ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །བོད་ལུགས་མཆོད་རྟེན།
སྤེལ་དུས།06-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དཀོན་མཆོག་བསྟན་འཛིན་དང་འཕྲིན་ལ
གངས་ཅན་གྱི་ཡུལ་འདིར་གོང་དུ་བཀོད་པའི་ལོ་རྒྱུས་འགལཞིག་གིས་མཆོད་རྟེན་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་མྱོང་བ་མཐོང་ཐུབ་མོད་དེ་དག་ལས་ཁྱད་པར་གྲགས་ཆེ་བ་ནི།བསམ་ཡས་ཀྱི་མཆོད་རྟེན་རྣམ་ལྔ་དང༌། ངོ་མཚར་རྡོའི་མཆོད་རྟེན། དཔལ་རི་བོ་ཆེའི་མཆོད་རྟེན་ཆེན་པོ། སྐུ་འབུམ་མཐོང་གྲོལ་ཆེན་མོ། འཕན་ཡུལ་ཤར་འབུམ་པ། བྱང་འབྲི་ཏུ་ཕུལ་གྱི་ཆོ་ལོ་འབུམ་པ། ལྷོ་བྱམས་གླིང་མཆོད་རྟེན། འབྲི་གུང་གདན་མཐིལ་མཆོད་རྟེན། དཀར་ཆུང་རྡོ་རྗེ་དབྱིབས་ཀྱི་མཆོད་རྟེན། རྒྱ་མ་རིན་ཆེན་སྒང་གི་མཆོད་རྟེན། གངས་ཏིའི་སེ་མཆོད་རྟེན།ཐང་སྐྱ་འབུམ་ཆེ།རྡོའི་མཆོད་རྟེན་བཀྲ་ཤིས་འོད་འབར་སོགས་གྲགས་ཤིང༌། དེ་དག་ལས་བཟོ་བཀོད་ཁྱད་དུའཕགས་ཤིང་ད་ལྟ་མཇལདུ་ཡོད་པ་ནི། རྒྱལ་རྩེ་ཆོས་རྒྱལ་རབ་བརྟེན་ཀུན་བཟང་འཕགས་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་རྣམ་གཉིས་ཀྱིས་སྤྱི་ལོ་༡༣༨༩ལོར་ཆོས་རྒྱལ་རབ་བརྟན་ཕ་མེས་ཀྱི་འདས་མཆོད་དུ་བཞེངས་པའི་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ཐོག་བརྩེགས་རིམ་པ་དགུ་དང་ལྡན་ཞིང་སྒོ་མང་བརྒྱ་རྩ་བརྒྱད། ལྷ་ཁང་བདུན་ཅུ་དོན་བདུན་གྱི་ནང་དུ་ཟངས་གསེར་དང་སྨན་འཇིམ་སོགས་ལ་གྲུབ་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་འབུམ་ཚར་བཞུགས་པ། མཆོད་རྟེན་གྱི་ཐོག་ཚད་ལྔ་མན་ཟུར་བརྒྱད་ཀྱི་བཀོད་པ་དང༌། ཐོག་ཚད་དྲུག་ཡན་སྒོར་མོའི་དབྱིབས་སུ་གྲུབ་པ། རྩེ་མོ་ཟངས་གསེར་གྱི་རྒྱ་ཕིབས་དང་བཅས་པ།བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་ལུགས་སུ་བཞེངས་པ། བོད་ཀྱི་བཟོ་སྐྲུན་གྱི་སྙིང་སྟོབས་དང་ཤེས་རབ་ཀྱི་རྣམ་པ་གཟུགས་སུ་བཀོད་པ་ངོ་མཚར་བ་དེ་དང༌། གཞན་ཡང་མཆོད་རྟེན་གྱིབཟོ་བཀོད་ཁྱད་པར་ཅན། རྭ་སྒྲེང་དགོན་དུ།ལྷ་བཟོ་མཁས་པ་ཨ་ཙ་ར་མ་ནུ་ཞེས་བྱ་བས་བཟོ་རྩལ་ལས་ཐོན་པའི་ཇོ་བོའི་གདུང་ཁང་ཕྱི་དངུལ་གྱི་མཆོད་རྟེན་གྱི་རྣམ་པ་ཅན། ནང་གཞལ་ཡས་ཁང་དཀྱིལ་འཁོར་ལྷ་ཚོགས་ལ་གསེར་གྱི་ཡི་གེ་བརྐོས་མའི་གཟུངས་ཅན། དེའི་རི་རབ་ཕ་རོལ་ཕྱིན་པའི་ལུགས་ལ་མདུན་དུ་ཐུབ་པ་གཙོ་འཁོར་གསུམ། ནུབ་ཏུ་ཐུབ་པ་དམ༌ཚེག་གསུམ་བཀོད་གཙོ་འཁོར་གསུམ།བྱང་དུ་བྱམས་པ་མངོན་པར་བྱང་ཆུབ་པའི་གཙོ་འཁོར་གསུམ། ཤར་དུ་སྨན་བླ་གཙོ་འཁོར་གསུམ།མཆོད་རྟེན་གྱི་བུམ་པའི་ནང་གསང་སྔགས་ཀྱི་ལུགས་སུ་བྱས་ཏེ་གསང་འདུས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་བཅུ་དགུ་ཕྱི་ནང་འབུར་དོད་པ་ལ་ཕྱོགས་བཞིར་ཡབ་བཞི། མཚམས་བཞིར་ཡུམ་བཞི། ལྷ་མོ་དྲུག་འབུར་དུ་དོད་པ། ཁྲོ་བོ་བཞི་ནས་འབྲུ་ཙམ་རེ་སྟེ་ཟུར་གྱི་མཆོད་རྟེན་ནང་དུ་བཞུགས་པ་སོགས་ཁྱད་པར་ཅན་དང༌། མདོར་ན་སྐྱེས་ཆེན་དམ་པའི་སྐུ་གདུང་རིལ་པོ་དང༌།ཡང་ན་སྐུ་རུས་གདུང་ཐལ་སོགས་བཞུགས་པའི་གདུང་རྟེན་དང༌། མི་བཞུགས་པའི་མཆོད་རྟེན་རྒྱུད་དང་བཟོ་བཀོད་སྣ་ཚོགས་ཀྱིས་བོད་ཁམས་ཀུན་ཏུ་ཁྱབ་པའོ། །
༢ སྐུ་གདུང་ཆ་བརྒྱད་ཀྱི་དབྱིབས་དང་མཚན་གྱི་རྣམ་གྲངས།
དཔལ་མགོན་ཀླུ་སྒྲུབ་ཀྱིས་ཡོངས་གྲགས་དང་མཐུན་པར་གནས་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་དང་རྣམ་གཞག་མཛད་པ་ལྟར་མཆོད་རྟེན་བརྒྱད་དུ་ཡོངས་སུ་གྲགས།
དང་པོ། སྟོན་པ་སྐུ་བལྟམས་པའི་ཚེ་གྲོང་ཁྱེར་སེར་སྐྱའི་ལུམྦི་ནའི་ཚལ་དུ་ཟས་གཙང་སོགས་ཀྱི་བཞེངས་པའི་བདེ་གཤེགས་མཆོད་རྟེན་ནམ་པདྨ་སྤུངས་པའི་མཆོད་རྟེན། ཡང་ན་བཀྲ་ཤིས་འབྱུང་བའི་མཆོད་རྟེན་ནི་ཟླུམ་པོ་པདྨའི་འདབ་མ་ཅན་བང་རིམ་བཞིའམ་བདུན་དུ་བརྩེགས་པ།
གཉིས་པ། རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་ཚེ་གཟུགས་ཅན་སྙིང་པོ་སོགས་ཀྱིས་བཞེངས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ།
གསུམ་པ། ཝྰ་མཱ་ཎ་སྰིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འཁོར་ལྔ་སྡེ་བཟང་པོས་བཞེངས་པའི་ཡེ་ཤེས་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན་དང༌། ཡང་ན་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་དབྱིབས་གྲུ་བཞི་བང་རིམ་བཞི་གློ་འབུར་དང་བཅས་པ་སྒོ་རབ་བརྒྱ་རྩ་བརྒྱད། འབྲིང་ལ་ང་དྲུག ཐ་མ་བཅུ་དྲུག་སོགས་ཅི་རིགས་དང་སྒོ་བཞི་རེ་བྱས་པ་བདེན་བཞིའི་མཚོན་བྱེད་དང་བརྒྱད་ར་བྱེད་པ་རྣམ་ཐར་བརྒྱད་དུ་མཚོན་བྱེད་དང༌། བཅུ་གཉིས་སུ་བྱེད་པ་རྟེན་འབྲེལ་བཅུ་གཉིས།བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་གི་མཚོན་ཚུལ་བཅས་མང་བར་གསུངས་སོ། །    
བཞི་པ། མཉན་ཡོད་ཛེ་ཏཱའི་ཚལ་དུ་ཆོ་འཕྲུལཆེན་པོ་བསྟན་པའི་ཚེ་ལི་ཙ་བྱི་སོགས་ཀྱིས་བཞེངས་པའི་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་ནམ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ། ཕྱོགས་རེར་གློ་འབུརདང་བཅསཔ།
ལྔ་པ། སྟོན་པ་སུམ་རྩེན་དུ་དབྱར་གནས་མཛད་དེ་ཡུམ་བདེན་པ་ལ་བཀོད་ཅིང་སྔ་དྲོ་དགག་དབྱེ་མཛད། ཕྱི་དྲོ་འཛམ་བུའི་གླིང་དུ་ཕེབས་པའི་ཚེགས་ལ་ལྡན་པ་རྣམས་ཀྱིས་ཡངས་པ་ཅན་གསལ་ལྡན་དུ་བཞེངས་པའི་ལྷ་ལས་བབས་པའི་མཆོད་རྟེན་ནམ་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་དུ་གྲགས་པ། བང་རིམ་བཞིའམ་བརྒྱད་པ། ངོས་རེར་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པ།
དྲུག་པ། རྒྱལ་པོའི་ཁབ་ཏུ་ལྷས་བྱིན་དགེ་འདུན་དབྱེན་བྱེད་པ་མཆོག་ཟུང་གིས་འདུམ་པའི་ཚེ་རྒྱལ་བྱེད་སོགས་མ་ག་དྡྷ་བས་བཞེངས་པའི་དབྱེན་ཟླུམ་མཆོད་རྟེན་ནམ་འོད་ཟེར་ཅན་ནམ་བྱམས་དངོས་མཆོད་རྟེན་དུ་གྲགས་པ་བང་རིམ་བཞི་པ་གྲུ་བཞིའི་ཟུར་བཞི་མཉམ་པར་བཅད་པ་ལྟ་བུ།
བདུན་པ། ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་དུ་བྱིན་གྱི་བརླབས་པའི་ཚེ་གྲོང་ཁྱེར་པ་རྣམས་ཀྱིས་བཞེངས་པའི་བྱིན་རླབས་མཆོད་རྟེན་ནམ་རྣམ་པར་རྒྱལ་བའི་མཆོད་རྟེན་ནི། དབྱིབས་ཟླུམ་པོ་བང་རིམ་གསུམ་དང་ལྡན་པ།
བརྒྱད་པ། གྲོང་ཁྱེར་རྩྭ་ཅན་དུ་མྱ་ངན་འདས་པའི་མཆོད་རྟེན་དུ་གྲགས་པ་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་རྟེན་ཡན་ཆད་དྲིལ་མདོང་གི་དབྱིབས་ལྟར་བཞུགས་པ་བཅས་སོ། །མྱ་ངན་འདས་པའི་མཆོད་རྟེན་ལ་ཡང་ཆ་བརྒྱད་དུ་བགོས་ནས་བཞེངས་པའི་མཆོད་རྟེན་སྐུ་གདུང་ཆ་བརྒྱད་དང༌། རས་ཚིག་པ་དང༌། མ་ཚིག་པ་དང་སོལ་བའི་མཆོད་རྟེན་དེ་བཅུ་གཅིག་སོགས་སྤྲོས་པ་མང་ཡང་དབྱིབས་གཟུགས་བདེ་གཤེགས་མཆོད་རྟེན་བརྒྱད་ཁྱབ་པ་རྒྱ་ཚེབ་མཁས་པས་གསངས་སོ། །
