ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
    །།ས་དགུ་པ་ལེགས་པའི་བློ་གྲོས་བཤད་པ་ནི། འདིར་ཕར་ཕྱིན་བཅུའི་ནང་ནས་སྟོབས་ཀྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་ཅིང་། ཡོན་ཏན་གྱི་ཁྱད་པར་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ཡིན་ཏེ། དགུ་པ་ལ་ནི། དེ་སྟོབས་ལྟ་ཞིག་མཐའ་དག་རྫོགས་པར་དག་འགྱུར་ཞིང་། །དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་ཐོབ། །ཅེས་གསུངས་པའི་ཕྱིར། འདིར་ཀུན་མཁྱེན་བླ་མས། སོ་སོ་ཡང་དག་པར་རིག་པ་བཞི་བྱེ་བྲག་ཏུ་སྨྲ་བས་ཉན་ཐོས་དགྲ་བཅོམ་པས་ཀྱང་ཐོབ་པར་འདོད་པ་དང་། འདིར་ས་དགུ་པ་ནས་ཐོབ་པར་བཤད་པ་དང་། མངོན་རྟོགས་རྒྱན་ལས། སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་བཤད་པ་དང་གསུམ་ལས། དང་པོ་དེ་མངོན་པ་སྡེ་བདུན་གྱི་དགོངས་པ་དང་། གཉིས་པ་དེ་མདོ་སྡེ་ས་བཅུ་པའི་དགོངས་པ་དང་། གསུམ་པ་དེ་ཤེར་ཕྱིན་གྱི་མདོའི་དགོངས་པ་ཡིན་ནོ། །ཞེས་བཤད་པ་ནི། དཔྱིས་ཕྱིན་པའི་བཤད་པ་བླ་ན་མ་མཆིས་པར་ཀུན་གྱིས་གོ་དགོས་སོ།།    །།ས་བཅུ་པ་ཆོས་ཀྱི་སྤྲིན་བཤད་པ་ནི། ས་བཅུ་པ་ཐོབ་པའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས་མངོན་པར་དབང་བསྐུར་བ་ཐོབ་ཅིང་། ཡེ་ཤེས་ཀྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་པའང་ཐོབ། གདུལ་བྱ་རྣམས་ཀྱི་དགེ་བའི་ལོ་ཏོག་བསྐྱེད་པའི་ཆེད་དུ་སྤྲིན་ཆེན་པོ་ལྟར་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་ཆོས་ཀྱི་ཆར་འབེབས་པའི་མཛད་པ་ཕྲིན་ལས་ཀྱི་ཡོན་ཏན་ཡང་ཐོབ་པ་ཡིན་ཏེ། བཅུ་པའི་ས་ལ་དེ་ཡིས་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་བ། །དམ་པ་ཐོབ་ཅིང་ཡེ་ཤེས་ལྷག་པར་མཆོག་ཏུ་བྱུང་བར་གྱུར་པའང་ཡིན། །ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །དགེ་བའི་ལོ་ཐོག་ཆེད་དུ་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབེབས། །ཞེས་གསུངས་པའི་ཕྱིར། བྱང་སེམས་ཀྱི་ས་བསྟན་ཟིན་ཏོ།།   
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号