ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
    །།ས་བདུན་པ་རིང་དུ་སོང་བའི་སེམས་བསྐྱེད་བཤད་པ་ནི། སྔར་ས་དྲུག་པ་ཐུན་མོང་མ་ཡིན་པའི་འགོག་སྙོམས་ཐོབ་ཀྱང་སྐད་ཅིག་གིས་འཇུག་ལྡང་མི་ནུས་ལ། ས་བདུན་པ་འདིར་སེམས་ཀྱི་སྐད་ཅིག་རེ་རེ་ལ་འགོག་པ་ཡང་དག་མཐའ་ལ་འཇུག་ལྡང་ནུས་ཤིང་། ཕར་ཕྱིན་བཅུའི་ནང་ནས་ཐབས་ཀྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་པ་ཡིན་ཏེ། རིང་དུ་སོང་བ་འདི་ནི་སྐད་ཅིག་དང་། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་བའང་ཐོབ། །ཞེས་གསུངས་པའི་ཕྱིར།།    །།ས་བརྒྱད་པ་མི་གཡོ་བའི་སེམས་བསྐྱེད་བཤད་པ་ནི། འདིར་རྣམ་པར་མི་རྟོག་པ་ལ་དབང་སྒྱུར་ཐོབ་པས་རྣམ་རྟོག་གི་བར་གཅོད་མེད་ཅིང་། འབད་རྩོལ་ལ་མི་ལྟོས་པས་སྔར་ས་བདུན་པ་མན་ཆད་དུ་འབད་རྩོལ་དང་བཅས་ཏེ་བསྐལ་པ་འབུམ་དུ་བསགས་པའི་དགེ་བའི་རྩ་བའི་ཚོགས་ལས་ཆེས་ལྷག་པ་ཡང་འདིས་ཡུད་ཙམ་ཞིག་ལ་བསོག་ནུས་པས། ཐམས་ཅད་མཁྱེན་པ་མྱུར་དུ་ཐོབ་པ་ལ་ཕྱིར་མི་ལྡོག་པར་བཞག་པ་ཡིན་ཏེ། རྣམ་རྟོག་གི་བར་གཅོད་དང་བྲལ་བའི་ཕྱིར་དང་། གཞུང་ལས་ཀྱང་། ཡང་ཡང་སྔར་དགེ་ལས་ལྷག་ཐོབ་བྱའི་ཕྱིར། །གང་དུ་ཕྱིར་མི་ལྡོག་པ་ཉིད་འགྱུར་བ། །མི་གཡོ་དེ་ལ་བདག་ཉིད་ཆེ་དེ་འཇུག །ཅེས་གསུངས་པའི་ཕྱིར། འདིར་ཕར་ཕྱིན་བཅུའི་ནང་ནས་སྨོན་ལམ་གྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་པ་ཡིན་ཏེ། སྔར་ས་དང་པོར་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་བཏབ་པ་དེ་འདིར་འགྲུབ་པར་འགྱུར་བས། ས་བརྒྱད་པ་སྨོན་ལམ་ལ་དབང་བའི་ཕྱིར་ཏེ། འདི་ཡི་སྨོན་ལམ་ཤིན་ཏུ་དག་འགྱུར་ཞིང་། །ཞེས་གསུངས་པའི་ཕྱིར། འདིར་རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སློང་བར་ཡང་མཛད་པ་ཡིན་ཏེ། སློང་རན་པའི་དུས་ཚོད་ནི་ས་བརྒྱད་པའི་མཉམ་གཞག་རང་གི་ངོས་སྐལ་གྱི་སྒྲིབ་པ་སྤོང་བ་སོགས་ཀྱི་ཆེད་དུ་མཉམ་པར་བཞག་པའི་དུས་ཕལ་ཆེར་རྫོགས་ནས། དགོས་མེད་དུ་མཉམ་པར་བཞག་པ་ལ་ཉེ་བར་འགྱུར་བའི་དུས་དེར་སློང་བ་ཡིན་ནོ། །དེའི་རྒྱུ་མཚན་ཡང་སྔར་ས་བདུན་པ་མན་ཆད་དུ་རྩོལ་མེད་དུ་མཉམ་པར་བཞག་མི་ནུས་པས་སློང་མི་དགོས་ལ། འདིར་མཚན་འཛིན་སྤངས་པའི་ཕྱིར་རྩོལ་མེད་དུ་མཉམ་པར་བཞག་ནུས་པས་སློང་བ་པོ་མ་བྱུང་ན། དགོས་པ་མེད་བཞིན་དུ་མཉམ་གཞག་དེ་ཀའི་ངང་ལ་རྒྱུན་དུ་གནས་པར་འགྱུར་ལ། དེ་ལྟར་ན་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