༣ མཆོད་རྟེན་གྱི་ཆ་ཚད་གཡའ་སེལ་ལུགས་དང་མཐུན་པ།
སྤྱིར་མཆོད་རྟེན་གྱི་ཚད་དབྱིབས་ལ་ངེས་པ་མེད་དེ། མཆོད་རྟེན་བརྒྱད་ཀྱི་གཙོ་བོ་བྱང་ཆུབ་ཆོས་ཀྱི་མཆོད་རྟེན་ནི། སྟོན་པ་ཤཱཀྱའི་རྒྱལ་པོ་དེ་ཉིད་རྒྱ་གར་རྡོ་རྗེ་གདན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཏེ་མངོན་པར་རྫོགས་པ་སངས་རྒྱས་པའི་སར་བཞེངས་པ་དང༌། སྤྱིར་མཆོད་རྟེན་གྱི་མཚོན་བྱ་གཙོ་བོ་ཡང་ཡེ་ཤེས་ཆོས་སྐུ་སྟེ། རྣམ་མཁྱེན་དང་ཏིང་ངེ་འཛིན་ལ་སོགས་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡིན་པས་ན། དེ་ལ་ཚད་དང་དབྱིབས་ཀྱི་ངེས་པ་མེད་པའི་ཕྱིར་དང༌། ཡང་གོང་གི་མཆོད་རྟེན་གྱི་ལོ་རྒྱུས་ལས་བཤད་ཟིན་པ་ལྟར།སྤྱིར་སྣོད་ཀྱི་འཇིག་རྟེན་འདི་ཉིད་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་དུ་བཞེད་པ་དང༌། མདོ་སྡེ་རྣམས་ལས་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་དཔག་ཚད་ཀྱི་རྒྱ་ཁྱོན་གསུངས་པ། ཡང་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ་གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ། སྲོག་ཤིང་ནི་ཁབ་ཙམ་ཞེས་ཁང་བུ་བརྩེགས་པའི་མདོ་ལས་བཤད་པས། རང་རང་གི་སེམས་ཀྱི་སྟོབས་དང་འབྱོར་བའི་ཁྱད་པར་ཙམ་མོ། ། འོན་ཀྱང་བཟོ་ཉེས་འགོག་སླད་འཕགས་བོད་མཁས་པ་མང་པོས་མཆོད་རྟེན་ཆ་ཚད་ཀྱི་བསྟན་བཅོས་མཛད་ཅིང༌། དེ་ཡི་ལག་ལེན་གལ་ཆེ་ཚུལ་ཡང་རྒྱས་པར་གསུངས་སོ། ། མཆོད་རྟེན་ཆ་ཚད་ཀྱི་གཞུང་གཙུག་ཏོར་དྲི་མེད་ཀྱི་འགྲེལ་པ་རྒྱ་གཞུང་དུ་གྲགས་པ་ལ་བོད་ཀྱི་མཁས་པ་ཕལ་ཆེས་དཔང་པོ་བྱེད་ཅིང༌། བུ་སྟོན་དང༌། སྟག་ཚང་ལོ་ཙཱ་བ། སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡམ་བཟང་པོ་སོགས་ཀྱིས་མཆོད་རྟེན་ཆ་ཚད་ཀྱི་བསྟན་བཅོས་མཛད། དེ་དག་གི་ལེགས་་རྣམས་བསྡུས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཡོངས་གྲགས་སུ་སྣང་བ་ལྟར་བོད་ལུགས་བྱང་ཆེན་མཆོད་རྟེན་གྱི་ཆ་ཚད་མདོ་ཙམ་བསྟན་པ་ནི།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号