ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བཅུ་པ།རིན་པོ་ཆེའི་རོ་ནུས་ཞུ་རྗེས་བཞུགས་སོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
 
གཉིས་པ།རྡོ་སྨན་མདོར་བསྡུས།
 
རྡོ་སྨན་མདོར་བསྡུས་བསྟན་པར་བྱ་བ་ནི།སྦལ་རྒྱབ་སྨུག་པོ་(ཏྲི་དུག་ཚེར།ག་བུར་དྲི་ལྡན་ཟེར)རོ་བསྐ་ཞུ་རྗེས་བསིལ།ཆུ་སེར་འདྲེན་སྐེམ་རུས་ཆག་ཀླད་པ་སྡོམ།།སྦལ་རྒྱབ་དཀར་པོ་རོ་མངར་ཞུ་རྗེས་བསིལ།།དཀར་པོ་ཆིག་ཐུབ་རོ་ཁ་ཞུ་རྗེས་བསིལ།།འདི་གཉིས་བད་ཀན་སེལ་ཞིང་རུས་ཆག་གསོ།།སྨུག་པོ་ཆིག་ཐུབ་སྨུག་པོ་སྦལ་རྒྱབ་གཉིས།།གངས་ཐིགས་རོ་བསྐ་ཞུ་རྗེས་བསིལ་དུ་འདོད།།རུས་ཆག་གསོ་ཞིང་མཆིན་ཚད་གསོ་བར་བྱེད།།ཅོང་ཞི་རོ་མངར་ཞུ་རྗེས་ཅུང་ཟད་དྲོད།།རུས་ཆག་གསོ་ཞིང་མཁལ་ནད་གྲང་བ་གསོ།།རོ་ཙ་རྒྱས་ཤིང་ཤ་མདངས་འཕེལ་བར་བྱེད།།རྡོ་མཁྲིས་རོ་ཁུ་ཞུ་རྗེས་བསིལ་བ་སྟེ།།རྨ་འདྲུབ་ཤའུ་བསྐྱེད་ཅིང་ཆུ་སེར་འདྲེན།།ཁབ་ལེན་རོ་བསྐ་ཞུ་རྗེས་བསིལ་ལ་སྙོམས།།ནུས་པས་རུས་ཆག་གསོ་དང་ལྕགས་གཡའ་འགོག།བེ་སྣབས་རོ་བསྐ་ཞུ་རྗེས་བསིལ་བ་ཡིན།།ནུས་པས་རྨ་རྣམས་འདྲུབ་ཅིང་རྨ་རྣམས་གསོ།།མཚལ་(ད་ཆུ་ཟེར)ནི་རོ་བསྐ་ཞུ་རྗེས་ཅུང་ཟད་བསིལ།།ལྷ་བ་འཛིན་ཅིང་ཆུ་སེར་འདྲེན་རྨ་འདྲུབ།། མཆིན་ཚད་སེལ་ཞིང་རྩ་ནད་སེར་སྦྱོངས།།གསེར་རྡོ་རོ་བསྐ་ཞུ་རྗེས་བསིལ་དྲོད་སྙོམས།།ནུས་པས་རུས་ཆག་གསོ་ཞིང་མིག་ལ་ཕན།།སྟང་ཟིལ་རོ་བསྐ་ཞུ་རྗེས་བསིལ་བའི་མཆོག།ཁྲག་དང་སྐྱུག་པ་གཅོད་ཅིང་མགོ་ཆག་གསོ།མདུང་རྩེ(ལིག་བུ་མིག