ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །བོད་ལུགས་མཆོད་རྟེན།
སྤེལ་དུས།06-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དཀོན་མཆོག་བསྟན་འཛིན་དང་འཕྲིན་ལ
མཆོདརྟེན་རབ་གནསཀྱིཆོ་ག
དང་པོར་རྣལ་འབྱོར་པ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ།རིག་པའི་སྡོམ་པ་འཛིན་པ། གསང་བའི་མཆོད་པའི་བྱ་བ་ཤེས་པ། དཔལ་ལ་བརྟན་པ། སྤྲོ་བ་ཆེ་བ། དུལ་བ་འཕྲིན་ལས་རྣམ་པ་བཞིའི་སྤྱོད་པ་དང་ལྡན་པ། གསང་བའི་ཡེ་ཤེས་བསླབས་པ། ཕྱག་རྒྱ་བཞི་བསྒོམ་པར་མོས་པའི་རྣལ་འབྱོར་པ་དང་། སྒྲུབ་པའི་གྲོགས་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ།གསང་བའི་ཆོ་ག་བྱ་བ་ཤེས་པ། གཙང་མ། བློདང་ལྡན་པ། སྙིང་སྟོབས་དང་ལྡན་པའི་རྣལ་འབྱོར་པས།གྲོང་ཁྱེར་རམ་གྲོང་རྡལ་ལམ། ནགས་ཚལ་ལམ་ལྗོངས་སམ། ཀུན་དགའ་ར་བའམ།  གཙུག་ལག་ཁང་དུ་ལུགས་སུ་བླུགས་པའམ། འབུམ་དུ་བརྐོས་པའམ། རི་མོར་བྲིས་པའི་མཆོད་རྟེན་ཐུགས་ཀྱི་རྟེན་དང༌། ཡང་ན་ཞི་བའམ། དབང་ངམ། རྒྱས་པའམ། མངོན་སྤྱོད་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་བྱེད་པར་འདོད་ན་དཀྱིལ་འཁོར་གྱི་གཞིའི་ཉེ་འཁོར་དུ་དྲིས་ཉེ་བར་བྱུགས་ནས་དཀོན་མཆོག་གསུམ་དང༌། རབ་ཏུ་གནས་པར་བྱེད་པའི་ལྷ་དང༌། རྡོ་རྗེ་སློབ་དཔོན་ལ་དམིགས་ཏེ། མཎྜལ་ལྔ་དང་མཆོད་པ་ལྔ་སོགས་བཤམས་ནས་སྟོད་གཡོགས་དང་སྨད་གཡོགས་བགོས། ཅོད་པན་དང་རྒྱན་བཏགས་ཏེ། ཕྲེང་བ་དང་དག་བྱེད་
དང་ལྡན་པས་སྐར་མ་རྒྱལ་དང་གཟའ་ཕུར་བུའི་ཉིན་པར་ཁྲུས་བྱས་ཤིང་ཟས་དཀར་གསུམ་ཟ། གདུགས་དང་རྒྱལ་མཚན་དང་བ་དན་དང་དྲིལ་བུ་རྣམ་བྲིས་ཏེ་གུ་གུལ་གྱི་དུད་པས་བདུགས་པ་དང༌།ཡུངས་དཀར་གྱིས་བགེགས་བཟློགས་ནས་བསྙེན་པ་དང༌། དེ་ལ་རེ་ཞིག་རྣམ་པར་རྟོགས་པ་ཤས་ཆུང་ན། སྟོང་པ་ཉིད་ཀྱིས་ཁྲུས་བྱ་བ་ལྕེ་བྱིན་གྱིས་བརླབ་པ་དང༌། ལག་པ་བྱིན་གྱིས་བརླབ་པ་དང༌། ཁྲོ་བོ་བཞིའི་ལུས་བསྐྱེད་པ་དང༌། ཁྲོ་བོ་གསུམ་གྱིས་བགེགས་བསལ་བ་དང༌། ཁྲོ་བོ་དྲུག་གིས་ཕྱོགས་བཅིང་བ་དང༌། ཁྲོ་བོ་གསུམ་གྱིས་ར་བ་དང་དྲ་བ་བྱས་ལ། མཆོད་པ་བྱིན་གྱིས་བརླབས་ནས་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ། མཆོད་པ་དང་ཕྱག་བཙལ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདལ་བར་གསོལ་བ་གདབ་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྡོམ་པ་འཛིན་པ་དང༌། གཟུགས