ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 དེ་ནི་མ་ཡིན་ཏེ། ཁྱེད་ཀྱིས་བསླབ་པའི་ཡན་ལག་ཏུ་འདུ་ཤེས་གཙོ་བོའི་གཞུང་དུ་དྲངས་པ་དེ་རྣམས་ལུང་ལས་མི་ཚངས་སྤྱོད་ལ་གསུངས་པ་བསྡུས་པ་ཡིན་པས། ལྟུང་བ་གཞན་གྱི་གཞུང་དུ་མི་རུང་ངོ་། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི་ཁྱེད་ཀྱིས་ཁུངས་སུ་དྲངས་པའི་གཞུང་དེ་རྣམས་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པས་མཚོན་ནས་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་ཏུ་དགོས་པར་བསྟན་པ་ཡིན་གྱི། བསླབ་པའི་ཡན་ལག་འདུ་ཤེས་གཙོ་བོར་སྟོན་པ་མ་ཡིན་ཏེ། སྔར་གྱི་གནོད་བྱེད་དམིགས་པས་སོ། །གཉིས་པ་རང་ལུགས་བཞག་པ་ནི། སྲོག་གཅོད་ཕམ་པའི་ཡན་ལག་གཞན་ཐམས་ཅད་ཚང་བའི་དབང་དུ་བྱས་ནས་མི་གསོད་པར་བྱེད་པའི་དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ཆོས་ཅན། སྲོག་གཅོད་ཕམ་པ་འབྱུང་དུ་རུང་སྟེ། སྲོག་གཅོད་ཕམ་པའི་རྒྱུ་ཚོགས་པ་ཚང་བའི་ཕྱིར་རོ། །་་་་་སྔར་བཤད་པ་ལྟར་ལྟུང་བ་བདུན་གྱི་དབང་དུ་བྱས་ནས། དགེ་སློང་་་་་་སྤྲུལ་པ་སྟག་ཏུ་བསྒྱུར་བ་ལྟ་བུ་འགྲོ་བ་གཞན་གྱི་་་་་་ལུས་ཀྱི་རྣམ་པ་བསྟན་པ་ནི་་་་་་བདག་ཉིད་ལ་དགེ་སློང་གི་འདུ་ཤེས་ཡོད་ཅིང་ཤེས་པ་རང་བཞིན་དུ་གནས་པ་འདྲ་བ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། དགེ་སློང་གཞན་དང་འདྲ་བར་མི་ཚངས་པར་སྤྱོད་པ་ལ་སོགས་པའི་ལྟུང་བ་རྫོགས་པར་བསྐྱེད་པའོ། །མེད་ན་ནི་ན་སྨད་པ་ཉིད་དོ། །དགེ་སློང་སྤྲུལ་བ་སྟག་ཏུ་བསྒྱུར་བས་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱེད་ན། དགེ་སློང་གི་འདུ་ཤེས་ཡོད་ཅིང་ཤེས་པ་རང་བཞིན་དུ་གནས་པས་སྦྱོར་བ་བྱས་ནས། མཐར་ཐུག་གི་ཚེ་ན་དགེ་སློང་གི་འདུ་ཤེས་མེད་ཅིང་་་་་་ལུས་སྤྲུལ་སྟག་ཏུ་བསྒྱུར་བས་སེམས་ཀྱང་སྟག་གི་བསམ་པ་ལྟ་བུར་གྱུར་ཅིང་ཤེས་པ་རང་བཞིན་དུ་མི་གནས་ན་ནི་སྦྱོར་བའི་ཚེ་ན་ལྟུང་བ་ན་སྨད་པ་ཉིད་དོ། །མཐར་ཐུག་གི་ལྟུང་བ་ནི་མེད་དེ། ཊཱི་ཀ་ལས་སྦྱོར་བ་ཙམ་ལས་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་ཞེས་བཤད་ཅིང་། མེད་ན་ན་སྨད་པ་ཉིད་དོ་ཞེས་པ་འདི་ལ་་་་་་བམ་པོ་ལྔ་བཅུ་ལས་སྦྱོར་བ་ཙམ་ཁོ་ན་ལ་ན་སྨད་པ་འདིར་འགྱུར་གྱི། དངོས་གཞི་ཉིད་དུ་ནི་མི་འགྱུར་ཏེ། མྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་སོགས་པ་རང་བཞིན་ཉམས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ་ཞེས་བཤད་་་་་་ལ་སོགས་པ་ཞེས་པས་ནི་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཉམས་པ་བསྡུའོ། །དོ། །དེ་ལ་སྤྲོས་ཏེ་སྐབས་འདིར་བསམ་པའི་ཡན་ལག་གཏན་ལ་དབབ་པ་ལ་བཞི་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