༨་ སྐུ་གཟུགས་དང་མཆོད་རྟེན་གྱི་ཆ་ཚད་མཚུངས་པར་བཤད་པ།
ཐུན་མོང་མ་ཡིན་པའི་མཆོད་རྟེན་དུས་ཀྱི་འཁོར་ལོ་ལས་གསུངས་པ་ཡེ་ཤེས་ཀྱི་མཆོད་རྟེན་ནི་ཤེས་བྱ་ཀུན་ཁྱབ་ལས། སངས་རྒྱས་སྐྱིལ་མོ་ཀྲུང་དུ་བཞུགས་པའི་ལྟེ་བ་མན་ཆད་བང་རིམ། ལྟེ་འབུར་བུམ་གདན། དེ་ནས་དཔུང་པའི་བར་བུམ་ལྡིར།མགྲིན་པ་བྲེ་དང་ཀོ་སྐོ་ནས་སྣ་རྩེ་མཛོད་སྤུའི་བར་བྲེ་གདོང་དེ་ནས་རལ་པའི་ཐོར་ཅོག་གི་བར་ལ་ཆོས་འཁོར་ཆར་ཁེབས་ཏོག་དང་བཅས་པ་སྟེ། དེའང་དཔང་གི་ཚད་ནི་སོར་མོ་ཕྱེད་དང་བཅུ་གཉིས་པ་ཕྲག་ལྔར་སྟག་ཚང་ལོ་ཙཱ་སོགས་བཞེད་པ་ཡོངས་གྲགས་ཀྱི་དབང་དུ་བྱས་པ་སྟེ་གསང་གནས་ནས་གཙུག་ཏོར་བར་གྱི་འཁོར་ལོ་ལྔའི་དག་པ་དང་སྦྱར་རོ། ། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་དཔང་ལ་སོར་མོ་ལྔ་བཅུ་དང༌། རྒྱ་ཚད་དེའི་ཕྱེད་དེ་སོར་ཕྱེད་ཀྱི་ལྷག་པའི་བཅུ་གཉིས་པ་ཚན་པ་བཞི་ནི་རླུང་དཀྱིལ་ནས་གཟུགས་མེད་བར་དཔག་ཚད་འབུམ་ཕྲག་བཞི་དང་སྦྱར་བ་ཕྱི་འཇིག་རྟེན་གྱི་དག་པ། རྐང་མཐིལ་ནས་གཙུག་ཏོར་བར་ནང་རྡོ་རྗེའི་ལུས་ལའང་དེ་བཞིན་དུ་སྦྱར་བ། གཞན་ལྷའི་སྐུ་དག་པའང་ཞར་ལས་འགྲུབ་པར་བཞེད་དེ། མདོར་ན་ཕྱི་ནང་གཞན་གསུམ་པོ་རྣམ་དག་ཕྱོགས་གཅིག་ཏུ་མཐུན་པའོ། ། ཞེས་གསུངས་སོ།
༩ ཐུན་མིན་གྱི་མཆོད་རྟེན་བཤད་པ།
ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ། ཡུལ་ཙཱ་རི་ཏྲ་ཞེས་སུ་གྲོང་པ་རྡོ་རྗེ་ཕག་མོས་སྲིད་པ་གསུམ་གྱི་ཆང་དགག་པར་གྲགས་པའི་སར་མཆོད་རྟེན་དུ་བ་ཅན་དུ་གྲགས་པ། སོ་སྐྱེས་ཕལ་པ་རྣམས་ཀྱིས་ཀྱང་མཐུན་སྣང་དུ་དུས་རྟག་ཏུ་ནམ་མཁར་དུ་བ་ལྟ་བུའི་གཟུགས་སུ་གནས་པ། དུས་བཟངཡ་ལུང་པ་ཀུན་ཆང་བཟང་པོ་དྲིས་ཁྱབ་པ་དང་ལྟས་མཆོད་པའི་རོལ་མོ་སྣ་ཚོགས་དང༌།སྤོས་ཀྱི་དྲི་དང་མཚན་མོར་མར་མེའི་སྣང་བ་སོགས་འབྱུང་བ་ཀུན་གྱི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཞིག་ཡོད་པ་ལ། དེ་ཉིད་ཀྱི་རྣམ་པ་ཇོ་ནང་རྗེ་བཙུན་རིན་པོ་ཆེས་ལྗགས་བཀོད་མ་ལས་རིག་འཛིན་ཚེ་དབང་ནོར་བུས་ཆ་ཚད་ཀྱིས་གཏན་ལ་ཕབ་པ་ལ། མཚོན་དོན་ཡང༌། ཐེམ་སྐས་སྐྱབས་འགྲོ་རིམ་གསུམ་རྡོར་གདན་དང༌། ། གསེར་ཕྱེ་པདྨ་ཕ་གུ་གྲུབ་མཐའ་བཞི། ། གདོང་ཆེན་གོང་འོག་བར་གསུམ་འཁོར་དང་བཅས། ། རིམ་བཞིན་དཔལ་མཆོག་ཐུགས་གསུང་སྐུའི་དཀྱིལ་འཁོམ ། བུམ་པ་བདེ་གཤེགས་འཕར་དང་བྲེ་འཁོར་བཅས། ། དགའ་བ་བཞི་མཚོན་ཆོས་འཁོར་ས་བཅུ་གསུམ། ། ཏོག་ནི་བདེ་གཤེགས་སྐུ་དང་ཆར་ཁེབས་ནི། ། སྐུ་གསུམ་དག་གི་མཛད་པ་མཚོན་པ་དང༌། ། བུམ་སྐུ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ། ། རྟ་བབས་ཀྱིས་ནི་སྤྲུལ་པའི་སྐུ་ཡང་མཚོན། ། གདོང་ཆེན་འོག་མ་དཔལ་ལྡན་རྒྱུ་སྐར་དལ། ། སྟེང་གཉིས་བུམ་སོགས་ཆོས་དབྱིངས་གསུང་དབང་གི། ། དཀྱིལའཁོར་མཚོན་པར་བཤད་པ་གཞན་ཡང་ཡོ། ། ཅེསདང༌།
བལ་པོའི་ཡུལ་གྱི་པདྨའི་རི་བོའི་གླ་རུའི་རིར་རང་བྱུང་མཆོད་རྟེན་ཆེན་པོ་རྗེ་བོ་དམ་པ་ཞེས་བྱ་བ། སྐྱེ་དགུ་རྣམས་ཚེ་ལོ་སྟོང་ཕྲག་བདུན་ཅུར་འཚོ་བའི་ཚེ་འདྲེན་པ་ཆོས་ཀྱི་རྒྱབ་པོ་གཙུག་ཏོར་ཅན་འཇིག་རྟེན་དུ་བྱུང་བ་ན་རིན་པོ་ཆེའི་པདྨ་སྙིང་པོའི་ཟེའུ་འབྲུ་ལས་ཆོས་དབྱིངས་ཤེལ་གྱི་རང་བཞིན་ཅན་དུ་རང་བྱུང་ཞིང༌། གསེར་ཐུབ་ཀྱི་དུས་སུ་འཇམ་དཔལ་གྱིས་ཆོས་དཔལ་བཤེས་གཉེན་རྗེས་སུ་བཟུང་བའི་སླད་དུ་མཆོད་རྟེན་འདིར་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་སྤྲུལ་པས་མཆོད་རྟེན་གྱི་མཚན་ཡང་དེར་ཆགས་པ་དང༌། འོད་སྲུང་གི་དུས་སུ་གྲུབ་པའི་སློབ་དཔོན་ཞི་བའི་དཔལ་གྱིས་གཡོག་སྟེ་སྦས་པ་ཕྱིས་བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པའི་ཚེ་དེའི་ཚུལ་སྣང་བར་མཛད་པའི་སྔོན་གྱི་རབས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་གསར་འགྱུར་གྱིས་མཚོན་པ་ལ་སོགས་ཚད་དང་དབྱིབས་ཀྱི་ཁྱད་པར་སྔོན་བྱུང་མཁས་པར་སྙེམས་ཤིང་རློམས་པ་ཕལ་ཆེས་ཀྱང་མ་མཐོང་མ་ཐོས་པའང་མང་དུ་སྣང་ཞེས་གསུངས།
ཡང་རྒྱ་གར་ཤར་ཕྱོགས་བྷ་ག་ལ་དང་རྒྱ་ནག་འདབས་འབྲེལ་བའི་ས་ནས་རྒྱ་མཚོལ་གྲུ་བཏང་ནས་ཉིན་གསུམ་ཙམ་ཕྱིན་པས་ན་ཤིངྷ་ནྱ་ཀ་ཊ་ཀའམ་ཨསྟུ་ཀ་ཡ་ཞེས་པའི་ཡུལདུ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཞེས་པ་དེ། རྒྱ་ནག་པས་པོ་ལོ་ཧྥུའུ་ཐུ་ཞེས་འབོད་པ་དེ་སྔོན་བཅོམ་ལྡན་འདས་གསེར་ཐུབ་ཀྱི་བསྟན་པ་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཞིག་གིས་ཉིན་ལམ་བཅུ་གཉིས་ཀྱི་སར་འབྲས་སོ་བའི་ཆར་གྱང་རིམ་གསུམ་ཙམ་རེ་ཕབ་པ་དེའི་ཕུད་ལ་མཆོད་རྟེན་གྱི་སྨད་ལྷས་བཞེངས་ཤིང་རྨང་གི་མཐའ་སྐོར་དུ་རྒྱང་གྲགས་བཞི་བཅུ། དེའི་སྟེང་དུ་རྒྱ་ཆེན་རིགས་བཞིས་རིན་པོ་ཆེ་ཕ་གུས་བྱས་པའི་ཀ་བ་སོ་བདུན། ཕྱོགས་བཞིར་སྒོའི་ནང་དུ་ཆོས་དབྱངས་གསུངས་དབང་གིས་དཀྱིལ་འཁོར་ཡོད་པ། དེའི་སྟེང་གཙང་རིས་དཔལ་མགོན་བདུན་ཅུ་རྩ་ལྔས་བཞེངས་པའི་མཆོད་རྟེན་ཉི་ཤུ་རྩ་བརྒྱད་ཀྱི་བར།བར་དུ་རྒྱུ་སྐར་ཉེར་བརྒྱད་ཀྱི་རྡོ་ཀྲ་མ་ཤིརྵའི་ཀ་བ་ཉེར་བརྒྱད་བཙུགས་པ། ཕྱོགས་བཞིར་སྒོ་དང༌། ནང་དུ་རྡོ་རྗེ་དབྱིངས་ཀྱི་ལྷ་བདུན་བརྒྱ་ཉེར་གཉིས་ཀྱི་དཀྱིལ་འཁོར་ཡོད་པ། དེའི་སྟེང་དུ་བུམ་པ་ལྷ་ཁྱབ་འཇུག་གི་བཻཌྰུརྱ་དཀར་པོ་བཞེངས་པ། ཤར་ཕྱོགས་སུ་སྒོ་དང་ནང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལྷ་སྟོང་དྲུག་བརྒྱ་ཉི་ཤུ་བཞུགས་པ། དེའི་སྟེང་དུ་མི་རྫུ་འཕྲུལ་ཅན་རྣམས་ཀྱིས་བཞེངས་པའི་བྲེ་དང་ཆོས་འཁོར་ཏོག་དང་བཅས་ཀྱིས་མངོན་པར་བརྗིད་ཅིང་མཛེས་ཤིང༌། མཐོ་ཁྱད་མཆོད་རྟེན་གྱི་རྩེ་ནས་རས་ཡུག་འདོམ་བཞི་བརྒྱ་ཡོད་པ་དཔྱངས་ན་བང་རིམ་གོང་མ་ལ་སླེབས་ཙམ་བཞུགས་སོ། མཆོད་རྟེན་ཆེན་པོའི་མཐའ་སྐོར་དུ་ཀླུས་ཕུལ་ཞིང་རྒྱུ་རིན་པོ་ཆེ་ལས་བསྒྲུབས་པའི་མཎྜལ་པདྨ་འདབ་བརྒྱད་ཀྱི་དབྱིབས་ཅན། འདོམ་ལྔ་བཅུ་རེ་ཡོད་པ་སུམ་ཅུ་རྩ་བདུན། དེའི་ཕྱི་རོལ་དུ་མཆོད་རྟེན་བརྒྱ་རྩས་བསྐོར་བ།ནུབ་བྱང་དང་ལྷོ་ནུབ་གཉིས་སུ་དཔལ་མགོན་ཀླུ་སྒྲུབ་ཀྱིས་བཞེངས་པའི་ཇོ་བོ་བྱང་ཆུབ་ཆེན་པོ་དང་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཆེན་མོ་གཉིས། བྱང་ཤར་དང་ཤར་ལྷོར་སྒྲོལ་མའི་ལྷ་ཁང༌། ལྕགས་རི་ཕྱི་ནང་གཉིས་ལས་ནང་མའི་མཐའ་སྐོར་ལ་ཉིན་ལམ་གཅིག་དང་ཕྱི་མའི་མཐའ་སྐོར་ལ་ཉིན་ལམ་བཅུ་གཉིས་ཡོད་པའི་ནང་ལོགས་སུ་རྡོ་ལ་བརྐོས་པའི་སྐྱེས་རབས་འབུར་དུ་དོད་པ། ལྕགས་རི་སྟེང་གི་ཁོར་ཡུག་ཐམས་ཅད་དུ་རྡོ་ཀྲ་མ་ཤིརྵ་ལས་བྱས་པའི་མཆོད་རྟེན་དཀར་པོ་དཔངས་མི་ལུས་གཉིས་ཙམ་པས་ཡོངས་སུ་བསྐོར་བ། ཤར་སྒོར་རྒྱུ་རྡོ་ལས་གྲུབ་པའི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་གྱི་སྐུ་བརྙན་ཆེ་ཞིང་འཇིགས་སུ་རུང་བ་བཅས་བཞུགས་པ་ལ་སྐྱེ་བོ་ལ་ལས་ཁྱབ་འཇུག་གི་ཕོ་བྲང་དུ་འདོད་པ་དང༌། ལ་ལས་དབང་ཕྱུག་གི་མཆོད་རྟེན་དང༌། ལ་ལས་ཚངས་པའི་གནས་དང༌། ལ་ལས་ཨུ་མའི་གནས་སུ་འདོད་དེ་ཕྱི་པ་དང་ནང་པ་ཐུན་མོང་དུ་སྒོ་སོ་སོ་ནས་རང་ལུགས་ཀྱིས་མཆོད་འབུལ་སོགས་བྱེད་ཚུལ་མན་ལུང་གུ་རུ་གནས་དེར་དངོས་སུ་བྱོན་ནས་གསུངས་ཤིང་བོད་དུའགྱུར་བ་ལ་ཕྱིས་ཀུན་མཁྱེན་བུ་སྟོན་པས་ཐང་སྐུར་བྲིས་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་བུ་ལུགས་ལྟར་བྲིས་པ་ཞེས་པ་ལས་གསལ་བ་བཞིན་དང༌།