་བརྙན་གྱི་ལྷར་བསྐྱེད་ནས་མཉམ་པའི་ཐལ་མོ་དང༌། རྡོ་རྗེ་ཐལ་མོ་དང༌།རྡོ་རྗེ་བསྡམས་པ་དང༌། བསྡམས་པ་དྲལ་བ་དང༌། ཡེ་ཤེས་དབབ་པ་དང༌། དབབ་པ་ཉེ་བར་བསྡུ་བ་དང༌། ངན་སོང་དགུག་ཅིང་སྡིག་པ་དྲལ་བ་དང༌། དཀྱིལ་འཁོར་སྙིང་གར་བསྡུ་བ་དང༌།མངོན་པར་བྱང་ཆུབ་ལྔས་ལྷར་བསྐྱེད་ལ། བྱིན་གྱིས་བརླབ་པ་དང༌། ཏིང་ངེ་འཛིན་བསྒོམ་པ་དང༌། སྙིང་གར་དབང་བསྐུར་བ་དང༌། འཕྲིན་ལས་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བ་དང༌། རྣལ་འབྱོར་ཆེན་པོ་བསྐྱེད་པ་དང༌། རྗེས་སུ་རྣལ་འབྱོར་དེ་བཞིན་གཤེགས་པའི་ཁམས་གཞུགས་པ་དང༌།བྱིན་གྱིས་བརླབས་པ་དང༌། དབང་བསྐུར་བ་དང༌། མཆོད་པ་དང་བསྟོད་པ་བྱས་པ་དང་བདག་ཉིད་ཐབས་ཀྱི་འཁོར་ལོ་རྫོགས་པར་བྱས་ལ། ཡེ་ཤེས་ཀྱི་ས་སྦྱོང་པ་སྟོང་པ་ཉིད་བསྒོམས་པ་དང༌།རྡོ་རྗེའི་ས་སྦྱོང་བ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང༌།འཆི་བའི་སྲིད་པ་རི་རབ་ཀྱི་རྩེ་མོར་ལུས་བཞག་པ་དང༌། སྲིད་པ་བར་དོ་བསམ་གཏན་གཟུགས་མེད་བསྒོམཔ་དང༌། སྐྱེ་བའི་རྣལ་འབྱོར་བྱང་ཆུབ་སེམས་དཔའ་དོན་གྲུབ་ཏུ་བསྐྱེད་པ་དང་།མི་གཡོ་བའི་ཏིང་ངེ་འཛིན་ལས་བསླབ་ནས་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་མཆོག་བསྒོམས་ཤིང༌། ཡེ་ཤེས་སེམས་དཔལ་ཞུགས་པའི་ལས་བརྒྱད་ཀྱི་ཡེ་ཤེས་སེམས་དཔལ་བཅུག་ལ། རྒྱས་བཏབ་ནས་དབང་བསྐུར་བ་དང་། མཆོད་པ་ཐམས་ཅད་ཀྱིས་མཆོད་ལ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། ། དེ་ལྟར་མཚན་མ་མ་ཐོབ་ཀྱི་བར་དུ་བསྒོམ་པའོ།། གཙོ་བོ་ལ་འབུམ་དང་འཁོར་རྣམས་ལ་ཁྲི་ཁྲི་བཟླས་པ་དབུལ་བ་དང༌། རྒྱུད་ཕྱི་མའི་ཕྱི་མ་བཞིན་དུ། ཟླ་བ་བཞིའམ་དྲུག་ཏུ་བསྙེན་པའི་བྱའོ།། དེ་ལྟར་བསྙེན་པ་བྱས་ནས་ས་སྦྱར་བའམ། མ་སྦྱངས་པའི་གནས་སུ་སའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ཏེ། ལྷག་པར་གནས་པར་བྱའོ། །དེ་ལ་མཆོད་པ་བཤམ་པ་དང༌། རྫས་བསགས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན། གདོང་དྲི་ཞིམ་པར་བྱ་ལ་མེ་ཏོག་གི་ཕྲེང་བ་བཏགས་ཏེ། རྒྱུ་སྐར་རྒྱལ་གྱི་ཞག་དང་གཟའ་ཕུར་བུ་ལ་སྲུང་བའི་འཁོར་ལོ་རྟེན་དང་བཅས་པ་དང༌། ཚོགས་བསོག་པའི་དམིགས་པའི་ཡུལདང་བཅས་པ་དང༌། ཚོགས་ཀྱི་ལམ་དངོས་སེམས་བསྐྱེད་པ་དང་བཅས་པ་དང༌། རྡོ་རྗེ་དབབ་པ་ཆོ་ག་བཞིན་དུ་བྱ་བ་དང།ཕྱག་རྒྱ་ཆེན་པོ་ཆོ་ག་བཞིན་དུ་བཅིང་བ་དང༌། མདུན་དུ་སེམས་དཔའ་ཆོ་ག་བཞིན་བསྐྱེད་དེ་བདག་ཉིད་རྫོགས་པར་བྱས་ནས་འབྱུང་བ་རི་རབ་དང་བཅས་པ་བསྐྱེད་པའི་སྟེང་དུ་སའི་ལྷ་མོ་སྤྱན་དྲངས་ལ་ཆོ་ག་ལྟར་དབབ་དུ་གསོལ་ཏེ་སྤྲོ་བ་བསྐྱེད་པར་བྱའོ། ། དེ་ནས་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས། འོག་མིན་དུ་དོན་གྲུབ་ཀྱི་གཟུགས་སུ་སྐྱེས་པར་བསམ་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། ། དེ་ནས་དང་པོར་སྦྱོང་བ་དང༌། དཀྱིལ་འཁོར་རྒྱ་མཚོ་མཆོག་དང༌། སངས་རྒྱས་མཆོག་བསྒོམས་ལ་བསོད་ནམས་ཀྱི་ཚོགས་བསོག་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ནས། སྒྲུབ་པའི་གྲོགས་ཀྱིས་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་བཏབ་ལ། བདག་ཉིད་འཁོར་ལོས་སྒྱུར་བའི་ཆེད་དུ་བརྗོད་པར་བྱ་སྟེ།དཀྱིལ་འཁོར་ནམ་མཁའ་ལ་ཁྲོ་བོའི་བསྟོད་པ་དང༌། བགེགས་ལ་བཀའ་བགོ་བ་བྱས་ནས།རྡོ་རྗེའི་ར་བ་དང༌། དྲ་བ་བྱས་ནས། སྟངས་སྟབས་ཀྱིས་བགེགས་བསལ་བ་དང༌། སྔགས་ཕྱག་རྒྱས་སྲུང་བའི་འཁོར་ལོ་བྱས་ལ། གསང་བའི་དཀྱིལ་འཁོར་བཀུག་ནས། དེའི་ཡན་ལག་ཕུར་བུ་ཇི་ལྟར་བཞིན་དུ་བཏབ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ། དྲིའི་ཐིག་ལེ་དང་མེ་ཏོགས་ཚོམ་བུ་ཀོད་ལ། ལྷ་ལྷག་པར་གནས་པར་བྱའོ། ། དེ་ནས་བུམ་པ་ལྷག་པར་གནས་པ་དང༌།སྦྱིན་སྲེག་ལྷག་པར་གནས་པ་དང་གཏོར་མ་ལྷག་པར་གནས་པ་ཇི་ལྟ་བ་བཞིན་དུ་བྱའོ།། དེ་ནས་ཤིང་བུ་གྲུ་གསུམ་གྱི་ནང་དུ་ཁམ་ཕོར་བཞག་པའི་ནང་དུ་མེ་བླུགས་ལ་ཟུར་གསུམ་དུ་བག་ཟན་གྱིས་ཀོང་བུ་གསུས་བྱས་ཏེ། དེར་མེ་མར་བཏང་ནས་བག་ཟམ་གྱི་ཆང་པ་གསུམ་བྱས་ཤིང་། རྡོ་རྗེ་གཙུག་ཏོར་གྱི་སྔགས་སམ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱི་ཡུངས་ཀར་གྱིས་བགེགས་བཟློག་པར་བྱའོ།།
མཆོད་རྟེན་དང་སྐུ་གཟུགས་སམ་གླེགས་བམ་ལ་སོགས་པ་རབ་གནས་གང་བྱེད་པ་དེ་རས་ཀྱིས་གཡོགས་ལ་ཧྰུཾབྷྲྰུ་ཧྲྰིཿ་གསུམ་གྱིས་བསྲུང་ནས་བཞག་པར་བྱའོ།། དེ་ནས་སྙན་གསན་དབབ་པར་བྱ་སྟེ། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས།། དགའ་ལྡན་དུ་ནི་བཞུགས་པ་ན། ། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། ། དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིག། འདི་རུ་མགོན་པོ་བརྟན་བཞུགས་ནས།། བྱང་ཆུབ་སེམས་ནི་བསྐྱེད་པ་དང་།། ཆེ་གེ་མོ་ཡིས་དོན་སླད་དུ།། བདག་ནི་འབྱོར་པ་ཉིད་ཀྱིས་ནི། ། ཅི་འབྱོར་བ་ཡིས་མཆོད་པ་རྣམས།། མེ་ཏོག་ལ་སོགས་འདི་བཞེས་ཤིག། བདག་དང་སློབ་མར་བཅས་པ་ལ། ། རྗེས་སུ་བརྩེ་བར་དགོངས་སུ་གསོལ། ། ཀུན་གྱིས་འདི་ལ་བྱིན་བརླབ་ཅིང༌། ། དེ་ཉིད་དུ་ནི་བཞུགས་པར་རིགས།། ཞེས་སོགས་བརྗོད་དོ། །
