ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
།།གཉིས་པ་འབྲས་བུ་སངས་རྒྱས་ཀྱི་ས་བཤད་པ་ལ་གསུམ་སྟེ། བྱང་ཆུབ་ཇི་ལྟར་བརྙེས་པའི་ཚུལ། བརྙེས་བྱ་སྐུ་ཡི་རྣམ་གཞག་བཤད། དུས་ཀྱི་སྒོ་ནས་མཆོག་ཏུ་བསྔགས་པའོ། །དང་པོ་ནི། ས་བཅུ་པ་བརྙེས་པའི་ཚེ་སངས་རྒྱས་ཀྱི་ས་མྱུར་དུ་ཐོབ་པར་མཁྱེན་ནས་སྟོབས་བཅུ་བསྐྱེད་པའི་ཕྱིར། སངས་རྒྱས་ཀྱི་ས་ལ་འབད་པ་བརྩམ་པར་གྱུར་ཅིང་། འབད་པ་དེའི་འབྲས་བུ་འོག་མིན་དུ་སངས་རྒྱས་ཀྱི་གོ་འཕང་མཆོག་ཏུ་ཞི་བ་ཡོན་ཏན་མཐའ་དག་མཐར་ཐུག་པ་དེ་བརྙེས་པ་ཡིན་ཏེ། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པའི་ཕྱིར། །སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང་། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས། །ཞེས་གསུངས་པའི་ཕྱིར། །ཙོང་ཁ་པ་སོགས་ཁ་ཅིག སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཞེས་པའི་དངོས་བསྟན་གྱི་ས་འདི་བྱང་སེམས་ཀྱི་ས་ལ་བྱེད་པ་ནི་མི་འཐད་དེ། འདིའི་དངོས་བསྟན་གྱི་ས་དེ་སངས་རྒྱས་ཀྱི་ས་ཡིན་པའི་ཕྱིར་ཏེ། གཞུང་གི་དོན་ཡང་སྔོན་ས་བཅུ་པ་བརྙེས་པའི་ཚེ་སླར་ཡང་སངས་རྒྱས་ཀྱི་ས་ཐོབ་པ་ལ་འབད་པ་རྩམ་པར་གྱུར་ཞེས་པའི་དོན་ཡིན་པའི་ཕྱིར། དེ་སྐད་དུ། འདིའི་ཐད་ཀྱི་རང་འགྲེལ་ལས། ཐུགས་བསྐྱེད་པ་བཅུ་པ་བརྙེས་པས། རང་ཉིད་སངས་རྒྱས་ཀྱི་ཆོས་བརྙེས་ནུས་པར་མཁྱེན་ནས་དུས་ཕྱིས་སངས་རྒྱས་ཀྱི་ས་ལ་འབད་པ་རྩམ་པར་འགྱུར་ལ། ཞེས་གསུངས་སོ། །རྩ་བར། སླར་ཡང་ཞེས་པ་དང་། འགྲེལ་པར། དུས་ཕྱིས་ཞེས་པ་གཉིས་དོན་འདྲ་བར་རྟོགས་དགོས་སོ། །འོག་མིན་དུ་ཆོས་སྐུ་ཐོབ་པ་དེའི་ཚེ་ཆོས་ཐམས་ཅད་རོ་གཅིག་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་བརྙེས་པས། ཆོས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་སྐད་ཅིག་མ་གཅིག་ལ་མཁྱེན་པ་ཡིན་ཏེ། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་པའི་ཕྱིར། ཆོས་ཐམས་ཅད་མཉམ་ཉིད་རོ་གཅིག་ཏུ་མཁྱེན་པ་དང་ཇི་སྙེད་པ་མཁྱེན་པའི་ཚུལ་ཡང་དོན་དམ་པར་མ་ཡིན་ཏེ། ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་སྐྱེ་འགག་སོགས་ཀྱི་སྤྲོས་པ་དང་བྲལ་ཞིང་། རྟོགས་བྱེད་སངས་རྒྱས་ཀྱི་མཁྱེན་པའི་བློ་ཡང་དེ་ཁོ་ན་ཉིད་དུ་སྐྱེ་བ་དང་བྲལ་བའི་ཕྱིར། འོན་ཀྱང་ཐ་སྙད་དུ་སངས་རྒྱས་ཀྱི་བློ་དེ་ཡུལ་སྐྱེ་མེད་ཀྱི་རྣམ་པ་ཅན་དུ་སྐྱེས་པ་ལས་སྐྱེ་མེད་སོགས་གནས་ལུགས་རྟོགས་པར་བཞག་པ་ཡིན་ཏེ། དཔེར་ན་རྟོག་གེ་པ་དག