ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་སྟོང་ཉིད་བཅུ་དྲུག་གསུངས་ནས། ཡང་མདོ་ལས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །ཞེས་སླར་ཡང་སྟོང་ཉིད་བཞིར་བསྟན་པ་དང་། དེ་དག་གི་དོན་གཞུང་འདིར། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཉན་རང་གིས་སྟོང་ཉིད་འདི་དག་གི་ནང་ནས། ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་གཙོ་བོར་རྟོགས་པ་ཡིན་ཏེ། དེས་མིག་སོགས་ནང་གི་སྐྱེ་མཆེད་དྲུག་དང་གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་བདེན་མེད་དུ་རྟོགས་པའི་ཕྱིར་ཏེ། དེས་གང་ཟག་ཏུ་གདགས་པའི་རྒྱུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་རྣམས་བདེན་མེད་དུ་རྟོགས་པའི་ཕྱིར། བྱང་སེམས་འཕགས་པས་སྟོང་ཉིད་བཅུ་དྲུག་པོ་ཐམས་ཅད་རྟོགས་ཤིང་། བཅུ་དྲུག་པོ་ཀུན་རྟོགས་པའི་ལྟ་བ་དེ་ཡང་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་ཏེ། ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་པའི་རང་འགྲེལ་ལས། སྟོང་པ་ཉིད་འདི་རྣམས་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དིང་སང་གི་བྱིས་པ་ཁ་ཅིག ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་པའི་ཐེག་ཆེན་ཤེར་ཕྱིན་གྱི་མདོ་ལ་ངོས་འཛིན་པ་ཡིན་ཏེ། འོག་ཏུ། ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །དེ་དག་དེ་སྐད་རབ་ཏུ་བསྒྲགས། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་བ་ནི་མི་འཐད་དེ། ཐེག་ཆེན་ལ་སྡེ་སྣོད་དང་གྲུབ་མཐས་ཕྱེ་བ་དང་། ལམ་དང་འབྲས་བུས་ཕྱེ་བའི་ཐེག་ཆེན་གཉིས་ཡོད་པ་ལས། འདིར་ཕྱི་མ་ལ་འཇོག་དགོས་པའི་ཕྱིར་ཏེ། འདིར་ཐེག་ཆེན་གྱི་ངོས་འཛིན་ལ་སྟོང་ཉིད་བཅུ་དྲུག་བཤད་པ་དང་། འགྲེལ་པ་དོན་གསལ་ལས། ཡེ་ཤེས་ཀྱི་ཚོགས་སྒྲུབ་འཆད་པའི་སྐབས་སུ་སྟོང་པ་ཉིད་ཉི་ཤུ་བཤད་པ་རྣམས་དོན་གནད་གཅིག་པས་སོ། །གཞན་དུ་ན། སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་མདོར་ཡང་བཞེད་པ་ཡིན། །ཞེས་འབྱུང་རིགས་པར་འགྱུར་རོ། །འོ་ན་སྟོང་ཉིད་བཅུ་དྲུག་པོ་འདི་དག་ཆོས་ཀྱི་བདག་གིས་སྟོང་པའི་སྟོང་ཉིད་ཁོ་ན་ཡིན་ནམ། གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་ཀྱང་ཡིན་ཞེ་ན། འདི་དག་རང་ངོས་ནས་ཆོས་ཀྱི་བདག་གིས་སྟོང་པའི་སྟོང་ཉིད་ཡིན་ཏེ། སྟོང་གཞིའི་ཆོས་ཅན་འདི་དག་ཆོས་དང་གང་ཟག་གཉིས་ཀྱི་ཟླས་ཕྱེ་བའི་ཆོས་སུ་འགྱུར་བའི་ཕྱིར། འོན་ཀྱང་གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་ཀྱང་འདི་དག་གི་ནང་དུ་འདུས་པ་ཡིན་ཏེ། འདུས་བྱས་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་ཏེ། སྟོང་གཞིའི་གང་ཟག་དེ་འདུས་བྱས་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ཡང་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུ་རྐྱེན་ལས་བྱུང་བའི་ཆོས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གང་རུང་དང་། འདུས་བྱས་དང་འདུས་མ་བྱས་གང་རུང་གིས་བསྡུས་པའི་ཆོས་ཡིན་པའི་ཕྱིར། དེས་ན་སྟོང་ཉིད་བཅུ་དྲུག་པོ་སྤྱི་ཙམ་པ་ཆོས་ཀྱི་བདག་གིས་སྟོང་པའི་སྟོང་ཉིད་ཡིན་ཞིང་། བཅུ་དྲུག་པོ་གང་རུང་ཡིན་ན། དེ་ཡིན་པས་མ་ཁྱབ་སྟེ། གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་ཀྱང་བཅུ་དྲུག་པོ་གང་རུང་ཡིན་པ་