གསལ་བྱེད་རྡོ།རྡོ་ཁབ་ལེན་ཟེར་རོ།)རོ་བསྐ་ཞུ་རྗེས་བསིལ་ལ་སྙོམས།།རྨ་ཁ་འདྲུབ་ཅིང་ཁྱད་པར་མིག་ལ་ཕན།།ཧ་ཤིག(རྡོ་ཐོད་ལེ་ཀོར།རྩིས་ས་རིས་རྡོ་ཡང་ཟེར།)རོ་མངར་ཞུ་རྗེས་བསིལ་བ་ཡིན།།མིག་རིམས་སེལ་ཞིང་རྩ་ནད་སྦྱོང་བར་བྱེད།།བྲག་ཞུན་(ཤི་ལ་ཛ་ཏུ།རྡོ་བཅུད།བྲག་ཁུ་ཟེར།)རོ་བསྐ་ཞུ་རྗེས་བསིལ་བ་སྟེ།ནུས་པས་མཆིན་དུག་གཉན་ཚད་འཁྲུ་བ་སེལ།།མུ་ཟི་(ས་བཅུད།པ་ཏྲ་ཧྲི་ལ།ཆུ་མེ་འབར་བའི་གསིལ་ཟེར།)རོ་ཁ་ཞུ་རྗེས་བསིལ་བར་འདོད།།ཆུ་སེར་སྐེམ་ཞིང་རྔོ་ཡི་ནད་ཀུན་སེལ།། 
གསུམ་པ།རྩི་སྨན་ཤིང་སྨན་མདོར་བསྡུས།
 
རྩི་ཤིང་སྨན་ནི་རྒྱ་ཆེར་མ་ཡིན་པའི།།མདོར་བསྡུས་ཉེར་མཁོ་ཅུང་ཟད་བཤད་པར་བྱ།།ག་བུར་(ཧི་མ།)རོ་ནི་བསྐ་ཞིང་ཚ་ཁ་ལ།།ཞུ་རྗེས་ཤིན་ཏུ་བསིལ་བའི་མཆོག་ཏུ་བཤད།།ནུས་པས་ཚད་པ་ཐམས་ཅད་སེལ་བར་བྱེད།།གྷི་ཝང་(སིང་གྷ་ལ།གླང་ཆེན་རྩི།)རོ་ནི་བསྐ་ལ་ཁ་བར་འདོད།།ཞུ་རྗེས་བསིལ་ལ་དུག་དང་ཚད་པ་སེལ།། ཙན་དན་དཀར་པོ་རོ་ཁ་ཞུ་རྗེས་བསིལ།།འཁྲུགས་དང་དུག་ཚད་གློ་ཚད་ཚ་སྐྲངས་འཇོམས།།གུར་ཀུམ་(ཀུང་ཀུ་མ་)རོ་མངར་ཁ་དང་ཞུ་རྗེས་བསིལ།།མཁལ་ཚད་མཆིན་ཚད་ཕོ་བའི་ཚད་པ་དང༌།།སྟོད་འཁྲུགས་སེལ་ཞིང་སྨད་འཁྲུགས་རྩ་ཁ་སྡོམ།།ཅུ་གང་རོ་ནི་བསྐ་ལ་མངར་བར་འདོད།།ཞུ་རྗེས་བསིལ་འཇམ་ནུས་པས་གློ་ནད་སེལ།།ཛཱ་ཏི་(ལི་ཤི་བེར་ཟེར)རོ་བསྐ་ཞུ་རྗེས་དྲོ་ལ་སྙོམས།།ནུས་པ་ལྕི་སྣུམ་རླུང་ནད་སྙིང་ནད་འཇོམས།།ཀ་ཀོ་ལ་(ཨེ་ལ།)ནི་རོ་ཚ་ཞུ་རྗེས་དྲོད།།ནུས་པས་ཕོ་མཆེར་གྲང་ནད་སེལ་བར་བྱེད།།ལི་ཤི་(ཀུ་སུ་མ་ཟེར)རོ་ཚ་ཞུ་རྗེས་དྲོ་ལ་སྙོམས།།ནུས་པས་སྲོག་རྩ་མཆེར་བའི་གྲང་བ་སེལ།།སུག་སྨེལ་(སེག་བརྡར་རིས།ཏྲི་བི་ཏི་ཟེར)རོ་ཚ་ཞུ་རྗེས་དྲོ་ལ་སྙོམས།།ནུས་པས་ཆུ་འགགས་སེལ་ཞིང་རྩ་ནད་སྦྱོང༌།།མཁལ་ནད་མཁལ་འགྲམས་བད་ཀན་སེལ་བར་བྱེད།།ཕོ་བའི་མེ་དྲོད་བསྐྱེད་ཅིང་གྲང་ནད་སེལ།།ཙན་དན་དམར་པོ་རོ་ཁ་ཞུ་རྗེས་བསིལ།།ཁྲག་དང་ཚད་པ་ཚ་བའི་ཆུ་སེར་སེལ།།ཨ་ག་རུ་ནི་རོ་ཚ་ཅུང་ཟད་བསྐ།།ཞུ་རྗེས་བསིལ་ལ་སྙོམས་ཤིང་སྙིང་ཚད་དང༌།།སྙིང་རླུང་སྲོག་རྩ་རླུང་ཞུགས་སེལ་བར་བྱེད།།གེ་སར་རྣམ་གསུམ་རོ་ནི་བསྐ་ཁ་ལ།།ཞུ་རྗེས་བསིལ་བའི་ནུས་པས་གློ་ཚད་སེལ།།བསེ་རུ་རོ་ཚ་ཞུ་རྗེས་བསིལ་ཡིན་ཏེ།།དུག་སེལ་ཁྲག་ངན་རྣག་ཆུ་སྐེམས་པའི་མཆོག།གླ་རྩི་རོ་ཁ་ཞུ་རྗེས་བསིལ་དུ་འདོད།།ནུས་པས་དུག་ནད་མཆིན་ནད་མཁལ་ཚད་དང༌།།གཉན་ནད་སྲིན་ནད་རྩ་ནད་ཕོ་ལོག་སེལ།།དོམ་མཁྲིས་རོ་ཁ་ཞུ་རྗེས་བསིལ་བ་ཡིན།།རྨ་གསོ་རྨེན་གཅོད་རྩ་སྡོམ་མཁྲིས་ཚད་སེལ།།ཨུཏྤལ་སྔོན་པོ་རོ་བསྐ་ཞུ་རྗེས་བསིལ།།ནུས་པས་མཆིན་ཚད་གློ་བའི་ཚད་པ་སེལ།།ཀ་ལ་ཝ་རི་རོ་ཁ་ཞུ་རྗེས་བསིལ།། ནུས་པས་ལྷོག་ཚད་གློ་ཚད་འཁྲུགས་ཚད་སེལ།།བ་ལེ་ཀ་ནི་རོ་ཁ་ཞུ་རྗེས་བསིལ།།གློ་མཆིན་ཚ་བ་སེལ་ཞིང་ཚད་འཁྲུ་གཅོད།།ཁྲག་འཁྲུགས་དྭངས་སྙིགས་འབྱེད་དང་རྨ་ཚད་སེལ།།བ་ཤ་ཀ་ནི་རོ་ཁ་ཞུ་རྗེས་བསིལ།།ནུས་པས་ཁྲག་ཚད་ཐམས་ཅད་འཇོམས་པའི་མཆོག། མཁྲིས་ཚད་ཆུ་སེར་སེལ་ཞིང་རྩ་ཁ་འབྱེད།།ཤིང་མངར་རོ་མངར་ཞུ་རྗེས་ཅུང་ཟད་བསིལ།།ནུས་པས་གློ་ནད་སེལ་ཞིང་རྩ་ཁ་འབྱེད།།ལི་ག་དུར་གྱི་རོ་ནི་ཁ་ལ་མངར།ཞུ་རྗེས་བསིལ་ལ་རིམས་ནད་གློ་ཚད་སེལ།།རྒུན་འབྲུམ་རོ་མངར་ཞུ་རྗེས་བསིལ་བར་བཤད།།ནུས་པས་གློ་ནད་སེལ་ཞིང་མཁྲིས་པ་སྦྱོང༌།།རུ་རྟ་རོ་ཁ་ཅུང་ཟད་ཚ་བ་ཡིན།།ཞུ་རྗེས་བསིལ་ལ་གློ་སྙིང་ཁྲག་ཚད་སེལ།།སྟར་བུ་རོ་སྐྱུར་ཞུ་རྗེས་བསིལ་དུ་འདོད།།ནུས་པས་རྣག་འདྲེན་གློ་འགོག་བད་ཀན་བཤིག།མ་ནུ་པཥྐར་རོ་ཁ་ཅུང་ཟད་མངར།ཞུ་རྗེས་བསིལ་ཡིན་ཚད་ནད་རྩིབ་ལོགས་ཀྱི།།ཟུག་གཟེར་འཇོམས་ཤིང་ཁྲག་ནད་སེལ་བའི་མཆོག།མ་ནུ་གླ་སྒང་རོ་མངར་ཞུ་རྗེས་བསིལ།།ནུས་པས་གློ་ནད་རིམས་ཚད་སེལ་བ་ཡིན།།མ་ནུ་པ་ཏྲ་རོ་བསྐ་ཞུ་རྗེས་བསིལ།།ནུས་པས་རིམས་དང་ཚད་པ་སེལ་བ་ཡིན།།མ་ནུ་སྟ་དག་རོ་སྐྱུར་ཞུ་རྗེས་དྲོད།།ཕོ་མཆིན་གྲང་ནད་སེལ་ཞིང་སྐྲན་ཡང་བཤིག