ཡང་ཉན་ཐོས་དང་རང་རྒྱལ་དང༌། ཐེག་པ་ཆེན་པོའི་ལུགས་གསུམ་ལས། དང་པོ། ཆོས་གོས་བཞི་བསྟབས་ཀྱི་སྟེང་དུ་ལྷུང་བཟེད་སྦུབ་པ་ལ་འཁར་གསིལ་བཙུགས་པ་ལྟ་བུ། གཉིས་པ།རྨང་གྲུ་བཞིའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་དང༌། གསུམ་པ་ལྷུང་བཟེད་སྦུབ་པ་ལྟ་བུ་དང༌། བིམ་པ་ལྟ་བུ་དང༌། ཟླུམ་པོ་གསུམ་དང་གཞན་ཡང་ཁང་བུ་ལྟ་བུ་དང༌། རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་དུ་གསུངས་པ་དང། རྒྱུད་སྡེ་སོ་སོའི་དབང་དུ་བྱས་ནས་བྱ་སྤྱོད་ཀྱི་མཆོད་རྟེན་བང་རིམ་ནང་དུ་བཅག་ཅིང་ཕྱིར་འབུར་བའམ།དབུས་འབུར་ལ་མཐའ་གཉིས་ནང་དུ་བཅུམ་པ་འཁོར་ལོ་བཅུ་གཉིས་ལ་སོགས་གསུངས་པ་དང༌།ཐིག་ལེ་དབང་གི་རྒྱུད་ལས་གོང་གི་མཆོད་རྟེན་གྱི་ལོ་རྒྱུས་ལས་བཤད་ཟིན་པའི་ཤར་བྱམས་པ་རྡོ་རྗེ།ལྷོ་སྙིང་རྗེ་རིན་ཆེན། ནུབ་དགལབ་པད་མ། བྱང་བཏང་སྙོམས་རྒྱ་གྲམ་སོགས་བརྩེགས་པའི་མཆོད་རྟེན་བཞི་དང༌། གསང་སྔགས་རྙིང་མའི་རྒྱུད་དུ་གོང་སྨོས་དགེ་གནས་བརྒྱད་ཀྱི་མཆོད་རྟེན་དང༌། བྱང་ཆུབ་སེམས་དཔའི་སྤྱོད་དབང་ལས་ཐེག་པ་རིམ་པ་དགུ་སོ་སོའི་མཆོད་རྟེན་གྱི་ཚད་དང་དབྱིབས་ཁྱད་པར་ཅན་སོགས་ཤིན་ཏུ་མང་པོ་དག་ནི་བདག་དང་བདག་ལྟ་བུའི་སྤྱོད་ཡུལ་དུ་མ་གྱུར་ཅིང་མཐོང་ཐོས་ཀྱི་ཡུལདུ་མ་གྱུར་པ་དང༌། གྱུར་ནས་ཀྱང་སྔོན་ཐབས་ཤེས་བལ་བོས་པར་བསྐྲུན་གནང་བའི་རྒྱ་གར་གྱི་གནས་ཡིག་ཞེས་པར་འཁོད་པའི་འཕགས་ཡུལ་དུ་དབྱིབས་སྣ་ཚོགསཀྱི་མཆོད་རྟེན་དག་ལ་ནི་དེའི་ཆ་ཚད་དང་བརྡ་ཁྱད་སོགས་ལྟ་ཞོག་མཚན་ཙམ་ཡང་ཐོགས་པར་དཀའ་བར་སྣང་ལ། དེ་བཞིན་དུ་རྒྱ་ནག་དང༌། ལི་དང་ཧོར་གྱི་ཡུལ་དང༌། རྒྱ་གར་ཤར་ལྷོ་ཕྱོགས་ཀྱི་ནང་པ་སངས་རྒྱས་ཀྱི་བསྟན་པ་གང་དུ་དར་བའི་ཡུལ་གྲུ་ཐམས་ཅད་དུ་མཆོད་རྟེན་རྣམ་པ་སྣ་ཚོགས་བཞུགས་པ་ནི་དེབ་འདིའི་པར་རིས་ལས་ཕྱོགས་ཙམ་གསལ་བཞིན་བརྗོད་པའི་མཐའ་དང་བྲལ་བའོ། ། 5/9 མདུན་ངོས། 上一页 3 4 5 6 7 8 下一页 尾页 |