དེ་ནས་ཉི་མ་ཤར་བ་ན་དཀྱིལ་འཁོར་གྱི་ཐིག་བཏབ་ལ་ཚོན་བཀྱེས་ཏེ་ལྷ་དགོད་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་དང་དཀྱིལ་འཁོར་དང་དཀྱིལ་འཁོར་བཤམ་སྟངས་ལས་བཤད་པ་བཞིན་བྱས་ལ། རྫས་བསགས་ནས་དཀྱིལ་འཁོར་གྱི་མཐམ་བཀྲམ། ལྷག་པ་དོར་མ་ཚང་བ་བསྐུབ་བ་བུམ་པ་ཞུགས་པར་བྱའོ། ། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཁྲུས་ཀྱི་ཁང་པ་ཡིད་དུ་འོང་བ། ཤེལ་གྱི་ས་གཞིལ་རིན་པོ་ཆེའི་ཀ་བས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེས་སྤྲས་པ་བརྩིགས་པའམ་བྲིས་ལ་རབ་ཏུ་གནས་པ་བྱེད་པར་འདོད་པས།ཐོག་མར་ཁྲུས་ཀྱི་ཁང་པ་དེར་ལྷ་སྤྱན་དྲངས་ལ་ཁྲིའི་སྟེང་དུ་བཞག་པའམ། རས་བྲིས་དང་མཆོད་རྟེན་ཆུང་ངུ་པུ་སྟི་ལ་སོགས་པ་ཡིན་ན་མདུན་དུ་བཞག་ནས་མེ་ལོང་བསྟན་ལ། བུམ་པ་རྣམས་ཀྱིས་སྐུ་ཁྲུས་གསོལ་བ་བསྟོད་དབྱངས་དང་བཅས་པ་བྱ་སྟེ། དེ་ལ་བསྟོད་དབྱངས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།།ལྷའི་ཆུ་ནི་དག་པ་ཡིས།།དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ། ཨོ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧྰུཾ།དེ་ནས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ལྷ་ཡི་སྐུ་ལ་གནས་གསུམ་དུ།ཡི་གེ་ཨོཾ་ཨཱཿ་ཧྰུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ་གསེར་དངུལ་ལམ་ཟངས་ལས་བྱས་པ་བུམ་པ་ལྟོ་བ་ཡངས་པ། མགྲིན་པ་རིང་པ།མཆུ་འཕྱང་བ། སྨན་དང་འབྲུ་དང་རིན་པོ་ཆེ་ལྔ་དང་ལྡན་པ། རས་གསར་པས་མགུལ་བཅིངས་པ། ལྡུ་བཅས་ལྕུག་མས་ཁ་བརྒྱན་ལ། སྔར་བསྙེན་པ་བྱས་པའི་དྲིའི་ཆུས་གང་བ་སློབ་དཔོན་གྱིས་ཡོངས་སུ་བཟུང་ནས། མེ་ལོང་དྲིའི་ཐིག་ལེ་ལྔ་དང༌། ཏིལ་མར་ཐིག་པ་ལྔ་དང༌། མེ་ཏོག་གི་ཚོམ་བུ་ལྔ་དང༌། འདག་ཆལ་དང་བཅས་པའི་པིར་གིས་སྦྱངས་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། རྫ་རྔ་ལ་སོགས་པ་རོལ་མོའི་སྒྲ་དང་དབྱངས་ཀྱི་ལས་ཀྱིས་དཀྱིལ་འཁོར་ནས་བྱུང་བའི་རིག་མ་བཅུ་དྲུག་གི་ཕྱག་རྒྱ་དང་བཅས་པས་ཀྱང་མཆོད་པར་བྱའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号