ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །བོད་ལུགས་མཆོད་རྟེན།
སྤེལ་དུས།06-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དཀོན་མཆོག་བསྟན་འཛིན་དང་འཕྲིན་ལ
མཆོད་རྟེན་ལ་ཚོན་མ་གཏོང་སྔོན་ནས་རྩེ་མོ་དང་རྩ་བའི་མདུན་ངོས་སྭྰ་ཡིག་འབྲི་བའི་ཐད་ཙམ་གྱི་ཕྱོགས་བཞིར་གཟུགས་ཁུང་འཇམ་པོ་བྲུས་ལ། རྩེ་མོར་རྣམ་རྒྱལ་མའི་གཟུངས་དང༌།འོད་ཟེར།དྲི་མེད་ཀྱི་མདོ་གཟུངས་ཚང་མ་ཤོག་དྲིལ་ལམ། ཤོག་བུ་གྲུ་བཞི་པའི་གླེགས་བམ་དུ་བྲིས་ནས་དྲིལཏེ་བཅུག ངོས་བཞིའི་གཟུངས་ཁུང་དུ་སྲོག་ཤིང་གི་སྔགས་དང་སྒྲིབ་སེལ་གྱི་གཟུངས་གཉིས་ཀ་དགུ་བཅུ་རྩ་དགུ་རེ་བྲིས་ནས་བཅུག རྩ་བར་འོད་ཟེར་དྲི་མེད་ཀྱི་སྙིང་པོ་དང༌། རྟེན་འབྲེལ་སྙིང་པོ་བཅུག་པ་རྣམས་ཀྱི་སྒོ་ཐམས་ཅད་སྲོག་ཤིང་གི་རྒྱུ་དེ་ཉིད་ཀྱིས་བཀག སྲུབས་མི་མངོན་པར་བྱས་པའི་སྟེང་དུ་ཚོན་བྱུག་ལ་ཡི་གེ་རྣམས་འབྲི་དགོས་སོ། །
གཟུངས།
གཟུངས་སྤྱིར་སྡོམ་པ་གསུམ་གྱི་བླ་བརྒྱུད། རྒྱུད་སྡེ་རྣམས་ཀྱི་གཟུངས་དང་སྙིང་པོ་མདོ་གཟུངས།གཟུངས་ཆེན་སྡེ་ལྔ། ཆོས་སྐྱོང་ནོར་ལྷའི་སྔགས།ཤིས་བརྗོད་འདོད་གསོལ། སྟོད་སྨད་སྤྱི་འགྲོས་ཀྱི་དབྱངས་གསལ་ལ་སོགས་ཏེ།
འབྱོར་བ་དང་ལྡན་ན་མཐིང་ཤོག་ལ་གཟུངས་ཆེན་སྡེ་ལྔ་གསེར་དངུལ་གྱིས་དག་པར་འབྲི་བའམ་པར་ཁུངས་དག་མ་རྒྱ་ཤོག་ལ་མཚལ་གྱིས་བཏབ། གུར་གུམ་སོགས་དྲི་བཟང་གི་ཆུས་ཡིག་འབྲུ་ནོན་ངེས་པར་བྱུག གཟུངས་རིང་ཐུང་ཐམས་ཅད་ཕྲེང་རེ་ལ་རྫོགས་དགོས་པས།གཟུངས་རིང་ཡིག་ཕྲེང་མཐུད་དགོས་བྱུང་བར་སྔ་མའི་ཡིག་འབྲུ་དང་ཕྱི་མའི་ཡིག་འབྲུ་འགྲིགས་ངེས་པ་ལས། ཐིག་རིས་སོགས་ཀྱིས་བར་མཚམས་བཅད་པ་དང༌། མཚམས་ཆེར་ཕྱེ་བ་དང༌། སྔ་ཕྱི་གཅིག་གིས་གཅིག་མནན་པ་སོགས་མི་རུང་བས་མཐུད་ལུགས་ཞིབ་མོ་དང༌། སྦྱར་སྤྱད་ཀྱང་དབང་ལག་གམ་གྲོ་སྐྱོ་གཙང་མས་བྱའོ། །
