ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །བོད་ལུགས་མཆོད་རྟེན།
སྤེལ་དུས།06-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དཀོན་མཆོག་བསྟན་འཛིན་དང་འཕྲིན་ལ
དེ་ནས་གཟུགས་རིན་ཆེན་སྣ་བདུན་དང༌། དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་དང་འདོད་འཇོའི་བ་དང༌། བཀྲ་ཤིས་ཀྱི་རྫས་བརྒྱད་དང༌། སྒྲ་རོལ་མོ་ཆ་བྱད་བཅུ་དང༌། དྲིའི་སྣོད་བརྒྱའམ་སྟོང༌། རོའི་སྣོད་བརྒྱའམ་སྟོང༌། རེག་བྱ་རས་ཟུང་བརྒྱའམ་སྟོང་ངམ་ཐ་མ་ཡང་སྤྱིར་ཟུང་སྤྱིར་ཟུང་གཅིག་དབུལ་ལོ།། དེ་ལྟར་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཆོད་ཅིང༌། སྦྱིན་སྲེག་དང་གཏོར་མ་བྱས་ལ། ཉིན་མོ་ཉལ་ནས། ཕྱི་དེ་ནང་པར་ཉི་མ་ཤར་ཀར་སྤྱན་དབྱེ་བར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིལ ། འཇིག་རྟེན་ལིང་ཏོག་གསལ་བ་ལྟར།།དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། ། སེམས་ཅན་དོན་དུ་དབྱེ་བར་བགྱི ། ཨོཾཙཀྴུ་ཙཀྴུ་ས་མནྟ་ཙཀྴུ་བི་ཤོདྷ་ནི་སྭྰཧྰ།ཞེས་བྱ་བས་གསེར་ལ་སོགས་པའི་ཐུར་མས་སྤྱན་དབྱེ་བར་བྱའོ། ། དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་རྣ་འབྲུ་ཐོགས་ལ། འགྲོ་རྣམས་ཐོས་པས་ཕོངས་གྱུར་པ། ། རྒྱལ་བས་ཆོས་ཀྱི་རྔ་བརྡུངས་ལྟར། ། དེ་བཞིན་སེམས་ཅན་དོན་གྱི་ཕྱིར། ། རྒྱལ་བའི་སྙན་ནི་དབྱེ་བར་བགྱི ། ཨོ་དྰི་བྱ་ཀར་རྞ་ཡི་སྭྰཧཱ། དེ་ནས་ཤངས་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་སྨང་ཚེར་ཐོགས་ཏེ། ཟག་བཅས་ཕུང་པོའི་དྲི་སྤངས་པའི། ། འགྲོ་བའི་སེམས་ཅན་དོན་བགྱིད་ཕྱིར། ། རྣམ་པར་དག་པའི་དྲི་བརྙེས་ལྟར། ། རྒྱལ་བའི་ཤངས་ནི་དབྱེ་བར་བྱ། །དྰི་བྱ་གྷ་ཎ་ཡེ་སྭྰཧཱ། དེ་ནས་ཐུར་མ་ཐོགས་ཏེ་ཞལ་དབྱེ་བར་བྱ་སྟེ། འགྲོ་བ་ཐམས་ཅད༌ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་དམ་པ་དམ་པ་འདི། །འབུལ་ཞིང་ཞི་བའི་ཞལ་ནི་དབྱེ་བ་བྱ། ། ཨོཾ་དི་བྱ་མོ་ཁ་སེ་སྭྰཧཱ་ཞེས་བརྗོད་པར་བྱའོ། །
མཆོད་རྟེན་ལའང༌། རིགས་རྣམ་པ་ལྔའི་སྤྲུལ་པའི་སྐུར་བསྐྱེད་ལ། ཁྲུས་གསོས་སྤྱན་དབྱེ་གོང་ལྟར་བྱ། ཡེ་ཤེས་སེམས་དཔའ་བཅུག་ནས་རྒྱས་བཏབ་ཅིང་དབང་བསྐུར་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་དེ། མཐར་མཆོད་རྟེན་གྱི་ཚུལ་དུ་བཞུགས་པ་ལ། ཨོཾ་ཨྰ་ར་ཛེ་བི་ར་ཛེ་སྭྰཧཱ།ཞེས་ས་སའི་མཆོད་རྟེན་ཡིན་ན་ས་དཀར་དང༌། རྒྱུ་གཞན་ཡིན་ན་གང་ལ་གང་མཚུངས་པར་གསོལ་ལོ། ། ཨོཾ་ཨཱ་ཧ་ར་མ་ཡེ་སྭྰཧཱ། ཞེས་བྲེ་གཟུག་པར་བྱའོ། ། ཙཀྲ་བ་ར་ཙ་ཏ་ནཱ་ཡེ་སྭྰཧཱ་ཞེས་པས་འཁོར་ལོ་གཟུག་པ་དང༌། ཨོཾ་ཨཱ་ཙྪཏྲཾ་ཡེ་སྭྰཧཱ། ཞེས་གདུགས་གཟུག་པ་དང༌། ཨོཾ་ཨཱ་ཀུཾ་བྷི་ར་དྷ་ཛ་ཡེ་སྭྰཧཱ། ཞེས་པ་ཆུ་སྲིན་གྱི་རྒྱལ་མཚན་གཟུག་པ་དང༌། ཨོཾ་ཨཱ་པ་ཏཾ་ཀ་ཡེ་སྭྰཧཱ། ཞེས་པས་བ་དན་གཟུག་པ་དང༌།ཨོཾ་ཨཱ་ཊ་ལཾབྷ་ཡེ་སྭྰཧཱ། ཞེས་བྱ་བས་དར་དཔྱངས་བཅིངས་པ་དང་།ཨོཾ་ཨཱ་པུ་ཥྤེ་མཱ་སྭྰཧཱ། ཞེས་བྱ་བས་མེ་ཏོག་གི་ཕྲེང་བ་གདགས་པ་དང༌།ཨོཾ་ཨཱ་ཙཱ་མ་ར་ཡ་སྭྰཧཱ། ཞེས་པས་རྔ་ཡབ་ཀྱིས་གཡབ་པར་བྱའོ།  །
དེ་ནས་རིན་པོ་ཆེན་སྣ་བདུན་དང༌། བཀྲ་ཤིས་པའི་རྫས་བརྒྱད་དང༌། འཇིག་རྟེན་ལ་བཀྲ་ཤིས་པའི་བིལ་བ་དང༌། སྟརྒ་དང༌། ཞོ་དང༌། རས་ཡུག་དཀར་པོ་དང༌། གདུགས་གསེར་གྱི་ཡུ་བ་ཅན་རྣམས་དབུལ་བར་བྱ་བའི་དང་པོ་ལས་ཐམས་ཅད་པའི་ཆུས་བསངས་ལ་དྲིའི་ཐིག་ལེ་དང༌།མེ་ཏོག་གི་ཚོམ་བུ་བཀོད་ནས། ཇི་ལྟར་མི་དབང་འཁོར་ལོ་བསྒྱུར་བ་ཡིས། ། རིན་ཆེན་སྣ་བདུན་ཚོགས་དང་བཅས་པ་ལྟར།། རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། ། རིན་ཆེན་སྣ་བདུན་ཚོགས་ནི་དབུལ་བར་བྱ། ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། ། བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པར་བགྱི ། རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས། ། བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི ། འཇིག་རྟེན་ཁྱིམ་བདག་རྣམས་ཀྱིས་དཔའ་རྙེད་ན། ། བིལ་བ་སྟརྒ་བུམ་པ་བཟང་དང་བཅས། ། མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར།། རྒྱལ་བ་སྲས་དང་པཅས་ལ་དབུལ་བར་བགྱི།ཞེས་བརྗོད་དེ་དབུལ། དེ་ནས་འབྱོར་བ་ཡོད་ན་སྦྱིན་སྲེག་བྱའོ། ། མེད་ན་སྒྱེ་པུ་དཀར་པོ་གསུམ་བཙུགས་ལ། ས་ལས་བྱས་པའི་སྣོད་གཙང་མར།དཀར་གསུམ་དང༌། མངར་གསུམ་གྱི་གཞི་ལ་སྨན་སྣ་ཚོགས་བཏབ་སྟེ། སྦྱིན་སྲེག་གི་མེའམ།རིག་པའི་མེ་ལ་ཡི་གེ་བརྒྱ་པ་ཟློས་ཤིང་བསྒོལ་བར་བྱའོ། །   
དེ་ནས་དཀྱིལ་འཁོར་གཤེག་ས་གསོལ་བ་ནི།རྫོགས་སངས་རྒྱས་དང་དེ་ཡི་སྲས།།ཚངས་སོགས་ལྷ་ཡི་ཚོགས་རྣམས་དང༌། གང་དག་ཆོ་ག་མ་ཚང་བ། ། དེ་དག་བཟོད་པ་མཛད་པར་རིགས། ། ཀུན་ཏུ་ཞི་དང་རྒྱས་དང་ནི། ། ཡོན་བདག་ཆེད་ལ་རབ་མཛད་ནས།།སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། ། སླར་ཡང་འབྱོན་པར་མཛད་དུ་གསོལ། ། ས་དང་ཆུ་དང་མེ་རླུང་གིས། ། ཇི་སྲིད་བསྐལ་པ་འཇིག་བར་དུ། ། སངས་རྒྱས་ཐུགས་ཀྱི་རྟེན་མཆོག་ལ། ། དེ་སྲིད་བཅོས་ལྡན་བསྲུང་བར་མཛོད། ། ཐུགས་བཟང་དགྱེས་པར་གྱུར་པ་ཡིས། །སློབ་དཔོན་སློབ་མར་བཅས་པ་ཡི། ། བུ་དང་ཚ་བོ་བསྲུང་མཛད་ནས། ། རང་གནས་དགེ་བར་གཤེགས་སུ་གསོལ། ། ཞེས་དམ་ཚིགས་སེམས་དཔའ་རང་ལ་བསྡུའོ། །
དེ་ནས་སློབ་དཔོན་དང་ཡོན་བདག་གཉིས་ཀས་མཆོད་རྟེན་གྱི་གདན་ཁྲི་ནས་བཟུང་སྟེ་མེ་ཏོག་གི་ཕྲེང་བ་ཕུལ་ནས། ཇི་སྲིད་མེ་དང་ཆུ་དང་ནི། ། རླུང་གིས་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱིས་དོན་གྱི་ཕྱིར།། བཅོམ་ལྡན་ཁྱེད་ནི་བཞུགས་པར་མཛོད། ། ཅེས་བརྗོད།དེ་ནས་ཕྱོགས་སྐྱོང་ངམ། མ་ཧཱ་ཀཱ་ལ་དང་ཡུལ་གྱི་བགེགས་ལ་གཏོར་མ་བྱིན་ལ། འགྲོ་བ་སེམས་ཅན་དོན་དུ། ། བདེ་གཤེགས་རྣམས་ནི་བཞུགས་ཀྱི་བར། ། བདག་དང་གཞན་གྱི་དོན་གྱི་ཕྱིར།། སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛོད། ། ཅེས་བྱ་བ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཡང་མཆོད་པ་ཕུལ་ལ། བདེ་བར་གཤེགས་པའི་སྤྲུལ་པའི་སྐུ་དང༌། གསུང་དང༌།ཁྱད་པར་བདེ་བར་གཤེགས་པའི་མཆོད་རྟེན་ཐུགས་རྣམས་བསྲུང་བར་ཞལ་གྱིས་བཞེས་པས་ཇི་སྲིད་བཅོམ་ལྡན་བཞུགས་ཀྱི་བར་དུ་སྲུང་བར་མཛད་དུ་གསོལ། ཞེས་བརྗོད་པ་དང་རབ་ཏུ་བསྲུང་བའི་གནས་བརྟན་དང༌། ཁྱིམ་པའི་གཙོ་བོ་རྣམས་ལ་ཡང༌། སྙིགས་མ་ལྔའི་དུས་ཀྱི་ཐུགས་ཀྱི་རྟེན་ནི་འདི་ཡིན་གྱིས། འདི་ཁྱེད་ཀྱིས་མ་ཉམས་པར་སྲུངས་ཤིག་ཅེས་བརྗོད་པར་བྱ་ལ། མཆོད་རྟེན་ཆུང་བའི་རིགས་ཡིན་ན། ན་བཟའ་བཟང་པོས་དྲིལ་ནས་དྲངས་ལ། ཤིང་རྟ་ལ་བསྐྱོན་དྲི་བཟང་པོས་ཐིག་ལེ་བྱས་ཏེ། འགྲོ་བ་རྣམས་དད་པ་བྱ་བའི་ཕྱིར་གྲོང་ཁྱེར་རྣམས་བསྐོར་བར་བྱའོ། །ཡོན་གྱི་བདག་པོ་རྣམས་ཀྱང་གླུ་དང༌། གར་དང༌། རྒྱན་འདོགས་པ་དང༌། བཀྲ་ཤིས་པ་རྣམས་བྱའོ་ཞེས་གསུངས་སོ། །   
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号