སྔོ་འཛིན་དབང་མངོན་སྔོན་པོའི་རྣམ་ལྡན་དུ་སྐྱེས་པ་ལ་སྔོན་པོ་རྟོགས་ཞེས་འཆད་པ་བཞིན་ནོ། །དེ་སྐད་དུ་གཞུང་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་རྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་པ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིགས་པ་ཡིན། །ཞེས་གསུངས་སོ། །འདིར་བློ་ཡང་སྐྱེ་བ་དང་བྲལ་བ་ཞེས་པའི་དོན། དོན་དམ་གྱི་དབང་དུ་བྱས་ནས་འཆད་དགོས་ཏེ། དོན་དམ་དུ་ཡུལ་དང་ཡུལ་ཅན་གྱི་བློ་གཉིས་ཀ་སྐྱེ་མེད་དུ་མཚུངས་པའི་ཕྱིར་ཏེ། འདིའི་ཐད་ཀྱི་རང་འགྲེལ་ལས། དངོས་སུ་ན། འགའ་ཞིག་འགའ་ཞིག་གིས་ཤེས་པ་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉིས་ཀའང་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་དུ་ན་ཚིག་ཟིན་ཁོ་ན་ལ་འཁྲི་ན། ཤེས་བྱ་ཡུལ་གྱི་ཚོགས་ཀྱང་སྐྱེ་མེད་ཁོ་ནར་ཐལ། གཞུང་རྩ་བར། གང་ཚེ་སྐྱེ་མེད་དེ་ཉིད་ཞེས་སོགས་དང་། དེའི་འགྲེལ་པ་དྲངས་མ་ཐག་པ་དེའི་ཕྱིར། འདོད་ན། མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་པའི་དངོས་བསྟན་གྱི་ཤེས་བྱ་ཡིན་ན། སྐྱེ་མེད་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀ་བ་དང་བུམ་པ་ལ་སོགས་པའི་འདུས་བྱས་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་སྐྱེ་བ་ཡོད་པ་དང་། དེས་ཤེས་བྱ་ཐམས་ཅད་རྟོགས་པ་རྣམས་ཐ་སྙད་དུ་ཡིན་ཞིང་། ཐ་སྙད་དུ་སྐྱེ་བ་ཡིན་ན་སྐྱེ་བས་ཁྱབ་པ་སོགས་ནི་ཐལ་འགྱུར་བའི་ལུགས་མཆོག་ཡིན་ནོ། །ཀུན་མཁྱེན་ཆེན་པོས་སངས་རྒྱས་ཀྱི་ཡེ་ཤེས་རྟག་པར་བཤད་པ་ནི། དེ་སངས་རྒྱས་རང་ངོར་སྐྱེ་འགག་དང་བྲལ་བ་ལ་དགོངས་པ་ཡིན་ཏེ། སངས་རྒྱས་རང་ངོར་སྐྱེ་བ་ཡོད་པ་ལ་དགག་པ་མཛད་འདུག་པའི་ཕྱིར། གཉིས་པ་སྐུའི་རྣམ་གཞག་ལ། སྐུ་གསུམ་ཡོན་ཏན་བཅས་པ་བཤད། སྤྲུལ་སྐུ་ཕྲིན་ལས་བཅས་པ་བཤད་པ་དང་གཉིས། དང་པོ་ལ་རྟེན་སྐུ་གསུམ་དང་། བརྟེན་པ་ཡོན་ཏན་གཉིས། དང་པོ་ནི། ཤེས་བྱའི་བུད་ཤིང་སྐྱེ་འགག་སོགས་ཀྱི་སྤྲོས་པ་དང་བྲལ་བའི་སྐྱེ་མེད་མངོན་དུ་འགྱུར་བའི་ཞི་བ་ནི། འདིར་བསྟན་ཆོས་སྐུའི་ངོ་བོ་དང་། ཆོས་སྐུ་དེ་ཉིད་གཟུགས་ཀྱི་སྒོ་ནས་དཔག་བསམ་གྱི་ཤིང་ལྟར་མཚན་དཔེ་གསལ་བར་གྱུར་ཅིང་། མཛད་པའི་ཁྱད་པར་ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྣམ་པར་མི་རྟོག་པར་ཐེག་ཆེན་གྱི་ཆོས་སྟོན་པ་དང་། སྐུ་ཚེའི་ཁྱད་པར་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པར་བཞུགས་པ་དང་། གདུལ་བྱའི་ཁྱད་པར་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཁོ་ན་ལ་སྣང་བའི་སྐུ་ནི་འདིར་བསྟན་ལོངས་སྐུའི་ངོ་བོ་ཡིན་ཏེ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །ཞེས་པ་ནས། འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་པའི་བར་གསུངས་པའི་ཕྱིར། དེ་ལྟ་བུའི་ཆོས་སྐུ་དང་ལོངས་སྐུ་ཅི་རིགས་པའི་མཐུ་ལས་རང་གིས་དང་པོ་ཐུགས་བསྐྱེད་པ་དང་། ཚོགས་བསགས་པ་དང་། དེ་དག་གི་སྐབས་ཀྱི་སངས་རྒྱས་འཁོར་དང་བཅས་པ་དང་། གཞན་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་དང་པོ་ཐུགས་བསྐྱེད་པ་ནས་བྱང་ཆུབ་སྙིང་པོའི་བར་གྱི་མཛད་སྤྱོད་ཀུན་བ་སྤུའི་ཁུང་བུར་དུས་གཅིག་ལ་གསལ་བར་སྣང་བའི་སྐུ་རྣམས་ནི་རྒྱུ་མཐུན་གྱི་སྐུ་ཡིན་ཏེ། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །ཞེས་པ་ནས། ཐམས་ཅད་བ་སྤུའི་ཁུང་བུར་གཅིག་ཚེ་སྟོན། །ཞེས་པའི་བར་རྒྱས་པར་གསུངས་པའི་ཕྱིར། འོ་ན་རྒྱུ་མཐུན་གྱི་སྐུ་དེ་དག་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་པོ་གང་ཡིན་ཞེ་ན། སྤྲུལ་སྐུ་མ་ཡིན་པ་ནི་གཞིར་བཞག་ལ། ཆོས་སྐུ་དང་ལོངས་སྐུ་གཉིས་ཀྱང་མ་ཡིན་ཏེ། ཐུབ་དབང་དུས་གཅིག་ཁོ་ནར་ཞེས་སོགས་ཀྱི་སྔ་འགྲེལ་ལས། ཆོས་སྐུ་ལས་བྱུང་བའམ་གཟུགས་ཀྱི་སྐུའི་མཐུ་ལས་བྱུང་བ་ཡིན་ཡང་རུང་སྟེ། ཇི་སྐད་བཤད་པའི་སྐུ་ལས་གཞན་དུ་གྱུར་པ་རྒྱུ་མཐུན་པའི་སྐུ་གང་དག་ཅེས་གསུངས་པའི་ཕྱིར། འོན་ཀྱང་འདི་ཆོས་སྐུ་དང་ལོངས་སྐུ་ཅི་རིགས་པའི་ཆོ་འཕྲུལ་གྱི་སྐུ་ཡིན་ཞིང་། སྐུ་གསུམ་གྱི་གྲངས་ངེས་ལྟར་ན་ལོངས་སྐུའི་ཁོངས་སུ་བསྡུ་དགོས་པ་ཙམ་ཡིན་ནོ། །གཉིས་པ་བརྟེན་པ་ཡོན་ཏན་ལ། བཞེད་པ་ཙམ་གྱིས་མངའ་སྒྱུར་བའི་ཡོན་ཏན་དང་། མཁྱེན་པའི་ཡོན་ཏན་གཉིས། དང་པོ་ནི། རྡུལ་ཕྲ་རབ་གཅིག་གི་གོ་སར། ནམ་མཁའི་མཐས་ཁྱབ་པའི་འཇིག་རྟེན་བསྟན་པས། རྡུལ་ཆེ་བར་ཡང་མི་འགྱུར། འཇིག་རྟེན་ཆུང་བར་ཡང་མི་འགྱུར་བ་དང་། དུས་སྐད་ཅིག་མ་གཅིག་ལ་སྤྱོད་པ་སྣ་ཚོགས་པ་གྲངས་འཛམ་བུའི་གླིང་མ་ལུས་པའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་ལས་ལྷག་པར་སྟོན་ནུས་པ་ནི་སྔར་བཤད་པའི་སྐུ་གསུམ་གྱི་ཡོན་ཏན་ཡིན་ཏེ། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། །ཞེས་པ་ནས། མ་ལུས་རྡུལ་གང་དེ་སྙེད་ལ་གྲངས་མེད། །ཅེས་པའི་བར་ཚིགས་བཅད་གཉིས་གསུངས་པའི་ཕྱིར། བཞེད་པ་ཙམ་གྱིས་མངའ་སྒྱུར་བར་སྟོན་པའི་ཚིགས་བཅད་གཉིས་པོ་འདི་ནི་ཡོན་ཏན་འཆད་བྱེད་དུ་རིགས་པ་ཡིན་ཏེ། དག་པ་འདི་ནི་ཞེས་སོགས་ཀྱི་སྔ་འགྲེལ་ལས། སྐུ་གསུམ་ཡོངས་སུ་རྫོགས་པ་བརྗོད་ནས་ཞེས་དང་། ཚིག་རིགས་འགའ་ཞིག་ལས། སྐུ་ཕུན་སུམ་ཚོགས་པ་བརྗོད་ནས། ཞེས་དང་། དོན་བསྡུ་བའི་ཚེ་ཡང་འགྲེལ་པ་ལས། འདི་ན་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བར་བརྗོད་པའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་མཁྱེན་པའི་ཡོན་ཏན་ནི། སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་མཁྱེན་པ་དོན་གཅིག་ཅིང་། དེ་ལ་དབྱེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུར་ཡོད་པའི་ཕྱིར་ཏེ། གནས་དང་གནས་མིན་མཁྱེན་སྟོབས་དང་། །དེ་བཞིན་ལས་རྣམས་སྨིན་བློ་དང་། །མོས་པ་སྣ་ཚོགས་ཐུགས་ཆུད་དང་། །སྣ་ཚོགས་ཁམས་ནི་མཁྱེན་སྟོབས་དང་། །དེ་བཞིན་དབང་མཆོག་མཆོག་མ་ཡིན། །མཁྱེན་དང་ཐམས་ཅད་དུད་འགྲོ་དང་། །བསམ་གཏན་རྣམ་ཐར་ཏིང་འཛིན་དང་། །སྙོམས་པར་འཇུག་སོགས་བློ་སྟོབས་དང་། །སྔོན་གནས་དྲན་པ་མཁྱེན་པ་དང་། །དེ་བཞིན་འཆི་འཕོ་སྐྱེ་བློ་དང་། །ཟག་རྣམས་ཟད་པ་མཁྱེན་སྟོབས་ཏེ། །སྟོབས་ནི་བཅུ་པོ་འདི་དག་གོ །ཞེས་གསུངས་པའི་ཕྱིར། གཉིས་པ་སྤྲུལ་སྐུ་ཕྲིན་ལས་དང་བཅས་པ་བཤད་པ་ལ་གསུམ་སྟེ། སྤྲུལ་སྐུས་གནས་སྐབས་ཐེག་གསུམ་བསྟན། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ། ཐེག་གསུམ་བསྟན་པའི་དགོངས་པ་བཤད་པའོ། །དང་པོ་ནི། སྐུ་གསུམ་བརྙེས་ཟིན་ནས། སླར་ཡང་བཅོམ་ལྡན་འདས་ཀྱིས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རིགས་ཅན་གསུམ་ལ་སོགས་པ་རྣམས་རང་རང་གི་སྐལ་བ་དང་འཚམ་པར། མངོན་མཐོ་ལྷ་མིའི་བདེ་བ་དང་། ངེས་ལེགས་མྱང་འདས་གསུམ་ཅི་རིགས་པ་ལ་འགོད་པར་མཛད་པ་ཡིན་ཏེ། སླར་ཡང་མི་གཡོ་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་ནི། །མང་པོས་བཅིངས་པ་མ་ལུས་ཐུགས་རྗེས་མྱ་ངན་འདས་པར་དཀྲི་བར་མཛད། །ཅེས་དང་། དེའི་སྔ་འགྲེལ་ལས། ད་ནི་སྤྲུལ་པའི་སྐུ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཐུན་མོང་བ་དང་། ཐབས་ཐུན་མོང་བ་འབྱུང་བ། བདེ་འགྲོ་ལ་སོགས་པའི་སྒྲུབ་བྱེད་དུ་གྱུར་པ། ལྷུན་གྱིས་གྲུབ་པར་ཐེག་པར་ངེས་པར་འབྱུང་བའི་དབང་དུ་བྱས་ནས་བཤད་པ་ཞེས་གསུངས་པའི་ཕྱིར། དོན་ཐུན་མོང་བ་དང་། ཐབས་ཐུན་མོང་བ་ཞེས་སོགས་ཀྱི་དོན། གནས་སྐབས་སུ་ཐེག་པ་གསུམ་གྱི་ལམ་དང་། དགེ་སྡིག་གི་བླང་དོར་སྟོན་པའི་སྒོ་ནས་གདུལ་བྱ་འགའ་ཞིག་མངོན་མཐོ་ཙམ་དང་། ལ་ལ་ཐེག་པ་གསུམ་གྱི་ངེས་ལེགས་བྱང་ཆུབ་གསུམ་པོ་ཅི་རིགས་པ་ལ་འགོད་པར་མཛད་པའི་དོན་ཡིན་པས། མྱ་ངན་འདས་པར་དཀྲི་བར་མཛད། །ཅེས་པའི་མྱང་འདས་ལ། གནས་སྐབས་ཐེག་པ་གསུམ་ཆར་གྱི་མྱང་འདས་ཡོད་པ་ནི་གནད་ཀྱི་དོན་ནོ། །གཉིས་པ་ནི། སྤྲུལ་སྐུས་ཐེག་པ་གསུམ་གྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ཅིང་། ཐེག་པ་གསུམ་གྱི་མྱང་འདས་ལ་འགོད་ན། མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་ཡིན་ནམ་ཞེ་ན། མཐར་ཐུག་ཐེག་པ་གཅིག་ཁོ་ན་ཡིན་ཏེ། རྒྱུ་མཚན་ནི། དེ་ཁོ་ན་ཉིད་མ་རྟོགས་པར་ཉོན་མོངས་སྤོང་བའི་ཐབས་མེད་ཅིང་། དེ་ཡང་ཆོས་ཅན་ཇི་སྙེད་པའི་དབྱེ་བ་མཐའ་ཡས་ཀྱང་། དེ་ཁོ་ན་ཉིད་ཐམས་ཅད་རང་བཞིན་གཅིག་ཡིན་པ་ལྟར། ཡུལ་ཅན་ཡེ་ཤེས་ཀྱང་རང་བཞིན་གཅིག་ཡིན་པས་མཐར་ཐུག་ཐེག་པ་གཅིག་དང་། ལམ་གཅིག་དང་བགྲོད་པ་གཅིག་ཡིན་ནོ། །དེ་སྐད་དུ་མདོ་ལས། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདའ་བ་ཡིན་ལ། དེ་ཡང་གཅིག་ཡིན་གྱི། གཉིས་དང་གསུམ་ནི་མ་ཡིན་ནོ། །ཞེས་དང་། དེའི་དོན་འཇུག་པ་ལས། གང་ཕྱིར་འདི་ན་ཞེས་པ་ནས། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །ཞེས་པའི་བར་དང་། དེའི་རང་འགྲེལ་ལས། གང་གི་ཕྱིར་དེ་ལྟར་དེ་ཁོ་ན་ཉིད་གཅིག་ཡིན་པས། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡེ་ཤེས་ཐ་མི་དད་པ་དེའི་ཕྱིར་ཐེག་པ་གཅིག་ཁོ་ན་ལས་ཐེག་པ་གསུམ་ཡོད་པ་མ་ཡིན་ཏེ། ཞེས་གསུངས་སོ། །དེས་ན་ཐེག་པ་ཡིན་ན། མཐར་ཐུག་སངས་རྒྱས་ཀྱི་ཐེག་པ་ཡིན་པས་ཁྱབ། ལམ་ཡིན་ན། མཐར་ཐུག་སངས་རྒྱས་ཀྱི་ལམ་ཡིན་པས་ཁྱབ། མྱང་འདས་ཡིན་ན། མཐར་ཐུག་གི་ཚེ་སངས་རྒྱས་ཀྱི་མྱང་འདས་ཡིན་པས་ཁྱབ། ཅེས་ཁས་ལེན་དགོས་སོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号