ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །བོད་ལུགས་མཆོད་རྟེན།
སྤེལ་དུས།06-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དཀོན་མཆོག་བསྟན་འཛིན་དང་འཕྲིན་ལ
བོད་དུ་རང་བྱང་གི་མཆོད་རྟེན་བཞུགས་ཚུལ་བཤ་པ། 
བོད་དུ་རང་བྱུང་གི་མཆོད་རྟེན་ཡོད་ཚུལ་ལ། མཁས་གྲུབ་ངག་དབང་ཕྲིན་ལས་ཀྱིས་མཛད་པའི་གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང་དང༌། སློབ་དཔོན་པདྨའི་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་སོགས་ལས། ཏི་སེ་གངས་ཅན་ཤེལ་གྱི་མཆོད་རྟེན་དབང་ཕྱུག་ཆེན་པོའི་བསྟི་གནས་ཞེས་བྱུང་བ་དང༌། གནས་མཆོག་རི་བོ་ཏི་སེའི་ཕྱི་དབྱིབས་ནི་ཤེལ་གྱི་མཆོད་རྟེན་གྱི་རྣམ་པར་བཞུགས་པ་དེ་ཕྱི་པ་དང་བཅས་པའི་གནས་ཡིག་ཀུན་མཐུན་ཚུལ་རྒྱས་པ་བྱུང་བ་དང༌། འབྲི་གུང་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་གངས་དཀར་ཏི་སེ་དང་མཚོམ་དྲོས་པ་བཅས་ཀྱི་སྔོན་བྱུང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང་གི་གནས་མཆོག་གང་གི་ངོ་མཚར་བའི་ཆེ་བ་བརྗོད་པ་ལས། སློབ་དཔོན་པདྨས་རྒྱུ་སྐར་ཉེར་བརྒྱད་བཏུལ་ནས་གཏེར་ཁ་སྦས་པའི་གླང་ཆེན་སྦས་ཕུག་གི་ཡ་ཚད་གངས་ཐད་ཀྱི་རི་བོ་མཐོ་བ་ནི།གཙུག་ཏོར་རྣམ་རྒྱལ་མའི་མཆོད་རྟེན་ཡིན་ཚུལ་དང༌། སྒྲོལ་མ་ལའི་གཡོན་ཕྱོགས་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་རི། མཁའ་འགྲོ་ཁྲུས་མཚོའི་ཐུར་གྱི་ཤར་ཕྱོགས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ཕོ་བྲང་དང་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་རི་ཡོད་པར་གསུངས་པ་དང༌། སློབ་དཔོན་པདྨས་གསུངས་པའི་སྦས་པའི་རོང་ཆེན་བཞིའི་ནང་ཚན་ཤར་ཕྱོགས་རྒྱལ་མོ་རོང་གི་གནས་ཆེན་དམུ་རྡོ་གཡུང་དྲུང་སྤུངས་རྩེ་སོགས་རི་བོ་དྲུག་ཅུའི་དཀར་ཆག་ལེགས་བྱུང་ལས། ལྷོ་ནུབ་རྣམ་དག་པདྨ་རྒྱས་པ་ལ། །བརྒྱ་དང་ཉེར་གཅིག་མཆོད་རྟེན་བསྐོར་བའི་ཚུལ། ། ཞེས་གནས་ཆེན་རྒྱལ་མོ་དམུ་རྡོའི་ལྷོ་ནུབ་ཏུ་རང་བྱུང་གི་མཆོད་རྟེན་བརྒྱ་དང་ཉེར་གཅིག་ཡོད་པར།དེང་སང་ཡང་ལྷུན་པོ་བརྩེགས་པའི་མཆོད་རྟེན་དང༌། རང་བྱུང་མཆོད་རྟེན་དང་། རྣམ་དག་མཆོད་རྟེན་དང་།ཟུར་མང་མཆོད་རྟེན་སོགས་བྲག་རང་བྱུང་གི་མཆོད་རྟེན་དབྱིབས་དང་རི་མོ་སྣ་ཚོགས་ཅན་ངོ་མཚར་བ་མང་པོ་མཇལ་རྒྱུ་ཡོད