བསྒྲིལ་ལུགས་ལ། བུ་སྟོན་དང༌། རྒྱལ་དབང་མི་བསྐྱོད་རྡོ་རྗེ། ཆོས་ཀྱི་འབྱུང་གནས་རྗེས་འབྲངས་དང་བཅས་པ་མཇུག་ནས་བསྒྲིལ་བར་གསུངས་པ་དང༌། ངོར་ཆེན་རྡོ་རྗེ་འཆང་དང༌།རྒྱལ་དབང་ལྔ་པ། རྡོར་སྨིན་སོགས་ཀྱི་ཕྱག་བཞེས་འཛིན་པ་རྣམས་ཀྱིས་དབུ་ནས་དྲིལ་བའི་ལུགས་གཉིས་ཡོད་པ་ལ་ཞལ་ནང་བསྟན་ཏུ་བསྒྲིལ་བ་མཚུངས་པས་གང་ལྟར་ཤིན་ཏུ་དམ་པོར་བསྒྲིལ།ཕྱི་ལ་དར་རས་སམ་སྐུད་པ་སེར་པོས་དཀྲི་བའི་རྒྱས་པའི་ལས་ཀྱི་རྟེན་འབྲེལ་གྱི་ཕྱག་ལེན་གཙོར་བྱེད།ལྷ་སོ་སོའི་མདོག་མཚུངས་ཀྱི་ན་བཟའམ་ལས་བཞི་ལྷུན་འགྲུབ་ཀྱི་མཚོན་བྱེད་ལ་དར་རས་སམ་སྐུད་པ་སྣ་ཚོགས་ཀྱིས་བཀླུབ། མདོ་སྔགས་ཀྱི་གླེགས་བམ་ལ་དྲི་བཟང་བྱུག་པའམ་བར་མཚམས་སུ་དྲིའི་ཕུར་མས་གཏམས། དབུ་ལྡེབ་ཞལ་ཡར་བསྟན་ཅིང་ན་བཟའ་དར་གོས་སེར་པོས་དྲིལ། ཐམས་ཅད་ལ་གང་ཡིན་ཤེས་པའི་ཁ་བྱང་དང་དབུ་ཞབས་མི་ནོར་བའི་མཚན་མ་བཏབ། གཟུངས་ཇི་ཙམ་མང་བ་དེ་ཙམ་ལེགས་ཤིང། སྐུ་བརྙན་ལ་ལྷ་རང་རང་གི་གཟུངས་སྔགས་གཙོ་བོར་བྱེད་དགོས་མོད་ཀྱང༌། མཆོད་རྟེན་ལ་ནི་གཟུགས་ཆེན་སྡེ་ལྔ་ཁོ་ནར་གསུངས་སོ། །
གདུང་དང་རིང་བསྲེལ་སོགས།
གདུང་དང་རིང་བསྲེལ་གྱི་ནང་རྫོངས་སངས་རྒྱས་ཀྱི་རིང་བསྲེལའཛོམས་ན་གསེར་དངུལ་རིན་པོ་ཆེའི་གྭའུར་དར་ཟབ་དང་དྲི་བཟང་བཅས་ཏེ་བཞུགས། སྐྱ་གདུང་དང་སྐུ་བལ་གྱི་རིང་བསྲེལ་དར་གོས་ཀྱི་ཐུམ་བྱ། ཤོག་ཐུམ་བྱས་ན་དུག་ཤོག་མ་ཡིན་པར་རྒྱབ་ནས་དར་ལིང་གིས་དྲིལ།རིལ་བུ་སོགས་བྱིན་རྟེན་སེལ་མེད་ཀྱང་དར་སེར་པོདང་དམར་སེར་ལྟ་བུས་བཏུམ། སྐུ་བརྙན་རྩ་ཆེན་རིགས་རིན་པོ་ཆེའི་གྭའུ་དང་ཡང་ན་ཟ་མ་ཏོག་ཏུ་བཞག མ་འབྱོར་ན་ན་བཟའ་དང་བཅས་པ་ལ་དྲི་བཟང་གི་ཕུར་མས་ལྕིབས། རས་ཀྱི་ན་བཟའ་དང་མནབས་གཟན་གྱི་ཚལ་བུ་ལྟ་བུ་ལས།སྣམ་བུ་སོགས་འབུ་འཇུག་ཉེན་དང༌། སྐྱི་ཆགས་ཉེན་གྱི་ན་བཟའ་དང་བཞུགས་གདན། ཞབས་ཆགས་རྣམས་མི་གཞུག་པརབཤད་ཀྱང་སྔོན་བྱོན་ཡོངས་གྲགས་སྐྱེས་ཆེན་ལ་ནི་མི་བཀག་པ་གསུངས་སོ།། དེ་དག་གི་བར་སྟོང་དུ་ཤུག་པ་དང་བ་ལུ་སོགས་དྲི་ལྡན་ཤིང་དང་སྨན་ཕྱེ། རིན་ཆེན་རིགས། འབྲས་བུ་གསུམ། བཟང་པོ་དྲུག རྩ་བ་ལྔ། འབྲུ་ནག་མིན་པའི་འབྲུ་སྣ། དཀར་གསུམ་མངར་གསུམ། ཤིང་ཏོག་དང་དར་གོས་གཙང་མ། ཁྱད་པར་ལྔ་ཚན་ལྔར་གྲགས་པའི་སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔའི་ཁྲོལ་བུར་བསགས། འཛོམས་ན་འབུ་དང་སྐྱིས་མི་གནོད་པའི་དར་སེར་པོའི་སྒྱེའུར་བླུགས་ནས་ཁ་བཙེམ་པ་སོགས་སྤྱི་ལྟར་ལ་བྱེ་བྲག་བོད་ལུགས་གནོད་སྦྱིན་བང་མཛོད་དང་བུམ་གཏེར་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་དུ་མཛད་པ་སོགས་མང་པོ་དག་སོ་སོའི་རང་ལུགས་ཚད་མར་བཟུང་ནས་བྱའོ། །     
སྒྲུབ་ཚུལ
ནང་གཞུག་སྒྲུབ་ཚུལ་ལ་ཚོགས་དང༌།སློབ་དཔོན་གྱིས་བསྙེན་པ་སྔོན་དུ་སོང་བའི་ཡི་དམ་སོགས་ཡིན་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། རྣམ་འཇོམས་དང་སྨེ་བརྩེགས་ཀྱི་བསྐྱེད་བཟླས་བྱས་ལ་ཁྲུས་བུམ་བསྒྲུབ། སྦྱོང་ཆས་འདུ་བྱས་ལ་ཞི་དྲག་གི་སྦྱོང་བ། བགེགས་བསྐྲད་ཏིལ་སྦྱོང༌། ཁྲུལ་གསོལརྒྱས་པ་སྔོན་དུ་འགྲོ་བས། སྐུ་རྟེན་བྲིས་འབུར་རྣམ་སྣང༌། གསུང་རྟེན་གཟུངས་དང་གླེགས་བམ་འོད་དཔག་མེད། ཐུགས་རྟེན་སཱཙྪ་དང་ཕྱག་མཚན་མི་བསྐྱོད་པ། ཡོན་ཏན་ནོར་ལྷའི་རྟེན་དང་དར་གོས་རིན་པོ་ཆེ་སོགས་རིན་འབྱུང༌། འཕྲིནལས་རོལ་མོ་གོ་ཆ་སོགས་དོན་གྲུབ་ཏུ་བསྐྱེད་པའི་རབ་གནས་ཀྱི་ཆོ་ག སྤྱན་དབྱེ། བརྟན་བཞུགས། མངལ་འབུལ།ཤིས་བརྗོད་སོགས་རབ་གནས་ཀྱི་ཆོ་ག་ལས་འཆད་འགྱུར་གྱིས་ཁོག་ཕུབ། བསྐྱེད་ཆོག་སྐབས་གཟུངས་ཐམས་ཅད་རིགས་ལྔར་མ་འདུས་པ་མེད་པས། དབུས་སུ་སེང་ཁྲི་པདྨ་ཉི་ཟླར་བུདྡྷ་རིགས་ཀྱི་གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཉེ་སྙིང་རྣམས་ཁ་དོག་དཀར་པོ་འོད་ཟེར་འབར་བས་མཚོན་ཕྱོགས་བཞིར་རིགས་བཞིའི་གཟུངས་དང་ཁ་དོག་རིགས་མཐུན་དམ་ཚིགས་པའི་ངོ་བོར་གསལ། ཡེ་ཤེས་པའི་གསང་རིགས་གཟུངས་སྔགས་ཡིག་འབྲུ་ས་བོན་འོད་ཟེར་ཁ་དོག་ལྔའི་རྣམ་པརསྤྱན་དྲངས་བསྟིམ་པའི་དམིགས་པ་གཙོ་བོ་དང༌། སྤྲོ་བསྡུ་སྤྱི་མཐུན་ཀྱང་བྱ། གང་བཞུགས་ཀྱི་གཟུངས་རྣམས་ཅི་འགྲུབ་བཟླས་མཐར་མཆོད་བསྟོད་བརྟན་བཞུགས་ཤིས་བརྗོད་བྱའོ། ། བསྡུས་ན། གཟུངས་ཐམས་ཅད་གསུང་རྡོ་རྗེ་འོད་དཔག་མེད་ཁོ་ན་བསྐྱེད། ཆོ་གའི་ཡན་ལག་རྫོགས་པར་བྱས་ལ་དེའི་སྔགས་ཨཱ་རོ་ལྀཀ་ཁོ་ནའམ། ནུས་ན་ནང་གཞུག་གཟུངས་ཇི་ལྟར་འོས་པ་བཟླའོ། ། གཞན་འཁོར་ལོ་དང༌། གའུ་དང༌། ཐོད་སྒྲུབ་དང་བུམ་སྒྲུབ་རྣམས་རབ་གནས་དཔལ་འབྱོར་རྒྱ་མཚོ་སོགས་སྒྲུབ་བརྒྱུད་རང་རང་གི་གཞུང་ལྟར་བྱའོ། །    
