ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་བཞིན་གཅིག་ཡིན་པའི་གོ་དོན་ཇི་ལྟར་ཞེ་ན། སྟོང་པར་འཇོག་པའི་གོ་དོན་གཅིག་ཏུ་འབབ་པས་མཚན་ཉིད་གཅིག་པའི་དོན་ཡིན་ཏེ། ཟླ་བས་མཛད་པའི་བཞི་བརྒྱ་པའི་འགྲེལ་པ་ལས། ཇི་ལྟར་རོ་མཚུངས་པའི་ཕྱིར། གཅིག་ཏུ་རྒྱ་མཚོའི་རོ་མྱང་ན་ཐམས་ཅད་དུ་རོ་མྱང་བར་འགྱུར་བ་དེ་བཞིན་དུ། དངོས་པོ་རྣམས་ཀྱི་འདུས་བྱས་སྟོང་པ་ཉིད་ཀྱང་ཡིན་ཏེ། མཚན་ཉིད་མཚུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དངོས་པོ་གཅིག་གི་སྟོང་ཉིད་དངོས་པོ་ཐམས་ཅད་ཀྱི་སྟོང་ཉིད་དུ་བཤད་པ་ཡང་། ཀ་བ་ལྟ་བུ་དངོས་པོ་གཅིག་གི་སྟོང་ཉིད་དང་། བུམ་སོགས་དངོས་པོ་གཞན་གྱི་སྟོང་ཉིད་རྣམས་རང་བཞིན་དང་མཚན་ཉིད་གཅིག་པ་ལ་དགོངས་པ་ཡིན་ཏེ། གཞན་དུ་ན་ཀ་བའི་སྟོང་ཉིད་དང་བུམ་པའི་སྟོང་ཉིད་སོགས་ཡིན་ཁྱབ་མཉམ་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གསུམ་པ་ཐེག་གསུམ་བསྟན་པའི་དགོངས་པ་བསྟན་པ་ནི། འོ་ན་མཐར་ཐུག་ཐེག་པ་ཆེན་པོ་ཁོ་ན་ཡིན་ན། གནས་སྐབས་ཐེག་གསུམ་དུ་བསྟན་པ་ཅི་ལ་དགོངས་པ་ཡིན་ཞེ་ན། སེམས་ཅན་གང་དག་སྙིགས་མ་ལྔ་བདོ་བའི་དབང་གིས་ཉོན་མོངས་པ་ཤས་ཆེ་བས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མོས་པ་དང་བྲལ་བ་དག་ཐེག་ཆེན་གྱིས་དཀྲི་བར་ནི་མ་བཏུབ། ཐུགས་རྗེས་ཡལ་བར་འདོར་ཡང་མ་ཕོད་པས་རེ་ཞིག་འཁོར་བའི་སྐྱོན་དང་ཉེས་དམིགས་ལ་སོགས་པ་བཤད་ནས། རང་ཉིད་གཅིག་པུའི་དོན་དུ་ཐར་པ་ཙམ་ཐོབ་པ་ལ་བཀོད་ནས་བློ་ངལ་གསོ་བར་བྱ་བ་ལ་དགོངས་པ་ཡིན་ཏེ། དཔེར་ན་དེད་དཔོན་མཁས་པས་རྒྱ་མཚོར་རིན་པོ་ཆེའི་གླིང་དུ་ཆས་པའི་སྐྱེ་བོའི་ཚོགས་རྣམས་ངལ་ཞིང་དུབ་པ་ལ། རིན་པོ་ཆེའི་གླིང་གི་བར་དུ་གྲོང་ཁྱེར་ཡིད་དུ་འོང་བ་སྤྲུལ་ནས་ངལ་དུབ་སེལ་བར་བྱེད་པ་ལྟ་བུའོ། །དེ་སྐད་དུ། གང་ཕྱིར་འགྲོ་ལ་ཉེས་པ་བསྐྱེད་བྱེད་སྙིགས་མ་འདི་དག་ཡོད་གྱུར་པ། །ཞེས་པ་ནས། དེ་ཕྱིར་མཁས་པ་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱི། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། །ཁྱོད་ཀྱི་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ལ་ཡིད། །སྦྱར་ཞིང་རྣམ་པར་དབེན་ལའང་བློ་སྦྱངས་རྣམས་ལ་ལོགས་སུ་གསུངས། །ཞེས་པའི་བར་དུ་གསུངས་སོ། །བློ་སྦྱངས་ལ་ལོགས་སུ་གསུངས་པའི་དོན་ནི། རེ་ཞིག་དགྲ་བཅོམ་མ་ཐོབ་ཀྱི་བར་དུ་ཐེག་དམན་གྱི་ལམ་གྱིས་དཀྲི་བར་བྱས། དགྲ་བཅོམ་ཐོབ་ནས་རིན་པོ་ཆེའི་གླིང་དང་འདྲ་བའི་ཐེག་ཆེན་གྱི་ལམ་དུ་བཅུག་ནས་ཚོགས་རྒྱ་ཆེན་པོ་ཡང་རྫོགས་པར་བྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ངེས་པར་ཐོབ་པར་བྱེད་དེ། རྒྱུད་བླ་མ་ལས་ཀྱང་། སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་པོ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡི། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་ཏུ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་པའོ། །ཞེས་དང་། གཞུང་འདིར་ཡང་། རྣམ་པར་དབེན་ལའང་བློ་སྦྱངས་རྣམས་ལ་ལོགས་སུ་གསུངས། །ཞེས་དང་། དེའི་རང་འགྲེལ་ལས། དེ་ལྟར་འཁོར་བའི་ཉོན་མོངས་པ་སྤངས་པ་ཐོབ་པ་རྣམས་ལ་ནི་ཕྱི་ནས་ཐེག་པ་ཆེན་པོ་ཁོ་ན་ཉེ་བར་བསྟན་ལ། དེ་རྣམས་ཀྱིས་ཀྱང་སངས་རྒྱས་རྣམས་ལྟར་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་དགོས་སོ། །ཞེས་དང་། དེ་བཞིན་དུ་སེང་གེ་བཟང་པོའི་འགྲེལ་པ་དོན་གསལ་ལས་ཀྱང་། སྐབས་གཉིས་པའི་ཐད་དུ་མཐར་ཐུག་ཐེག་པ་གཅིག་གི་རྣམ་གཞག་གསུངས་པ་རྣམས་དགོངས་པ་ཕྱོགས་གཅིག་པ་ཡིན་ནོ། །མདོར་ན་ཉན་རང་དགྲ་བཅོམ་ཐོབ་ནས་ཐེག་ཆེན་ལམ་དུ་འཇུག་པ་དང་མི་འཇུག་པ་ནི། མཐར་ཐུག་ཐེག་པ་གཅིག་དང་། མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ཁྱད་པར་ཡིན་ཏེ། མདོ་སྡེ་རྒྱན་ལས། མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པ་དྲང་དོན་དུ་སྒྲུབ་པའི་སྐབས་སུ་དགྲ་བཅོམ་ཐོབ་ནས་ཐེག་ཆེན་ལམ་དུ་འཇུག་ཅིང་སངས་རྒྱས་ཐོབ་པར་མདོ་ལས་གསུངས་པ་རྣམས་སྤྲུལ་པའི་ཉན་ཐོས་ལ་དགོངས་པར་བཤད་པའི་ཕྱིར་ཏེ། བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། །ཅེས་བཤད་པའི་ཕྱིར། དེས་ན་མདོ་སྡེ་རྒྱན་སོགས་སེམས་ཙམ་པའི་ལུགས་སྲོལ་ལ་ཐེག་དམན་དགྲ་བཅོམ་ཐོབ་ནས་ཐེག་ཆེན་ལམ་དུ་འཇུག་པ་དང་། སངས་རྒྱས་ཐོབ་པ་མེད། དབུ་མ་པའི་ལུགས་ལ་དེ་ལས་བཟློག་པ་ནི་གནད་ཀྱི་དོན་ནོ། །གསུམ་པ་དུས་ཀྱི་སྒོ་ནས་མཆོག་ཏུ་བསྔགས་པ་ལ་གཉིས་ཏེ། ཐོག་མར་བྱང་ཆུབ་དམ་པ་བརྙེས་པའི་དུས། ཐ་མར་འགྲོ་བའི་དོན་ལ་བཞུགས་པའི་དུས་སོ། །དང་པོ་ནི། བཅོམ་ལྡན་འདས་སངས་རྒྱས་པའི་དུས་ཀྱི་ཐོག་མ་གང་ཞེ་ན། འཇིག་རྟེན་གྱི་ཁམས་ཡོད་དོ་ཅོག་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་དང་གྲངས་མཉམ་པའི་བསྐལ་པ་དེ་སྙེད་ཀྱི་ཚེ་སངས་རྒྱས་པ་ཡིན་ཏེ། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཡུལ་དག་ན། །ཕྲ་རབ་རྡུལ་གྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་བསྐལ་པའང་དེ་སྙེད་དེ། །འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །ཞེས་གསུངས་པའི་ཕྱིར། འདི་ནི་མཚན་བརྗོད་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་དང་། རྗེ་བཙུན་རིན་པོ་ཆེས། སངས་རྒྱས་སེམས་ཅན་གང་སྔ་འོ། །ཞེས་པ་ལྟར། བརྟགས་ན་སངས་རྒྱས་ཀྱི་ཐོག་མ་མེད་པས། ཐོག་མ་མེད་པའི་སངས་རྒྱས་དེ་ལ་དགོངས་པ་ཡིན་ཏེ། ནམ་མཁའ་ལ་མུ་མཐའ་མེད་པས། འཇིག་རྟེན་གྱི་ཁམས་ལ་ཡང་མུ་དང་མཐའ་མེད། དེ་མེད་པས་འཇིག་ཏན་གྱི་ཁམས་མ་ལུས་པའི་རྡུལ་ཕྲ་རབ་ལ་ཡང་གྲངས་ཀྱི་མཐའ་དང་མུ་མེད། དེ་སྙེད་ཀྱི་བསྐལ་པ་ལ་ཡང་གྲངས་ཀྱི་མཐའ་དང་མུ་མེད་པས། འདིར་ཐོག་མ་མེད་པ་ནས་སངས་རྒྱས་པར་བསྟན་འདུག་པའི་ཕྱིར། གསར་དུ་སངས་རྒྱས་པ་རྣམས་ལ་ནི་དེ་ལྟར་མ་ཡིན་ཏེ། ལམ་ལ་འབད་རྩོལ་བྱས་པས་དེ་རིང་སངས་རྒྱས་ཐོབ་པ་ལྟ་བུའི་སངས་རྒྱས་པའི་དུས་ཀྱི་ཐོག་མ་ནི་དེ་རིང་ཁོ་ན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ན་སངས་རྒྱས་ནས་དུས་ཅི་ཙམ་བཞུགས་པ་ཡིན་ཞེ་ན། བཅོམ་ལྡན་འདས་རྣམས་ནི་ཐབས་ཤེས་རབ་ཟུང་དུ་འབྲེལ་བའི་ཡོན་ཏན་ཁྱད་པར་ཅན་ལ་བརྟེན། མ་འོངས་པའི་དུས་ཀྱི་མཐའ་མི་མངོན་པར་བཞུགས་པ་ཡིན་ཏེ། ཇི་སྲིད་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་མ་གྱུར་གྱི་བར་དང་། ཇི་སྲིད་ནམ་མཁའ་འདི་ཞིག་པར་མ་གྱུར་གྱི་བར་དུ་གཞན་དོན་འཕྲིན་ལས་མཛད་ཅིང་བཞུགས་པའི་ཕྱིར་ཏེ། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། །ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་ས་བསྟན་ཟིན་ཏོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号