་པ་དང༌། གནས་དེའི་གཡུང་དྲུང་ཆུ་འཁོར་གླིང་གི་ཆུའི་ནང་དུ་བཻ་རོ་ཙ་ནས་ཕྱག་ནས་གཏོར་བ་ལས་ཆུའི་མཆོད་རྟེན་བརྒྱ་རྩབརྒྱད་བྱུང་ཞིང༌། ད་ལྟ་ཡང་གཟའ་སྐར་དགེ་བར་གསོལ་མཆོད་གཙང་སྦྲ་བྱེད་ན། རང་བྱུང་ཆུའི་མཆོད་རྟེན་དངོས་སུ་མཇལ་དུ་ཡོད་ཚུལ་བཤད་པ་སོགས་ཀྱིས་མཚོན། ། བོད་ཀྱི་གནས་ཆེན་ཁག་ཏུ་རང་བྱུང་གི་མཆོད་རྟེན་བགྲང་གིས་མི་ལང་པ་ཞིག་ཡོད་པ་ཤུགས་ལས་རྟོགས་པར་འགྱུར་བ་བཅས་མཆོད་རྟེན་རྣམ་བཞག་བྱུང་བ་དང་བཅས་མདོར་བསྡུས་ཤིག་ཐོག་མར་བྲིས་པའོ། །
༡༡ མཆོད་རྟེན་བྱིན་གྱིས་བརླབས་པའི་ནང་གཞུག་དང་
རབ་གནས་བྱེད་ཐབས།
དེ་ལྟར་གསེར་དང་དངུལ་ལ་སོགས་རིན་པོ་ཆེའི་རིགས་དང༌། ས་རྡོ་དང༌། ཙན་དན་དང་བྱང་ཆུབ་ཀྱི་ཤིང་ལ་སོགས་ལྗོན་པ་བཟང་པོ་ལས་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད།དགེ་གནས་བརྒྱད་ཀྱི་མཆོད་རྟེན། མ་མོ་བརྒྱད་ཀྱི་མཆོད་རྟེན། ཐེག་པ་གོང་འོག་གི་ལུགས་ཀྱི་མཆོད་རྟེན་སྣ་ཚོགས་པ་སོགས་རྒྱལ་བའི་ཐུགས་ཀྱི་རྟེན་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་ཆ་ཤས་གནས་སྐབས་གདུལ་བྱ་གང་འདུལ་གྱི་སྒོ་ནས་མཆོད་པའི་རྟེན་དུ་བསྐྲུན་ཅིང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་མངོན་དུ་རེག་པར་བྱེད་པ་སྟེ། ཕྱིའི་གཟུགས་དབྱིབས་བཀོད་པ་མཁས་གྲུབ་ཀྱི་གཞུང་དང་མི་འགལ་ཞིང་སྐྱེ་བོ་ཀུན་གྱི་དང་བ་འདྲེན་པ་ཞིག་འགྲུབ་འཕྲལ། དེ་ལ་ནང་གཞུག་དང་རབ་གནས་ཚད་ལྡན་གལ་ཆེ་སྟེ། ཇི་སྐད་དུ། བསྟན་འགྲོའི་ཕུན་ཚོགས་རྒྱལ་བའི་རྟེན་ལས་འབྱུང༌། ། དེའི་ནང་གཞུག་མི་ལ་སྲོག་བཞིན་གཅེས། ། ཞེས་ནང་གཞུག་གལ་ཆེ་ཚུལ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་སོགས་མཁས་དབང་དུ་མའི་གསུངས་ལས་འབྱུང་བ་དང༌། རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལས། བྱིན་མ་བརླབས་པར་རིང་གནས་ན། ། དེ་ལ་བཀྲ་མི་ཤིས་འབྱུང་ཞིང༌། ། ཇི་སྲིད་མཆོད་པར་དེ་མི་འོས། ། དཔེར་ན་སྐྱེ་བུ་ལལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ན། ། འཇིག་རྟེན་ཀུན་གྱིས་མཆོད་མི་བྱ། །ཞེས་གསངས་པ་ལྟར་དང༌། རྟེན་ལ་ནང་གཞུག་དང་རབ་གནས་ཚུལ་བཞིན་་བསྒྲུབས་པའི་ཕན་ཡོན་ནི། ཇོ་བོའི་རབ་གནས་ལས། ཟླ་བ་གཟའ་དང་སྐར་མ་དང་། །ཉི་མ་དུས་སྦྱོར་འཛོམས་པ་གཅིག །ཇི་སྐད་གསུངས་པ་བཞིན་བྱེད་ན། ། བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང༌། ། རབ་ཏུ་གནས་པ་མཆོག་གྱུར་ཏེ། ། འཁོར་ལོ་སྒྱུར་རྒྱལ་དབང་ཕྱུག་ནི། ། འཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། ། ཅེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཚུལ་ཚད་མར་འོས་པའི་བསྟན་བཅོས་དུམ་ནས་གསུངས་པ་བཞིན་ཤེས་པར་བྱ་ལ།
ཐོག་མར་མཆོད་རྟེན་ལ་ནང་གཞུག་འབུལ་བ་ནི། དེའང་རྒྱུ་སྦྱིན་པའི་བདག་པོར་གྲགས་འདོད་དང་སེར་སྣ་སོགས་ཀྱིས་དྲི་མས་མ་བསླད་ཅིང༌། རྐྱེན་བཟོ་བོ་ཉོན་མོང་པས་ཆ་ཚད་དང་མི་ལྡན་པ་སོགས་ཀྱི་སྐྱོན་སྤངས་པའི་རྒྱལ་བའི་ཐུགས་ཀྱི་རྟེན་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་ཚད་དང་ལྡན་པ་ཞིག་སྐྱེ་དགུ་སྤྱི་མཐུན་གྱི་བསོད་ནམས་ཀྱི་ཞིང་དུ་བསྒྲུབ་པ་ལ། བྱང་ཆུབ་སྙིང་པོ་རྒྱན་གྱི་གཟུངས་ཀྱི་ཆོ་ག་ཞེས་བྱ་བ་སོགས་ཡང་དག་པའི་གཞུང་ལས། གཟུངས་འབུལ་བ་པོ་རབ་ན་དགེ་སློང་རྡོ་རྗེ་འཛིན་པ། འབྲིང་དགེ་ཚུལ་ཐ་མ་དགེ་བསྙེན་དང་ཁྱིམ་པ་ཡིན་ཀྱང་གསོ་སྦྱོང་བླངས་པ་སྟེ། ཤ་ཆང་སྒོག་ཙོང་སོགས་སྤང་ཞིང་གཙང་སྦྲ་ལ་གནས་པ། སྡོམ་པ་དང་ལྡན་ལ་ལག་ལེན་ལམཁས་ཤིང་ཞིབ་པ། ངང་རྐྱུ་རིང་ཞིང་བརྩོན་འགྲུས་དང་ལྡན་པས། ནང་གཞུག་རིང་བསྲེལ་ལྔར་གསུངས་པའི་སཱཙྪ་མཆོད་རྟེན་གྱིས་མཚོན་པའི་ཆོས་སྐུའི༌རིང་བསྲེལ་དང༌། གང་ཟག་མཆོག་གི་གདུང་རུས་ཏེ་དེ་བཞིན་གཤེགས་པའི་སྐུ་གདུང་གི་རིང་བསྲེལ་དང༌། དབུ་སྐྲ་སེན་མོ་སོགས་ཀྱི་ཆ་ཤས་ཏེ་སྐུ་བལ་གྱི་རིང་བསྲེལ་དང༌། སངས་རྒྱས་གཙོ་བོར་གྱུར་པའི་ཤ་རྰི་རཾ་འཕེལ་གདུང་དུ་གྲགས་པ་སྟེ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང༌། གཟུགས་སྔགས་དང་གླེགས་བམ་སྟེ་ཆོས་ཀྱི་རིང་བསྲེལ་བཅས་ལྔ་པོ་ཚང་བ་འབུལ་དགོས་ཤིང༌། ཁྱད་པར་ཡུངས་འབྲུ་ལྟ་བུ་དང་ཆོས་ཀྱི་རིང་བསྲེལ་བཅས་ཀྱི་ནང་གཞུག་ངེས་པར་ཞུགས་དགོས་པར་གསུངས་སོ། །
སྲོག་ཤིང༌།
ནང་གཞུག་གི་སྟ་གོན་སྲོག་ཤིང་ནི། རབ་ན་རྒྱུ་ཙན་དན་དཀར་དམར་དང༌། ཨ་ག་རུ་ལྟ་བུ། ཐ་མ་ཤུག་པའམ་འབྲས་ལྡན་གྱི་ཤིང་རྣམས་བཟང་ལ།
སྲོག་ཤིང་ལ་ཁོང་རུལ་དང་གས་ཆག་འབུས་ཟོས་སོགས་ཀྱི་སྐྱོན་མེད་པ། གནས་རི་བཟང་པོར་སྐྱེས་པའི་ཤིང༌། དེར་གནས་ཀྱི་མི་ལ་བསླང༌། མི་མ་ཡིན་ལ་མཆོད་གཏོར་ཕུལ་ནས་གནང་བ་ཞུས་ཏེ། ཡར་ངོ་དང་གཟའ་སྐརལེགས་པར་ཤར་ཕྱོགས་མི་ནོར་བའི་མཚན་མ་བཏབ་སྟེ་བཅད་ནས་སྐམ་དུ་བཅུག དབྱིབས་གྲུ་བཞི་རྩ་རྩེའི་རྣམ་པ་ཅན་དུ་བྱེད་པའམ། ཡང་ན་མཆོད་རྟེན་གྱི་སྲོག་ཤིང་ལ་བྲེའི་སྟེང་གི་གདུགས་འདེགས་ཡན་ཆད་ཟླུམ་པོ་དང་མན་ཆད་གྲུ་བཞིར་བྱེད་པ་དང༌།སྲོག་ཤིང་གི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང༌། རྩ་བར་རྡོ་རྗེ་ཕྱེད་པ་བྲི་རྐོ་གང་རུང་བྱ། རིང་ཐུང་གི་ཚད་ནི། སྐུ་གཟུགས་ལ་སྐྱིལ་ཀྲུང་ནས་གཙུག་ཏོར་དང༌། མཆོད་རྟེན་ལ་རྨང་དགེ་བའམ་གདོང་ཆེན་ནས་རྩེ་མོ་དང༌། ཡང་ན་བུམ་གདན་ནས་ཉི་ཟླའི་བར་སླེབས་པར་བྱ། ཁ་དོག རང་མདོག་ཙན་དན་དམར་པོ་ལྟ་བུ་ཡིན་ན་ཚོན་མི་བྱུག གཞན་ལ་མཚལ་བྱུག་པའི་སྟེང་དུ་གསེར་དངུལ་སོགས་ཀྱི་གཟུངས་འབྲི། ཡང་ན་དྲི་བཟང་བྱུག་པ་སོགས་རྒྱས་པའི་ལས་གཙོ་བོར་བྱེད།དེ་ལ་གས་སྲུབ་དང་བུ་ག་བྱུང་ན་སྨན་འདམ་དང་ཚོན་གྱིས་བསུབས་པའི་སྟེང་རབ་གསེར་དངུལ། འབྲིང་རྒྱ་མཚལ། ཐ་མ་རྒྱ་སྣག་གིས་ལཉ་ཝར་ར་མ་དབུ་ཅན་གཟུགས་ཀྱིས་མཆོད་རྟེན་གྱི་བྲེའི་ཐད་ཨོཾ། བྲེ་རྟེན་ལ་ཨཱ། བུམ་དབུས་ཧྰུཾ།བུམ་སྨད་ལ་སྭྰ། བུམ་གདན་ནམ་བང་རིམ་ཐད་དུ་ཧཱ་ཞེས་འབྲི།
སྲོག་ཤིང་གི་རྩེ་མོ་དང་འོག་གི་ཕྱོགས་བཞིར་རྩེ་མོར་ཧྰུཾ།ཤར་དུ་ཨོཾ། ལྷོར་ཏྲྰཾཿ། ནུབ་ཏུ་ཧྲྰིཿབྱང་དུཨཱཿརྣམས་འབྲི། རྩེར་མཆོད་རྟེན་ཡོད་ན་བུམ་ངོས་དང༌། མེད་ན་སྲོག་ཤིང་རྩེ་མོའི་ངོས་ལ་རྣམ་རྒྱལ་གྱི་སྙིང་པོ་ཨོཾ་བྷྰུཾྃ་སྭྰ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་སྭྰཧཱ། ཞེས་འབྲི། མཆོད་རྟེན་གྱི་བྲེའི་ཐད་དུ་ཨོཾ་སརྦ་བིདྱྰ་སྭྰ་ཧྰ།ཞེས་རིག་པ་ཆེན་པོའི་སྔགས་དང༌། བྲེ་ལ་དབྱངས་གསལ། བུམ་པའི་ཐད་དུ་ཨོཾ་བཛྲ་ཨྰ་ཡུ་ཥེ་སྭྰ་ཧཱ། ཞེས་དང༌། ལྷ་རང་རང་གི་གཟུགས་དང་སྙིང་པོ་བྲི། དེ་འོག་ངོས་གཙུག་ཏོར་རྣམ་རྒྱལ། དྲི་མེད་གསང་བའི་རིང་བསྲེལ། བྱང་ཆུབ་རྒྱན་འབུམ་བཞིའི་གཟུངས་རིང་ཐུང་རྣམས་དང༌། བཞི་ཀའི་གཤམ་དུ་རྟེན་སྙིང་རྒྱ་སྐད། ཡེ་དྷརྨ་དང༌། བོད་སྐད་ཀྱི་ཆོས་རྣམས་ཐམས་ཅད་སོགས་ཀྱི་ཚིག་བཅད་འབྲི། ཤོང་ན་སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་གི་ཚིགས་སུ་བཅད་པ་ཚང་བ་དང༌། བཟོད་པ་དཀའ་ཐུབ་དམ་པ་སོགས་རྒྱ་བོད་ཀྱི་སྐད་གང་རུང་དག་པར་འབྲི། རྩ་བར་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭྰ་ཧཱ། ཞེས་འབྲིའོ། ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号