་ལ་ཟེར།)རོ་ནི་ཁ།།ཞུ་རྗེས་བསིལ་ལ་རིམས་དང་འཁྲུགས་ཚད་སེལ།།དེ་བ་(ཤིང་ཤོལ་བུའི་སྐོགས་ས)རོ་ཁ་ཞུ་རྗེས་བསིལ་བ་ཡིན།།ནུས་པས་རིམས་ནད་ཀུན་ལ་མཆོག་ཏུ་ཕན།།མདེལ་འབྱིན་རོ་ཁ་བསྐོ་ཞུ་རྗེས་བསིལ།། ནུས་པས་བུ་ཚ་བ་རོགས་ཟུག་རྔུ་འབྱིན།།སུག་པ་རོ་མངར་ཞུ་རྗེས་བསིལ་བ་ཡིན།།ནུས་པས་གློ་བའི་རིམས་ནད་ཀུ་ལ་ཕན།།པྲི་ཡང་ཀུ་ཡི་རོ་ནི་མངར་ལ་ཁ།།ཞུ་རྗེས་བསིལ་ཡིན་མཆིན་ནད་གློ་ནད་སེལ།། སྔོ་བྱེར་རོ་ཁ་ཞུ་རྗེས་བསིལ་བར་བྱེད།།ནུས་པས་རུས་པ་གསོ་ཞིང་རྨ་ལ་ཕན།།བྱི་ཚེར་རོ་ནི་ཁ་ལ་ཅུང་ཟད་བསྐ།།ཞུ་རྗེས་བསིལ་ལ་རིམས་དང་མཁལ་ཚད་སེལ།།ཤུག་ཚེར་རོ་ནི་ཁ་ལ་ཞུ་རྗེས་བསིལ།། མཁལ་ཚད་ཆུ་སེར་གཉན་ནད་ཀུན་ལ་ཕན།།དར་ཡ་ཀན་ནི་རོ་ཁ་ཞུ་རྗེས་བསིལ།།ནུས་པས་རུས་ཆག་གསོ་ཞིང་རྨ་རྣམས་གསོ།ཚད་འཁྲུ་གཅོད་ཅིང་ཡན་ལག་ཆུ་འཐུང་འགྱུར།བྱང་ཁོག་རྣག་སྐེམས་ཚ་སྐྲངས་འཇོམས་པའི་མཆོག།བྱ་རྐང་(ལོ་བཙན་ཟེར)རོ་ཁ་ཞུ་རྗེས་བསིལ་བ་ཡིན།།ནུས་པས་ཚད་འཁྲུ་གཅོད་ཅིང་ཤིག་ནད་སེལ།། གང་གཱ་ཆུང་ནི་རོ་ཁ་ཞུ་རྗེས་བསིལ།།ནུས་པས་རྨ་དང་འཁྲུ་བ་སྐྲངས་པ་འཇོམས།།ཨ་བྱག་རོ་ནི་ཁ་ལ་བསྐ་ཞིང་བསིལ།།ནུས་པས་རུས་ཆག་སྦྱོར་ཞིང་ཤའུ་བསྐྱེད།།སྟག་ཤ་རོ་ཁ་ཞུ་རྗེས་བསིལ་བ་ཡིན།།ནུས་པས་དུག་ཚད་གཉན་དང་རྨ་ནད་སེལ།།ཚད་འཁྲུ་གཅོད་ཅིང་རུས་ཆག་སྦྱོར་བ་ཡིན།།མིང་ཅན་རོ་ཁ་བསྐ་ལ་ཞུ་རྗེས་བསིལ།། ནུས་པས་གཉན་ནད་སེལ་ཞིང་དུག་ཚད་འཇོམས།།དུག་པུཥ་རོ་མངར་ཞུ་རྗེས་བསིལ་བ་ཡིན།།ནུས་པས་གཉན་གསོད་གཉན་གཟེར་འཇོམས་པར་བྱེད།།བ་ལུ་རོ་བསྐ་ཞུ་རྗེས་དྲོད་ཡིན་ཏེ།།ནུས་པས་བད་ཀན་སེལ་ཅིང་མེ་དྲོད་གསོ།།དབྱི་མོང་རོ་ཚ་ཞུ་རྗེས་དྲོ་བ་ཡིན།།ནུས་པས་སྐྲན་བཤིག་མེ་དྲོད་གསོ་བར་བྱེད།།སྲུབ་ཀ་རོ་ཚ་ཞུ་རྗེས་དྲོད་ཡིན་ཏེ།།ནུས་པས་རུལ་གཅོད་སྐྲན་བཤིག་མེ་དྲོད་བསྐྱེད།། ལྕེ་ཚ་རོ་ཚ་ཞུ་རྗེས་དྲོ་བ་ལ།།ནུས་པས་རྨ་ཡི་རུལ་ཅོད་མེ་དྲོད་བསྐྱེད།།ཆུ་སེར་འདྲེན་ཞིང་གག་པ་གཅོད་པར་བྱེད།།པ་ཡག་པ་ཡི་རོ་ནི་ཁ་ལ་བསིལ།།ནུས་པས་རྨ་ལ་ཕན་ཞིང་གློ་རྣག་འདྲེན།རྩི་སྟག་མོ་ནི་རོ་སྐྱུར་པ་སྲུང་ཞིང་བཤལ་སྣ་འདྲེན།།ཆུ་རྩའི་རོ་ནི་ཁ་ལ་བསྐ་དང་བཅས།།ཞུ་རྗེས་བསིལ་ཡིན་རྨ་འདྲུབ་གཉན་ནད་སྦྱོང༌།།ཐར་ནུ་རོ་ནི་ཁ་ཞིང་ཅུང་ཟད་མངར།།ཞུ་རྗེས་བསིལ་ཡིན་གཉན་ནད་ཚ་གྲང་སྦྱོང༌།།ལྤགས་ནད་ཆུ་སེར་ཕྱི་རུ་འདྲེན་པར་བྱེད།།དུར་བྱིད་རོ་མངར་ཞུ་རྗེས་དྲོད་དུ་འདོད།།ནུས་པས་རྨ་ཡི་རུལ་གཅོད་(ཚ་གྲང་ནད་ཀུན་)ནད་རྣམས་སྦྱོང༌།།ཁྲོན་བུ་རོ་མངར་ཞུ་རྗེས་བསིལ་དྲོད་སྙོམས།།འདི་ལ་མཁྲིས་པ་སྦྱོང་བའི་ནུས་པ་ཡོད།།སྔོན་བུའི་རོ་ནི་མངར་ཞིང་བསྐ་ལ་ཚ།།ཞུ་རྗེས་བསིལ་ཡིན་ཆུ་སེར་སྦྱོང་བར་བྱེད།།རེ་ལྕག་པ་ནི་རོ་ཚ་ཞུ་རྗེས་དྲོད།།ནུས་པས་འབྲས་འདུལ་རུལ་གཅོད་གཉན་ནད་སྦྱོང༌།།སྤྱང་ཚེར་རོ་མངར་བསྐ་ལ་ཞུ་རྗེས་དྲོད།།བད་ཀན་མ་ཞུ་ལ་སོགས་སྐྱུག་པར་བྱེད།།རི་ཤོ་རོ་བསྐ་ཞུ་རྗེས་བསིལ་བ་ཡིན།།མཁྲིས་པ་ཕོ་རླུང་གྱེན་དུ་འདྲེན་པར་བྱེད།།ཐང་ཕྲོམ་པ་(ལང་ཐང་རྩེལ་ཟེར)ཡི་རོ་ནི་བསྐ་ཞིང་ཚ།།ཞུ་རྗེས་བསིལ་ཡིན་སྲིན་ནད་ཀུན་ལ་ཕན།།ཁ་ཤོག་པ་(དཀར་པོ་ཆིག་ཐུབ་ལ་ཟེར)ཡི་རོ་ནི་བསྐ་ཞིང་ཚྭ།ཞུ་རྗེས་བསིལ་ཡིན་སྲིན་ནད་སེལ་བ་དང༌།།དུག་སྡུད་གག་ལྷོག་ཕོ་ལྷོག་འཇོམས་པར་བྱེད།།ཡུ་གུ་ཤིང(རྣམ་པར་ཟེར)ནི་རོ་ཁ་ཞུ་རྗེས་བསིལ།།ནུས