།འུ་སུ་རོ་ཚ་ཞུ་རྗེས་དྲོ་བ་ཡིན།།ནུས་པས་ཕོ་མཆིན་བད་ཀན་སེལ་བར་བྱེད།།བསེ་ཡབ་རོ་སྐྱུར་ཞུ་རྗེས་བསིལ་བར་འདོད།།ནུས་པས་བད་ཀན་སྨུག་པོ་སེལ་བར་བྱེད།།སྒ་སྐྱ་རོ་ཚ་ཞུ་རྗེས་དྲོ་ལ་སྙོམས།།ནུས་པས་མ་ཞུ་འཇུ་ཞིང་བད་ཀན་སེལ།།ཀནྡ་ཀ་རི་རོ་ཁ་ཞུ་རྗེས་བསིལ།།ནུས་པས་རླུང་ཚད་སེལ་ཞིང་རིམས་སྐྲན་འཇོམས།།དཔའ་བོ་སེར་པོ་རོ་བསྐ་ཞུ་རྗེས་བསིལ།།ནུས་པས་དུག་ཚད་ཚད་པ་སེལ་བར་བྱེད།།དཔའ་བོ་དཀར་པོ་རོ་ནི་བསྐ་ཞིང་ཚ།།ཅུང་ཟད་ཁ་ལ་ཞུ་རྗེས་བསིལ་བ་ལགས།།ནུས་པས་དུག་ཚད་མ་ལུས་ཞི་སྦྱོང་བྱེད།།ཁྱུང་སྡེར་དཀར་སྨུག་རོ་ཁ་ཞུ་རྗེས་བསིལ།།ནུས་པས་སྦྱར་དུག་ཚད་པ་སེལ་བའི་མཆོག།བོང་ང་དཀར་དང་དམར་དང་སེར་གསུམ་གྱི།རོ་ནི་ཁ་ལ་ཞུ་རྗེས་བསིལ་བ་ཡིན།།ནུས་པས་སྦྱར་དུག་བཙན་དུག་ཤ་དུག་སེལ།།སྤོས་དཀར་རོ་ནི་ཁ་ཞིང་བསྐ་བར་བྱེད།།ནུས་པས་དུག་དང་ཆུ་སེར་ཆུ་ལམ་འདྲེན།། ཐལ་ཀ་རྡོ་རྗེ་རོ་ཁ་ཞུ་རྗེས་བསིལ།།ནུས་པས་ཆུ་སེར་འཇོམས་ཤིང་རུས་ཆག་གསོ།།སོ་མ་ར་ཛ་རོ་ཁ་ཞུ་རྗེས་བསིལ།།ནུས་པས་ལྤགས་ནད་དུག་ནད་ཆུ་སེར་སྐེམས།ཨ་རུ་ལན་ཚ་མ་གཏོགས་རོ་ལྔ་ལྡན།། ཞུ་རྗེས་ཅུང་ཟད་བསིལ་ལ་སྙོམས་པ་ཡིན།།ནུས་པས་རླུང་མཁྲིས་བད་ཀན་ཚ་གྲང་འཇོམས།།བ་རུ་ར་ནི་རོ་ཁ་ཅུང་ཟད་བསིལ།།ནུས་པས་བད་ཀན་ཚ་བ་སེལ་བ་ཡིན།།སྐྱུ་རུ་ར་ནི་རོ་སྐྱུར་ཞུ་རྗེས་བསིལ།། ཁྲག་ངན་འབྱེད་ཅིང་ཁྲག་ངན་སྐེམ་པར་བྱེད།།ཚོས་བཙོད་སེང་ཕྲོམ་རོ་ཁ་ཞུ་རྗེས་བསིལ།།ནུས་པས་ཚ་སྐྲངས་འཇོམས་ཤིང་རུས་ཆག་སྦྱོར།ཧོང་ལེན་རོ་ཁ་ཞུ་རྗེས་བསིལ་ཡིན་ནོ།ནུས་པས་རིམས་རྙོགས་དུག་འཁྲུགས་རྨ་ཚད་སེལ།།རྒྱ་རུ་རོ་ཚ་ཞུ་རྗེས་བསིལ་ལ་སྙོམས།ནུས་པས་རྣག་ཆུ་སྐེམས་དང་བུ་འབྱིན་བྱེད།།ཁ་ཤའི་རོ་ནི་ལན་ཚ་བྲོ་ཞིང་ཁ།།ཞུ་རྗེས་བསིལ་ཡིན་ནུས་པས་རྣག་ཆུ་སྐེམས།།ཤ་རུ་རོ་ཚ་