གནད་ཀྱི་དོན་ཡིན་པའི་ཕྱིར། དེ་སྐད་དུ། སྤྲོས་དང་བཅས་པར་ཞེས་སོགས་ཀྱི་སྔ་འགྲེལ་དུ། བདག་མེད་པ་རྣམ་པ་གཉིས་པོ་འདི་ཉིད་ནི་སླར་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བསམ་པ་སྣ་ཚོགས་པ་ཉིད་ཀྱིས་རྣམ་པ་མང་པོར་བསྟན་ཏོ། །ཞེས་གསུངས་སོ། །གསུམ་པ་སྟོང་གཞིའི་ཆོས་ཅན་ངོས་གཟུང་བ་ནི། མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་དེ་ནང་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། དེ་རང་བཞིན་གྱིས་མ་གྲུབ་པའི་གནས་ལུགས་དེ་ནང་སྟོང་པ་ཉིད། དེ་བཞིན་དུ་གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་པོ་དེ་ཕྱི་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། ཕྱི་ནང་གི་སྐྱེ་མཆེད་གཉིས་ཕྱི་ནང་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པའི་གནས་ལུགས་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། ཤར་ཕྱོགས་དང་ལྷོ་ཕྱོགས་ལ་སོགས་པའི་ཕྱོགས་ཀྱི་ཆ་རྣམས་ནི་ཆེན་པོ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། མྱ་ངན་ལས་འདས་པ་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། ཁམས་གསུམ་ལ་སོགས་པ་རྒྱུ་རྐྱེན་གྱིས་འདུས་བྱས་པ་རྣམས་ནི་འདུས་བྱས་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། སྐྱེ་གནས་འཇིག་གསུམ་དང་བྲལ་བའི་ཆོས་རྣམས་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། རྟག་ཆད་ཀྱི་མཐའ་དང་བྲལ་བའི་ཆོས་རྣམས་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། འཁོར་བ་སོགས་ཐོག་མ་དང་མཐའ་མ་དང་བྲལ་བའི་ཆོས་རྣམས་ནི་ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། བྱང་ཕྱོགས་སོ་བདུན་སོགས་འཕགས་ཆོས་རྣམས་ནི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། འདུས་བྱས་ལ་སོགས་པའི་ཆོས་རྣམས་ཀྱི་གནས་ལུགས་ནི་རང་བཞིན་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། ཁམས་བཅོ་བརྒྱད་ལ་སོགས་པའི་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་མཚན་རྣམས་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། དུས་གསུམ་མི་དམིགས་པའི་ཆོས་རྣམས་ནི་མི་དམིགས་པ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། རྐྱེན་ལས་བྱུང་བའི་དངོས་པོ་རྣམས་རང་གི་ངོ་བོས་དབེན་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དང་། དངོས་པོ་རང་གི་ངོ་བོས་དབེན་པ་དེ་ཡང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། གཞུང་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། །དེ་བཞིན་རྣ་བ་སྣང་དང་ལྕེ། །ལུས་དང་ཡིད་ཀྱང་བསྙད་པར་བྱ། །ཐེར་ཟུག་གནས་པ་མ་ཡིན་དང་། །འཇིག་པ་མ་ཡིན་ཉིད་ཀྱི་ཕྱིར། །མིག་ལ་སོགས་པ་དྲུག་པོ་ཡི། །རང་བཞིན་མེད་ཉིད་གང་ཡིན་པ། །དེ་ནི་ནང་སྟོང་ཉིད་དུ་འདོད། །ཅེས་པ་ནས། རྐྱེན་ལས་བྱུང་ཕྱིར་དངོས་རྣམས་ལ། །འདུས་པ་པ་ཡི་ངོ་བོ་མེད། །འདུས་པ་པ་ནི་དེ་ཉིད་ཀྱིས། །སྟོང་ཉིད་དངོས་མེད་སྟོང་ཉིད་དོ། །ཞེས་པའི་བར་རྒྱས་པར་གསུངས་པའི་ཕྱིར། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པའི་དོན་ནི་སྟོང་པ་ཉིད་རྣམས་བསགས་པའམ། བྱས་པ་མ་ཡིན་པས་ཐེར་ཟུག་པ་མ་ཡིན། སྐད་ཅིག་གིས་མི་རྟག་པ་མ་ཡིན་པས་འཇིག་པ་མ་ཡིན་ཞེས་པའི་དོན་ཏོ། །རྩ་ཤེ་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པ་དང་དོན་གནད་གཅིག་པའི་ཕྱིར། སྟོང་ཉིད་བཞིར་བཤད་པ་ནི། དངོས་པོ་སྟོང་པ་ཉིད་ལ་སོགས་པ་བཞི་ཡིན་ཞིང་། དེ་ཡང་ཕུང་པོ་ལྔ་ཡིས་བསྡུས་པའི་འདུས་བྱས་ཀྱི་དངོས་པོ་རྣམས་ནི་དངོས་པོ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། དངོས་མེད་འདུས་མ་བྱས་པའི་ཆོས་རྣམས་ནི་དངོས་མེད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། རང་བཞིན་ནམ་གནས་ལུགས་ནི་རང་བཞིན་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། ཡང་དག་མཐའ་དང་དེ་བཞིན་ཉིད་ལ་སོགས་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། དེ་དག་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ནི། གཞན་གྱི་དངོས་པོ་སྟོང་པ་ཉིད་ཡིན་ཏེ། གཞུང་ལས། དངོས་པོའི་སྒྲས་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །ཞེས་པ་ནས། ཡང་དག་མཐའ་དང་དེ་བཞིན་ཉིད། །དེ་གཞན་དངོས་པོའི་སྟོང་ཉིད་དོ། །ཞེས་པའི་བར་རྒྱས་པར་གསུངས་པའི་ཕྱིར། གཞན་གྱི་དངོས་པོ་ཞེས་པའི་རྒྱུ་མཚན་ནི། ཡེ་ཤེས་ཕུལ་དུ་བྱུང་བས་རྟོགས་པར་བྱ་བའམ། ཚུར་རོལ་འཁོར་བ་ལས་འདས་ནས། ཕ་རོལ་མྱང་འདས་སུ་སོན་པའི་ཕྱིར་ན། དེ་སྐད་ཅེས་བྱ་སྟེ། རང་འགྲེལ་ལས། ཡང་ན་ཕ་རོལ་ན་ཡོད་པ་ནི་གཞན་གྱི་དངོས་པོའོ། །འཁོར་བ་ལས་འདས་པའི་ཕྱིར། གཞན་གྱི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་མཐའ་སྟེ་ཞེས་གསུངས་པའི་ཕྱིར། བཞི་པ་ནི། ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །ཞེས་སོགས་རྐང་པ་གཉིས་ནི་གོ་སླ། བཞི་པ་ཚུལ་དེས་ཐོབ་པའི་ཡོན་ཏན་བསྡུས་ཏེ་བསྟན་པ་ནི། སྔར་བཤད་པ་དེ་ལྟར་ས་དྲུག་པ་འདིར་ལུང་རིགས་ཀྱིས་རྣམ་པར་དཔྱད་པ་ལས་བྱུང་བའི་བློ་གྲོས་ཀྱི་ཟེར་གྱིས་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་ཀྱི་མུན་པ་བསལ་ཏེ། ཁམས་གསུམ་རང་བཞིན་གྱིས་སྟོང་པར་ཤེས་པའི་ཡོན་ཏན་ཁྱད་པར་ཅན་ཆེས་ལྷག་པ་དང་ལྡན་པ་ཡིན་ནོ། །དོན་དམ་རྟོགས་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་ཡང་། ས་དྲུག་པ་འདིར་རྗེས་ཐོབ་ཏུ་ཐུན་མོང་མ་ཡིན་པའི་འགོག་པ་ལ་སྙོམས་པར་འཇུག་ཅིང་། འགྲོ་བ་མགོན་མེད་པ་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཤིན་ཏུ་ཆེ་བ་བསྐྱེད་པར་བྱེད། དེ་ནས་ས་བདུན་པར་འཕོས་པ་ན་ཉན་རང་བློ་གྲོས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པའི་ཡོན་ཏན་དང་ཡང་ལྡན་པ་ཡིན་ནོ། །གཞན་ཡང་དོན་དམ་དང་ཀུན་རྫོབ་རྟོགས་པའི་ཡོན་ཏན་གྱི་གཤོག་ཡངས་དཀར་པོ་ཟུང་འབྲེལ་དུ་རྒྱས་པའི་ངང་པའི་རྒྱལ་པོ་ས་དྲུག་པ་བ་འདི་ནི་གདུལ་བྱར་གྱུར་པའི་སྐྱེ་བོ་ངང་པ་མང་པོས་མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་དང་བཅས་ཏེ་རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པར་འགྱུར་བའི་ཡོན་ཏན་དང་ལྡན་པ་ཡིན་པས། ཀུན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཉིད་ལ། སྔོན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་སྤྱད་པ་ལྟར་གྱི་དཀའ་སྤྱད་དང་བརྩོན་འགྲུས་རྩོམ་པར་རིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་མཐའ་དག་ལས་བརྩམས་ཏེ་སེམས་བསྐྱེད་དྲུག་པ་རྒྱས་པར་བཤད་ཟིན་ཏོ།། 16/22 མདུན་ངོས། 上一页 14 15 16 17 18 19 下一页 尾页 |