། ལྟུང་བ་སྡེ་ལྔ་ཐམས་ཅད་ལ་སྦྱར་རོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི་ལྟུང་བ་བསྐྱེད་པའི་རྟེན་བདག་ཉིད་ཤེས་པ་རང་བཞིན་དུ་གནས་པའོ། །གསུམ་པ་སེལ་བ་ནི་དེ་ལས་ལྡོག་པའོ། །དེ་ལ་དབྱེ་ན་བརྒྱད་དེ། སྨྱོ་བ་དང་སེམས་འཁྲུགས་པ་དང་ཚོར་བས་གཟིར་བ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་སྟེ་ཤེས་པ་རང་བཞིན་དུ་མི་གནས་པ་གཙོ་བོ་བཞི་དང་། གཙོ་བོ་མ་ཡིན་པ་བཞི་སྟེ། གཉིད་ལོག་པ་དང་། རྫས་ཆང་ཁྱད་པར་ཅན་ནམ་ཐང་འབྲུམ་ལྟ་བུའི་་་་་་རྫས་ཀྱིས་མྱོས་ཏེ་ཤེས་པ་རང་དབང་མེད་པ་དང་། སྙོམས་པར་ཞུགས་པ་དང་བརྒྱལ་བར་གྱུར་པའོ། །དེ་ཡང་ལུང་ཞུ་བ་ལས། གཉིད་ལོག་ར་རོ་རྫས་ཀྱི་མྱོས། །སྙོམས་ཞུགས་འགྲོ་བ་མཐའ་མའོ་ཞེས་ལྟུང་བ་བསྐྱེད་པའི་ཡུལ་ལ་བཤད་པའི་གནད་ཀྱིས་སྦྱར་བ་དང་། བརྒྱལ་བ་ནི་་་་་་འདི་ཉིད་ལས་ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་པ་ཉིད་ལ་ནི་ཞེས་པའི་གནད་ཀྱིས་སོ། །བཞི་པ་ཅིར་འགྱུར་ནི་གསུམ་ལས། དང་པོ་སྦྱོར་བ་དང་མཐར་ཐུག་གཉིས་ཀའི་ཚེ་ན་བདག་ཉིད་ཤེས་པ་རང་བཞིན་དུ་མི་གནས་ན་ཅིར་འགྱུར་ནི། ལྟུང་བ་མེད་དེ། ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་པ་ཉིད་ལ་ནི་ཞེས་པ་དང་། རྨི་ལམ་ནི་མེད་པ་དང་འདྲ་ཞེས་གསུངས་པས་སོ། །གཉིས་པ་དགེ་སློང་ཤེས་པ་རང་བཞིན་དུ་མི་གནས་པས་སྦྱོར་བ་བྱས་ནས་རང་བཞིན་དུ་གནས་པར་གྱུར་པ་ན་མཐར་ཐུག་གྲུབ་ན་ཅིར་འགྱུར་ནི། བུད་མེད་ལ་རེག་པ་ལྟ་བུ་ལ་ནི་མཐར་ཐུག་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ། བཅས་པའི་རྟེན་ཅན་རང་བཞིན་དུ་གནས་པ་དེ་ལ་སྦྱོར་བ་མ་རྫོགས་པས་མཐར་ཐུག་གྲུབ་པ་ཡོད་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་པ་དགེ་སློང་ཤེས་པ་རང་བཞིན་དུ་གནས་པས་སྦྱོར་བ་བྱས་ནས་རང་བཞིན་མི་གནས་པར་གྱུར་པ་ན་མཐར་ཐུག་གྲུབ་ན་ཅིར་འགྱུར་ལ་གཉིས་ལས། དང་པོ་་་་་་སྦྱོར་བ་རང་བཞིན་དུ་གནས་པས་བྱས་ནས་མཐར་ཐུག་གྲུབ་པའི་ཚེ་སྨྱོ་བ་ལ་སོགས་པ་གཙོ་བོའི་སེལ་བ་བཞིར་གྱུར་ན་ནི་སྦྱོར་བ་ལ་རང་རང་གི་སྦྱོར་ལྟུང་གང་ཡོད་དེ་ཉིད་འབྱུང་ལ། མཐར་ཐུག་ནི་ལྟུང་བ་ནི་མེད་དེ། ལུང་ལས་སྨྱོ་བ་ལ་སོགས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པས་ཤེས་སོ། །གཉིས་པ་་་་་་སྦྱོར་བ་རང་བཞིན་དུ་གནས་པས་བྱས་ན། མཐར་ཐུག་གྲུབ་པ་ནས་གཉིད་ལོག་པ་ལ་སོགས་གཙོ་བོ་མ་ཡིན་པ་བཞིར་གྱུར་ན་ནི། ལྟུང་བ་རྫོགས་པར་བསྐྱེད་པ་ཡོད་དེ་ཞག་གཅིག་འདས་པ་དང་འབྲེལ་བ་རྣམས་ཀྱི་སྦྱོར་བ་རང་བཞིན་དུ་གནས་པས་བྱས་ནས་གཉིད་ལོག་པ་ལ་སོགས་པ་ན་མཐར་ཐུག་གྲུབ་ན་ལྟུང་བ་དངོས་གཞི་བསྐྱེད་པར་ནུབ་ལྷག་པར་ཉལ་བའི་སྐབས་ཀྱི་ཊཱི་ཀ་ལས་བཤད་ཅིང་། འདི་ཉིད་ལས་