ཞུ་རྗེས་བསིལ་ཡིན་ནོ།ནུས་པས་བད་ཀན་སེལ་ཞིང་དང་ག་འབྱེད།།སེ་འབྲུ་རོ་སྐྱུར་ཞུ་རྗེས་བསིལ་ཡིན་ནོ།ནུས་པས་བད་ཀན་སེལ་ཞིང་དང་ག་འབྱེད།།སྨན་སྒ་རོ་ཚ་ཞུ་རྗེས་དྲོད་ཡིན་ཏེ།།ནུས་པས་སྣོད་ཀྱི་གྲང་བ་མ་ལུས་སེལ།།ཤིང་ཚ་རོ་ཚ་ཞུ་རྗེས་དྲོ་བ་ཡིན།། ནུས་པས་བད་མཁྲིས་སེལ་ཅིང་མེ་དྲོད་གསོ།།པི་པི་ལིང་ནི་རོ་ཚ་ཞུ་རྗེས་དྲོད།།བད་རླུང་གྲང་བ་སེལ་ཞིང་མེ་དྲོད་བསྐྱེད།།ན་ལེ་ཤམ་ནི་རོ་ཚ་ཞུ་རྗེས་དྲོད།།མེ་དྲོད་བསྐྱེད་ལ་ཙི་ཏྲ་ཀ་ཡང་མཚུངས།།ཟི་ར་དཀར་ནག་རོ་ཚ་ཞུ་རྗེས་དྲོད།།དཀར་པོས་གློ་ཚད་ནག་པོས་མཆིན་གྲང་སེལ།།ལ་ལ་ཕུད་ནི་རོ་ཚ་ཞུ་རྗེས་དྲོད།།ནུས་པས་ཕོ་ནད་གྲང་བ་མ་ལུས་སེལ།།ཤིང་ཀུན་རོ་ཚ་ཞུ་རྗེས་དྲོད་དུ་འདོད།།ནུས་པས་རླུང་སེལ་དྲོད་བསྐྱེད་སྲིན་ནད་འཇོམས།།བྱི་ཏང་ཀ་ཡང་ཤིང་ཀུན་མཚུངས་པ་ལ།།སྲིན་གསོད་མེ་དྲོད་བསྐྱེད་པ་དམར་ལེབ་མཚུངས།། གསེར་གྱི་བྱེ་མ་སྡིག་སྲིན་རོ་ནི་ཚ།།ཞུ་རྗེས་དྲོད་ལ་ཆུ་འགགས་མཁལ་ནད་སེལ།།བྱེ་མས་མཆོག་ཏུ་མགོ་བོས་རུས་ཆག་སྦྱོར།ཨ་འབྲས་སྲ་འབྲས་འཇམ་འབྲས་གསུམ་པོ་ནི།།རོ་ནི་ཚ་དང་བསྐ་ལ་ཁ་བ་སྟེ།།ཞུ་རྗེས་དྲོད་ཡིན་མཁལ་མའི་གྲང་བ་སེལ།།གུ་གུལ་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།གཉན་ནད་ཆུ་སེར་རྨ་འདྲུབ་རྔོ་ནད་འཇོམས།། ཤུ་དག་རོ་ཚ་ཁ་ལ་ཞུ་རྗེས་དྲོད།།གག་ལྷོག་གདོན་དང་མ་ཞུའི་རིམས་ནད་འཇོམས།།
 
བཞི་པ།ཚྭ་སྣའི་སྨན་མདོར་བསྡུས།
 
རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་དང་ནི།།རྩབས་རུ་ཚྭ་དང་ཟེ་ཚྭ་མཛེ་ཚྭ་དང༌།།རྒྱ་ཚྭ་ཡ་བག་~ར་བུལ་ཏོག་དང༌།།ཚ་ལ་རྭ་ཚྭ་རོ་ནི་ལན་ཚྭ་ལྡན།།ཞུ་རྗེས་དྲོད་ཡིན་ཚ་ལ་ཅུང་ཟད་སྙོམས།།རྒྱ་ཚྭས་སྐྲན་བཤིག་གག་པ་རྨེན་ངན་གཅོད།།ཆུ་འགགས་སེལ་ཞིང་རྡོ་འཇུ་རྩ་ནད་སྦྱོང༌།།རྒྱམ་ཚྭས་བད་རླུང་སེལ་ཅིང་མ་ཞུ་འཇུ།ཁ་རུ་ཚྭ་ནི་དྲོད་བསྐྱེད་སྒྲེགས་པ་སྦྱོངས།རྩབས་རུ་ཚྭ་ནི་གྲང་རླུང་མ་ཞུ་སེལ།།ཟེ་ཚས་རྡོ་སྐྲན་རྡེའུ་མ་ཞུ་འཇུ།མཛེ་ཚས་ཆུ་སེར་འདྲེན་ཅིང་ཤ་རོ་གཅོད།། ལྦ་ཚྭས་སྐེ་ལྦ་འཇོམས་ཤིང་མེ་དྲོད་གསོ།ཡ་བཀྴ་རས་སྐྲན་བཤིག་དྲོད་བསྐྱེད་བྱེད།།བུལ་ཏོག་རྩམ་པ་འཇུ་ཞིང་རུལ་རྣམས་གཅོད།།ཚྭ་ལས་རྨ་འདྲུབ་རྡོ་དང་ཁྲག་ནད་འཇུ།ད་ཆུས་སྐྲན་བཤིག་རྨ་གསོ་འཁྲུ་བར་བྱེད།།
 
ལྔ་པ།སྲོག་ཆགས་སྨན་མདོར་བསྡུས།
 
སྦལ་བ་རོ་མངར་ཞུ་རྗེས་དྲོ་བ་ཡིན།།གག་པ་ལྐོག་ནད་ལྕེ་སྐྲངས་རླུང་ནད་འཇོམས།།ཉ་ཤ་རོ་མངར་(ཅུང་ཟད་ཁ་བ་ཡིན།ཞུ་རྗེས་དྲོ་ལ་ལྕི།སྐྲན་དང་བད་ཀན་འབྲས་དང་ཟུངས་ལ་ཕན།།ད་བྱིད་རོ་ནི་མངར་ལ་ཅུང་ཟད་སྐྱུར།ཞུ་རྗེས་དྲོད་ཡིན་རོ་ཙ་མཁལ་གྲང་གསོ།།ཀ་ལནྟ་ཀའི་རོ་ནི་ཅུང་ཟད་མངར།ཞུ་རྗེས་དྲོད་ཡིན་ནུས་པས་བྱང་སེམས་འཕེལ།།རྨིགས་པ་དེ་མཚུངས་རྩངས་པས་རོ་ཙར་འགྱུར།སྦྲུལ་ཤ་རོ་མངར་ཅུང་ཟད་ཁ་བ་ལ།།ཞུ་རྗེས་དྲོད་ཡིན་ཤ་འཕེལ་མིག་ནད་སེལ།།མི་ཤ་ཅུང་ཟད་རོ་མངར་ལན་ཚ་ལ།།ཞུ་རྗེས་དྲོད་ཡིན་གཉན་ནད་རླུང་ནད་འཇོམས།།
 
དྲུག་པ།བཤལ་སྨན་མདོར་བསྡུས།
 
ཀ་པེད་རོ་མངར་བསྐལ་ཞུ་རྗེས་དྲོད།།ནུས་པས་གྲང་འཁྲུ་གཅོད་ཅིང་རྩམ་པ་འཛིན།།ད་ཏྲིག་སྨག་དང་མོན་ཆ་ར་དང་མཚུངས།།རོ་སྐྱུར་ཀ་པེད་ཞུ་རྗེས་ནུས་པ་མཚུངས།།པོ་སོ་ཆ་ནི་རོ་ཚ་སྐྱུར་ལ་དྲོད།།ནུས་པས་མ་ཞུ་བད་ཀན་གྱེན་དུ་འདྲེན།།དན་རོག་རོ་ཚ་ཞུ་རྗེས་དྲོད་ཡིན་ཏེ།།བད་ཀན་ནད་རྣམས་སྦྱོང་བར་བྱེད་པའི་མཆོག།དོང་ག་རོ་མངར་ཞུ་རྗེས་བསིལ་དུ་འདོད།།ནུས་པས་ཚད་ནད་སྦྱོང་བར་བྱེད་པ་ཡིན།།ཤྲྰི་ཁཎྡ་རོ་ཚ་ཅུང་ཟད་དྲོད།།ཞུ་རྗེས་བསིལ་ཞིང་རུས་ནད་ཆུ་སེར་སྦྱོང༌།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号