་པའི་མཐའ་འབའ་ཞིག་ལ་འབྱམས་པས། སེམས་ཅན་གྱི་དོན་རྒྱུན་ཆད་པའི་དགོངས་པ་ཅན་གྱི་མྱ་ངན་ལས་འདའ་བར་འགྱུར་བས་སླང་བ་ཡིན་ནོ། །བསླང་བའི་དགོས་པ་ནི། སངས་རྒྱས་ཆོས་སྐུ་ཐོབ་པའི་ཆེད་དང་། ངོས་སྐལ་གྱི་སྒྲིབ་པ་སྤོང་བའི་ཆེད་དུ་ཅུང་ཟད་མཉམ་པར་བཞག་ཟིན་པ་དེ་ནས་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་བསོག་པ་ཁ་ཆེ་བས། རྗེས་ཐོབ་ཏུ་སེམས་ཅན་ཉོན་མོངས་པ་ཅན་རྣམས་ཀྱི་དོན་བྱེད་པ་སོགས་བསོད་ནམས་ཀྱི་ཚོགས་བསོག་པ་ལ་བསྐུལ་བའི་ཆེད་ཡིན་ཏེ། མདོ་སྡེ་ས་བཅུ་པ་ལས། རིགས་ཀྱི་བུ་ལེགས་སོ་ལེགས་སོ་སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན། ཞེས་པ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ཐོབ་ཀྱང་། བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་འབྱུང་བར་གྱུར་པ་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་ཡིད་དབྱེན་བཅོས་པ་འདི་དག་ལ་སོམས་ཤིག རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་དང་། ཞེས་སོགས་རྒྱ་ཆེར་གསུངས་པ་དང་། འགོག་པ་ལས་མ་ལངས་པའི་ཉེས་དམིགས་སྟོན་པའི་དབང་དུ་བྱས་ནས་ཡང་མདོ་དེ་ལས། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་རྣམས་སུ་བཞུགས་པར་མཛད་དུ་ཟིན་ན་དེ་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ་ཞེས་གསུངས་པ་དང་། དོན་དེ་དག་གཞུང་འདི་ཉིད་ལས། རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད། །ཅེས་གསུངས་པའི་ཕྱིར། འདི་ནི་ཤེར་ཕྱིན་ལས། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱ་བར་གསུངས་པ་དང་དོན་གནད་གཅིག་པ་ཡིན་ནོ། །ཁ་ཅིག འདིར་འགོག་པ་ལས་བསླང་བ་དེ་འགོག་པའི་སྙོམས་འཇུག་ལས་བསླང་བ་ཡིན་ཟེར་བ་ནི་མི་འཐད་དེ། སྙོམས་འཇུག་ནི་རྗེས་ཐོབ་ཀྱི་གནས་སྐབས་ཡིན་ཞིང་། དེ་ལ་ས་བདུན་པར་ཡང་སྐད་ཅིག་གིས་འཇུག་ལྡང་ནུས་ན། བརྒྱད་པར་ལྟ་སྨོས་ཀྱང་ཅི་དགོས་པས་གཞན་གྱིས་བསློང་དགོས་པ་དེ་འདྲ་མི་སྲིད་དོ། །དེས་ན་སྙོམས་འཇུག་དང་མཉམ་གཞག་མ་ནོར་བ་གལ་ཆེ་ཞིང་། སྔ་མ་དག་གིས་ཀྱང་ཟིང་ཟིང་པོ་ལས་འདི་ཉིད་གསལ་བར་ཕྱེ་བ་མི་སྣང་ངོ་། །ས་བརྒྱད་པར་སྤངས་པའི་ཁྱད་པར་ནི། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ས་བོན་དང་བཅས་པ་རྩ་བ་ནས་སྤངས་ཤིང་། དེ་སྤངས་པས་ཁམས་གསུམ་གྱི་བླ་མར་འགྱུར་ཞིང་། ཁམས་གསུམ་དུ་སྐྱེ་བ་ལེན་པ་ཡང་སྤངས། འོན