མཆོད་རྟེན་ནང་གཞུག་གི་གོ་རིམ།
དམིགས་བསལ་མཆོད་རྟེན་ནང་གཞུག་གི་གོ་རིམ་ནི། མཆོད་རྟེན་བཞེངས་པའི་ཐོག་མར་རྡོ་རྗེ་སློབ་དཔོན་བསྙེན་སོང་ཞིག་གིས་མཆོད་རྟེན་གང་དུ་བྱ་བའི་ས་གཞིར་དྲི་མེད་ཆོ་གའི་སྒོ་ནས་ས་སློང་བ་སྦྱོང་བ་བཟུང་བ་རྣམས་བྱ་ཞིང༌། སེང་ལྡིང་ཕུར་བུ་བརྒྱད་དམ་གཅིག་བཏབ་པའང་ས་གཞིར་ཁུངས་བུམ་བརྐོས་པ་རྡོ་སྒྲོམ་བྱ། ལྷ་ཁང་ལྟ་བུ་བརྩིགས་པའི་རྩ་བ་ཕུར་ཁང་ལ་གཞུག སྲོག་ཤིང་གི་སྟ་གོན་གོང་དུ་བཤད་པ་ལྟར་ལ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་ཕྱི་རོལལྟ་བུར་རྡོ་ལེབ་ཆེ་ཞིང་འཐུག་པ་ལ་བརྐོས་པ་དང༌། ནང་དུ་གསེར་ཟངས་ལྟ་བུའམ་ཤིང་ལེབ་ལ་བྲིས་ཏེ་ཚོན་གཡིས་ལེགས་པར་་བྱ། འོད་ཟེར་དྲི་མེད་ཀྱི་སཱཙྪ་དགུ་བཅུ་གོ་དགུ་སེར་པོ། གཙུག་ཏོར་དྲི་མེད་བརྒྱ་དང་བརྒྱད་དཀར་པོ་རྣམས་ཆོ་ག་དང་ལྡན་པར་བཏབ་ཅིང༌། སོ་སོའི་གཟུངས་རིང་སཱཙྪ་ཆུང་ངུ་ལ་མི་ཤོང་ན་གཟུངས་ཐུང་ནང་གཞུག་བཙུད་པར། རང་ལུགས་ཀྱི་ཆོ་ག་རྒྱས་བསྡུས་གང་རུང་གིས་ཚུལ་བཞིན་བསྒྲུབ། མཆོད་རྫས་སྣོད་ཏིང་ཕོར་དང་སྡེར་ཆུང་ཟངས་དང་ལི་སོགས་ལས་བཅོས་པའམ།རྫ་ལས་བྱས་པ། སྤོས།མར་མེ། ཚོགས་ཀྱི་བྲིས་སྐུ། བཀྲ་ཤིས་རྫས་བརྒྱད། རྒྱལ་མཚན།སྒབ་དཀྲིས། རས་སྐུད། དར་དཔྱངས་སོགས་རྒྱས་བསྡུས་འབྱོར་བ་དང་བསྟུན་པ་ཉེར་བསྡོགས་བྱ། རྩིགས་རྨངས་སུ་མནན་པ། ས་བདག་དང་ཀླུ་བུམ། མཚོན་ཆ་མནན་པའི་སྟེང་ས་འཛིན་དང་སེང་ཁྲི་བརྩེགས། དེ་དག་ཏུ་ཐུགས་རྡོར་བཀྲ་ཤིས་གཏེར་སྒྲུབ། ཀློང་གསལ་སྤྱི་བཅོས་རིགས་ཤིས་བརྗོད་སྨོན་ལམ་ཉེས་སེལ་རིགས་གང་མང་བཞག སེང་ཁྲིའི་སྟོད་དམ་གདོང་ཆེན་དུ་ཆོས་སྐྱོང་ནོར་ལྟའི་གཟུགས་སོགས་བཞག དབུས་སུ་ཟངས་དཀར་མར་ཁུས་བཀང་བའི་ཁར་གནོད་སྦྱིན་འཁོར་ལོ། གཡས་སུ་ཆོས་སྐྱོང་སྤྱི་དང་བྱེ་བྲག