ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
    །།དེ་ལྟར་དབུ་མའི་གཞུང་ལུགས་ལས་ཐེག་ཆེན་གྱི་ལམ་རིམ་རྒྱ་ཆེར་བཤད་པའི་ལྟ་སྤྱོད་ཀྱི་གནད་རགས་པ་ཆེ་ལོང་ཙམ་ཞིག་ཁོ་བོས་བཤད་པ་འདི་ལྟ་བུ་རྟོགས་ན་ཡང་མཐར་ཐུག་སངས་རྒྱས་ཐོབ་པའི་རྒྱུ་དོན་ཆེ་བར་འགྱུར་བས། བློ་གྲོས་དང་བསོད་ནམས་དང་བློ་གཟུ་བོར་གནས་པ་གསུམ་ཀ་དང་ལྡན་པ་དག་གིས་ཉམས་སུ་བླང་བྱའི་དགའ་སྟོན་མཛོད་ཅིག ཨེ་མ་ངེས་དོན་བཀའ་དང་ཀླུ་སྒྲུབ་ཀྱི། །གཞུང་དོན་སྙིང་པོའི་འཆི་མེད་རང་གཟུགས་ནི། །སྔོན་བསགས་དཀར་པོའི་ལས་འཕྲོ་མཐུ་ལྡན་པའི། །རྣམ་དཔྱོད་མིག་གི་བསོད་ནམས་བདུད་རྩིར་སོང་། །དཔལ་ལྡན་ཟླ་བའི་བཞེད་གཞུང་ལུང་རིགས་ཀྱི། །བསིལ་ཟེར་བྱེ་བའི་དཔལ་རྒྱུན་ཐིགས་པ་ལས། །ལེགས་བཤད་ཀུ་མུད་གསར་པས་ཡོངས་ཁེབས་པའི། །རྨད་བྱུང་ཆུ་གཏེར་རྒྱས་འདི་སུ་ཡིས་ཁེགས། །སྔོན་བྱོན་མཁས་མང་སྐྱེ་དགུའི་བདག་པོ་ཡིས། །ངེས་པའི་དོན་དང་མེས་རློམ་འཁྱོག་པོའི་ངག །སྤེལ་མ་འབུམ་ཕྲག་ཤོག་བུའི་གྲངས་ཀྱིས་ནི། །ངེས་གསང་སྙིང་པོའི་འཛུམ་ཞལ་སྒྲིབ་པའང་མཐོང་། །གཟུར་གནས་བློ་གྲོས་ཟབ་མོའི་ཁབ་ལེན་གྱིས། །ཚུལ་དང་ཚུལ་མིན་མ་འདྲེས་གསལ་བ་རུ། །ཕྱེ་ནས་རྒྱ་ཆེན་གཞུང་མང་སྙིང་པོར་ནི། །འདོམ་མཁས་མགྲིན་པའི་རྔ་དབྱངས་འདི་ན་མཐོ། །འདིར་འབད་དགེ་བ་ཟླ་བ་ཚེས་པ་ཡིས། །བདག་འཛིན་མུན་པའི་ཚོགས་ལས་རྣམ་རྒྱལ་ནས། །རྣམ་ཀུན་མཁྱེན་པའི་ཡེ་ཤེས་སྣང་བ་ཡིས། །འཇིག་རྟེན་མ་ལུས་ཀུན་ཏུ་གསལ་གྱུར་ཅིག །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་པ་ཉིད་ཀྱི་རིམ་པ་དང་རྒྱ་ཆེན་སྤྱོད་པའི་ཆ་གཉིས་ཀ་གསལ་བར་སྟོན་པའི་བསྟན་བཅོས་དབུ་མ་ལ་འཇུག་པའི་སྤྱི་དོན་ཐེག་པ་མཆོག་གི་གནད་ཀྱི་གསལ་བྱེད་ཟབ་མོ་ལྟ་བའི་དགོངས་རྒྱན་ཞེས་བྱ་བ་འདི་ནི། དཔལ་ལྡན་ཟླ་བའི་ཞབས་ཀྱི་འཇུག་པ་རྩ་འགྲེལ། བཞི་བརྒྱ་པའི་འགྲེལ་པ། རིགས་པ་དྲུག་ཅུ་པ་སོགས་དབུ་མའི་གཞུང་ལུགས་རབ་འབྱམས་དང་། དེ་དག་གི་གསལ་བྱེད་ཀུན་མཁྱེན་བླ་མའི་དཀའ་འགྲེལ། སྟོང་ཐུན་སོགས་ལ་བློ་གྲོས་ཀྱིས་ཡུན་རིང་དུ་སྦྱངས་ཤིང་འདྲིས་པར་བྱས་པ་དང་། ཁྱད་པར་བཀའ་དྲིན་གཞལ་དུ་མ་མཆིས་པ་མཁན་ཆེན་འཇམ་པའི་དབྱངས་དབང་ཕྱུག་དཔལ་བཟང་པོའི་གསུང་གི་བདུད་རྩི་རྣམས་ཡིད་ཡུལ་དུ་འཇགས་པར་བྱས་ནས་ཟབ་མོ་དབུ་མའི་གནད་ལ་གཞན་གྱི་དྲིང་མི་འཇོག་པའི་སྤོབས་པ་དགེ་བ་ཆོས་སྨྲ་བའི་དགེ་སློང་སྡེ་སྣོད་འཛིན་པ་ངག་དབང་ཆོས་ཀྱི་གྲགས་པས་ས་ཕོ་འབྲུག་གི་ལོ་རྗེ་བཙུན་མུས་རབ་འབྱམས་པའི་དུས་ཆེན་ཟླ་བ་བདུན་པའི་ཡར་ངོའི་ཚེས་བཅུ་བཞིའི་ཉིན་ཐུབ་བསྟན་ཡངས་པ་ཅན་གྱི་ཆོས་གྲྭ་ཆེན་པོར་རྫོགས་པར་གྲུབ་པའི་ཡི་གེ་པ་ནི་མང་ཐོས་ཆོས་འཕེལ་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྲིད་མཐའི་བར་དུ་འཚོ་ཞིང་བཞེས་ལ་མི་ནུབ་པའི་མཆོག་དམ་པར་གྱུར་ཅིག།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号