་ཀྱང་ཚེ་ལ་དབང་བ། བསོད་ནམས་ལ་དབང་བ། ཡོ་བྱད་ལ་དབང་བ་སོགས་དབང་བཅུ་ཐོབ་པར་འགྱུར་ཞིང་། ཡིད་ཀྱི་རང་བཞིན་གྱི་སྤྲུལ་པའི་ལུས་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། གཞུང་ལས། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་གྱུར་ཅིང་། །ཉོན་མོངས་ཟད་ཅིང་ཁམས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་ཐོབ་པར་ནུས་མ་ཡིན། །འཁོར་བ་འགགས་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་འགྱུར་ཞིང་དེ་དག་གིས། །སྲིད་པའི་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས་སྟོན་པར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། འོ་ན་དབུ་མའི་ལུགས་ལ་ས་དང་པོ་ནས་ཉོན་མོངས་པ་སྤངས་པ་མིན་ནམ། ཅིའི་ཕྱིར་ས་བརྒྱད་པ་ནས་ཉོན་མོངས་པ་སྤངས་ཞེ་ན། ཤེར་ཕྱིན་གྱི་མདོ་སོགས་ཀྱི་དགོངས་པ་ལ། ས་དང་པོ་ནས་ཉོན་མོངས་པ་སྤངས་པ་ཡིན་ཀྱང་འདིར་མདོ་སྡེ་ས་བཅུ་པའི་དགོངས་པ་དང་བསྟུན། ས་བརྒྱད་པ་ནས་ཉོན་མོངས་པ་སྤངས་པ་སེམས་ཙམ་པའི་ལུགས་དང་མཐུན་པ་ཡིན་ཏེ། དཔེར་ན་སོ་སོ་ཡང་དག་པར་རིག་པ་བཞིའི་ས་མཚམས་འདིར་ས་དགུ་པ་ནས་ཐོབ་པར་བཤད་པ་བཞིན་ནོ། །ཁ་ཅིག ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་གྱུར་ཅིང་། །ཉོན་མོངས་ཟད་ཅིང་ཞེས་པའི་སྐབས་ཀྱི་དྲི་མ་དང་ཉོན་མོངས་རྣམས་ཉོན་མོངས་མཚན་ཉིད་པ་མ་ཡིན། ཞེས་གསུངས་པ་ཡང་མི་འཐད་དེ། འདི་མདོ་སྡེ་ས་བཅུ་པའི་དགོངས་པ་འགྲེལ་བའི་སྐབས་ཡིན་པས། བྱང་སེམས་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ཐོབ་ཚུལ་སོགས་སྤྱོད་ཕྱོགས་ཀྱི་གྲུབ་མཐའ་མང་པོ་སེམས་ཙམ་དང་མཐུན་པ་མང་བས་དབུ་མའི་ལུགས་བཞིན་དགོས་པའི་ངེས་པ་མེད་པའི་ཕྱིར། སྐབས་འདིའི་ཉོན་མོངས་དེ་ཉོན་མོངས་མཚན་ཉིད་པ་ཡིན་ཏེ། འདིའི་ཐད་ཀྱི་རང་འགྲེལ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས་མུན་པ་ལྟར། ཉོན་མོངས་པ་སྔར་བྱུང་བ་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ། ཁམས་གསུམ་ན་སྤྱོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྩ་བ་དང་བཅས་པ་ཞི་བ་ཁོ་ནར་འགྱུར་ལ། ཞེས་གསུངས་པའི་ཕྱིར། གཞན་དུ་ན་མཚན་འཛིན་གྱི་རྣམ་རྟོག་ཙམ་ལ་ཉོན་མོངས་པའི་མིང་གིས་བཏགས་པ་ཡིན་ན། ཁམས་གསུམ་ན་སྤྱོད་པ་ཞེས་གསུངས་པ་དེ་ལ་འབྲེལ་མེད་པར་འགྱུར་རོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号