་པས་དུག་ཚད་ཁྲག་ཚད་རྨ་ནད་སེལ།། བྱེའུ་ལ་ཕུག་རོ་ཚ་ཞུ་རྗེས་དྲོད།།ནུས་པས་ཤ་དུག་ཤ་ནད་སེལ་བར་བྱེད།།བྲག་སྐྱ་ཧ་བོ་རོ་ཁ་བསྐ་དང་ལྡན།།ཞུ་རྗེས་བསིལ་ཡིན་དུག་ཚད་ཚ་འཁྲུ་སེལ།།རེ་རལ་རོ་ཁ་ཞུ་རྗེས་བསིལ་བ་ཡིན།།ཤ་དུག་སྔོ་ལ་སྦྱར་བའི་དུག་ནད་འཇོམས།།སྐྱེར་བ་རོ་ཁ་ཞུ་རྗེས་བསིལ་བར་བྱེད།།ནུས་པས་དུག་བྱེར་སྡུད་ཅིང་མིག་ལ་ཕན།།ཨ་ཝ་རོ་བསྐ་ཞུ་རྗེས་བསིལ་བ་ཡིན།།མིག་ནད་དུག་དང་བྱང་ཁོག་རྣག་ཆུ་སྐེམ།། འོམ་བུ་རོ་བསྐ་ཞུ་རྗེས་བསིལ་ཞིང་སྙོམས།།ནུས་པས་དུག་སྡུད་ཤ་དུག་ཤ་ནད་འཇོམས།།སྲད་མ་དཀར་པོའི་རོ་ནི་བསྐ་ཞིང་མངར།། ནུས་པས་སྔོ་སྦྱོར་དུག་རྣམས་འཇོམས་པར་བྱེད།།ཉི་དགའ་རོ་མངར་བསྐ་ལ་ཞུ་རྗེས་དྲོད།།མཁལ་ནད་ཆུ་འགགས་རྩ་ནད་སྐྲངས་པ་སེལ།།
 
བརྒྱད་པ།མཇུག་དོན།
 
རིན་ཆེན་རྡོ་སོགས་སྨན་དུ་མི་འགྱུར་བ།།ནད་དག་སྦྱར་ན་གང་ཡང་མེད་པར་འཁུམས།།ཕ་གོལ་གྱིས་མཛད་ཡན་ལག་བརྒྱད་པ་དང༌།།(གནས་དྲུག་ལེའུ་བརྒྱ་དང་ཉི་ཤུ།) འཇམ་དཔལ་དབྱངས་ཀྱིས་གསུངས་པའི་བསྟན་བཅོས་དང་(མདོ་ལྔ་དཔྱད་ལྔ་བཅུ་ལ་སོགས་པ།) ཀླུ་སྒྲུབ་སྙིང་པོས་མཛད་པའི་གསོ་དཔྱད་དང༌།(འཚོ་བ་ཟས་ཀྱི་མདོ།ཕན་པ་སྨན་གྱི་མགོགཏར་སྲེག་དཔྱད་ཀྱི་མདོ།རེག་པ་རྩའི་མདོ།སྨན་དཔྱད་བཟོ་ཡི་མདོ་ལྔའོ།།)གསོ་དཔྱད་ཀུན་ལ་གཅེས་པའི་དོན་བསྡུས་པའི།།(གསོ་དཔྱད་གཞུང་བཅུ་ལ།བདུད་རྩི་སྙིང་པོ།བདུད་རྩི་བུམ་པ།བསྡུས་པའི་སྦྱོར་བ།སྦྱོར་བ་མར་གསར།ས་ལུ་ལྗོན་པ།བདུད་རྩི་ཀུ་མུ་ཏ།འགྲམ་པ་ཏིའི་བསྟན་བཅོས།སོ་མ་ར་ཛ།རིན་པོ་ཆེའི་ཕྲེང་བ།རིན་པོ་ཆེད་བྱིག་དང་བཅུའོ།)རྒྱུད་ཆེན་(རྩ་རྒྱུད།བཤད་རྒྱུད།མན་ངག་རྒྱུད།ཕྱི་མ་རྒྱུད་དོ།།)རྒྱུད་ཆུང་(རྩ་རྒྱུད་རིན་ཆེན་གསལ་བ།བདུད་རྩི་སྙིང་པོ་(ལེའུ་བརྒྱ་ང་གཅིག་སློབ་དཔོན་ཟླ་བ་མངོན་དགས་མཛད་དོ།།)དང༌།གཞན་ཡང་མཁས་པའི་(ཆེར་རྗེ་དཔལ་དབང།མི་ཉག