གཡོན་དུ་དཔལ་མགོན་བདུན་ཅུ་རྩ་ལྔ།རྒྱབ་ཏུ་གནོད་སྦྱིན་ནོར་ལྷའི་རིགས། མདུན་དུ་དཀར་ཕྱོགས་སྐྱོང་བའི་དམ་ཚིག་ཅན་རྣམས་ཀྱི་གཟུངས་སྔགས་བླ་རྡོ་སོགས་དང་བར་བར་དུ་ཤིས་བརྗོད་སྨོན་ལམ་འདོད་གསོལ་རྣམས་འཇོག ཚད་མེད་ནས་བུམ་གདན་བར་འདུལ་མདོ་གླེགས་བམ་མདོ་གཟུངས་རིགས་དང༌། སཱཙྪ་བུམ་པའི་ནང་བར་གང་ཤོང༌། བར་མཚམས་བཟང་ཤིང་ཕུར་མ་དང་བྱེ་མ་སོགས་ཀྱིས་བཅེར་ནས་གཡས་གཡོན་དུ་ཡོ་འགུལ་མི་འབྱུང་བ་དང༌། སྟེང་མས་འོག་མ་བཅག་གྲུམ་གྱི་སྐྱོན་མི་འབྱུང་བར་བྱ།བུམ་གདན་གྱི་ནང་དུ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་དང་མཆོད་པ་བཞག་ཆོག་ཏུ་བཀོད་ནས་ཆོ་ག་ཚུལ་བཞིན་བྱས་ཏེ་རས་ལྟ་བུའི་ཞལ་ཁེབས་ཀྱིས་བཀབ།  དེ་སྟེང་ཚོམ་བུ་ལ་བརྟེན་འོད་ཟེར་དྲི་མེད་ཀྱི་སྟ་གོན་བྱ། ཕྱི་ཉིན་འོད་ཟེར་དྲི་མེད་དཀྱིལ་འཁོར་སྔ་མའི་སྟེང་བཞག་པའི་དབུས་སུ་སྲོག་ཤིང་བརྟན་པོར་བཙུགས་པའི་སྲོག་ཤིང་བུམ་གདན་སྟེང་ནས་འཛུགས་པའི་ལུགས་ལྟར།མཐའ་སྐོར་མཆོད་པའི་བྱེ་བྲག རྫས་བརྒྱད། རྒྱལ་མཚན། སྒབ་སྐོར། ཕྱོགས་ཕྲེང་བ་དར་དཔྱངས་སོགས་ཀྱི་བཀོད་པ་དང་། སྲོག་ཤིང་ལྕིད་ཀྱིས་དཀྱིལ་འཁོར་ལ་སྐྱོན་འབྱུང་ཉེན་ཡོད་པས། ནང་དུ་གདུང་རྒྱ་གྲམ་ལྟ་བུས་སྲོག་ཤིང་ཐེག་པའི་ཐབས་བྱས་ནས་དེ་ཉིད་ཀྱི་ཆོག་ག་ཚུལ་བཞིན་བཏང་། སྟེང་འོག་ཏུ་གཙུག་ཏོར་དྲི་མེད་ཀྱི་སཱཙྪ་བརྒྱ་རྩ་བརྒྱད།དེ་སྟེང་འོད་ཟེར་དྲི་མེད་རྣམས་བརྩེགས་མར་བཞག གཟུངས་གཞུག་བུམ་སྨད་ནས་ཡས་རིམ་གྱིས་བྱ་སྤྱོད་རྣལ་འབྱོར། བླ་མེད།བྲེ་ལ་དབྱངས་གསལ། ཆོས་འཁོར་དུ་བླ་བརྒྱུད། ཏོག་ལ་གཙུག་ཏོར་དང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་གོང་སྨྲས་ལྟར་འཇོག མཚམས་གཅོད་ཟངས་གསེར་ལྟ་བུ་ལ་བར་མཚམས་རྣམས་སྨན་སྣ་རིན་ཆེན་བྱེ་མ།ཁྱད་པར་ལྔ་ཚན་ལྔའི་ཕྱེ་མ་ཐུམ་བུ་སོགས་ཀྱི་བཅེར་བས་མཚོན།ལག་ལེན་གྱི་ཁོག་སྐུ་གཟུགས་ཀྱི་སྐབས་དང་མཐུན་པར་དཀྱིལ་འཁོར་བཤམ་སྟངས་དེབ་འདིའི་པེ་རིས་ལྟར་བྱའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号