གཡུ་ཐོག་མགོན་པོ་གསུམ་གྱི་)མན་ངག་དོན་བསྡུས་ཏེ།ལྷ་ཡི་(ཡུལ་ལྷ་སྡེ་)ཁང་པ་ལྷ་ཡི་དཔལ་(རྩོམ་པ་པོ)གྱིས་གསུངས།(ཞུ་བ་པོ།བུ་ཚ།སློབ་མ་ལ་སོགས་པའོ།)བཟང་པོས་སེམས་ཅན་དོན་དུ་གསོལ་བཏབ་སྡེབས།།གང་ཞིག་ཆགས་སྡང་སྤྲིན་གྱིས་སྒྲིབ་པ་ཀུན།།མཁས་པའི་མཆོག་གྱུར་རྣམས་ལ་བཟོད་པར་གསོལ།།རིན་ཆེན་རྡོ་རྩི་ཤིང་སྔོ་མདོར་བསྡུས་པའི།།རོ་ནུས་ཞུ་རྗེས་སྡེབས་པའི་དགེ་བ་གང།། གནས་སྐབས་ནད་སེལ་མཐར་ཐུག་བྱང་ཆུབ་བསྔོ།རྫོགས་སོ།མངྒ་ལཾ།
(མཁའ་འགྲོ་སྐྱབས)
 
བསམ་གཞིགས།
༡ལེའུ་འདི་དང་རྒྱུད་བཞིར་བསྟན་པའི་ནུས་པ་བརྒྱད་མི་འདྲ་བའི་རྒྱུ་མཚན་ཅི།
༢སྨན་གྱི་ནུས་པ་བགྱོད་པོ་ཉི་ཟླའི་སྟོབས་ལས་བྱུང་ཞེས་པ་དེར་གོ་བ་ཇི་ལྟར་ལེན་དགོས།
༣འདིར་འབྱུང་བ་ས་སོགས་ཀྱི་ངོ་བོའི་ནུས་པ་གཉིས་གཉིས་ལས་མ་བསྟན་པའི་རྒྱུ་མཚན་ཅི།
༤སྐྱུར་བས་བད་ཀན་སེལ་བྱེད་གཞན་མི་བསྐྱེད་ཅེས་པ་དེ་ལ་གཞུང་གཞན་དང་མི་འདྲ་བའི་ཁྱད་པར་གང་འདུག
༥ལན་ཚ་ཧ་ཅང་བསྟེན་དྲགས་ན་བད་ཀན་བསྐྱེད་པ་དང༌།ཚ་བ་བསྟེན་དྲགས་ན་རླུང་ལ་གནོད་པའི་རྒྱུ་མཚན་ཅི།
༦གཉེན་པོ་སྨན་གཅིག་གི་རོའི་ནུས་པ་དང༌།ནུས་པའི་ནུས་པ།ཞུ་རྗེས་ཀྱི་ནུས་པ་གསུམ་གྱི་འབྲེལ་བ་ཇི་ལྟར་ཡིན།
༧སྨན་ལ་ལ་རོ་ཡིས་ལས་བྱེད་པ་དང༌།ལ་ལ་ནུས་པ།ལ་ལ་ཞུ་རྗེས་ཀྱི་དུས་སུ་ལས་བྱེད་ཅེས་པ་དེར་གོ་བ་ཇི་ལྟར་ལེན་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号