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ་ཞེས་བཤད་པ་དང་། གཏམ་གྱི་གཞི་ལས་སྙོམས་པར་འཇུག་པ་ན་བདག་གི་ཁང་པ་རྩིགས་ཤིག་ཅེས་བསྒོ་ནས་སྙོམས་པར་ཞུགས་པའི་ཚེ་ཁང་པ་ཟིན་པར་གྱུར་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་ཚིགས་ཀྱི་ཡན་ལག་ཞར་བྱུང་དང་བཅས་པ་ལ་གཉིས་ལས། དང་པོ་སེལ་བའི་སྒོ་ནས་ཚིགས་ཀྱི་ཡན་ལག་བསྟན་པ་ནི། ཚིགས་སྔ་མར་ཞེས་པ་ནས་སོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ཏོ། །དང་པོ་ལ་ལྔ་་་་་་སྟེ་ཡན་ལག་གི་ཁྱབ་པ་སྦྱར་བ་དང་། ཡན་ལག་གི་རང་གི་ངོ་བོ་དང་། སེལ་བ་དང་། ཅིར་འགྱུར་དང་། རྒྱུ་མཚན་དང་ལྔ་ལས་དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བའོ། །དེ་ལ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ་སྦྱོར་བ་རྒྱུན་ལྡན་དང་རྒྱུན་མི་ལྡན་གཉིས་ལས། སྦྱོར་བ་རྒྱུན་མི་ལྡན་ལ་ཚིགས་ཀྱི་ཁྱབ་པ་མི་སྦྱོར་ཏེ་ཚིགས་ཀྱི་སེལ་བ་མི་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ལུང་ཞུ་བ་ལས་རེག་་་་་་བསྙེན་པར་མ་རྫོགས་པས་བུད་མེད་ལ་རེག་པར་བཤམས་ལ་བསྙེན་པར་རྫོགས་ནས་རེག་ན་ཅིར་འགྱུར་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ལ་སོགས་པ་སྟེ་པ་ལ་སོགས་པ་སྦྱོར་བ་རྒྱུན་མི་ལྡན་ལ་ཚིགས་ཀྱི་སེལ་བ་སྦྱར་བའི་ཕྱིར་རོ། །སྦྱོར་བ་རྒྱུན་མི་ལྡན་རྣམས་ཀྱི་ཡང་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ནི་སྦྱོར་བ་དང་མཐར་ཐུག་གི་དུས་ན་བསླབ་པའི་ཚིགས་གཅིག་པའི་ཡན་ལག་ཚང་བས་ཚིགས་གཅིག་པའི་ཡན་ལག་གི་ཁྱབ་པ་མི་སྦྱོར་བ་མི་རིགས་སོ། །ཚིགས་ཀྱི་སེལ་བ་མི་སྲིད་པའང་མ་ཡིན་ཏེ་་་་་་དགེ་ཚུལ་ལས་དགེ་སློང་དུ་གྱུར་པ་ལྟ་བུ་ཚིགས་འཕོ་བ་ལ་སྐད་ཅིག་ལས་མེད་པའི་ཕྱིར་དང་། ཚིགས་་་་་་དགེ་སློང་ལས་དགེ་ཚུལ་དུ་བབས་པ་ལྟ་བུ། མར་ལ་འཕོ་བ་ལ་ཤིན་ཏུའང་སྲིད་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི་ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པ་ཐམས་ཅད་ལ་བསྙེན་རྫོགས་ཀྱི་བསབ་པའི་ཚིགས་གཅིག་པ་ཡན་ལག་ཏུ་དགོས་པར་སྦྱར་རོ། །དགེ་ཚུལ་གྱིས་སྦྱོར་བ་བྱས་ནས་དགེ་སློང་གིས་མཐར་ཐུག་གྲུབ་པའི་སྦོམ་པོ་ལ་སོགས་པ་ལ་ནི་ཚིགས་གཅིག་པ་ཡན་ལག་ཏུ་མི་དགོས་སོ། །་་་་་དེ་ཡང་ཉེས་བྱས་ཀྱི་སྡེ་ལ། ལུང་ཞུ་བ་ལས་ཉེས་བྱས་ཀྱི་སྡེ་མ་གཏོགས་པ་དགེ་སློང་ཕའི་ལྟུང་བ་སྡེ་བཞི་ལ་ཕམ་པའི་རྫུན་ལ་སོགས་པ་བཞི་བཅུ་རྩ་ལྔ་མ་གཏོགས་པ་ལྟུང་བ་གཞན་རྣམས་ཀྱི་ཚིགས་ཀྱི་ཡན་ལག་དངོས་སུ་གསུངས་པས་དེ་དག་ལ་ཡང་མདོར་བསྡུས་སྦྱར་བའོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི་སྦྱོར་བ་དང་མཐར་ཐུག་གཉིས་ཀའི་གནས་སྐབས་ན་བསྙེན་རྫོགས་ཀྱི་བསླབ་པའི་ཚིགས་དེ་ཉིད་དང་ལྡན་པའོ། །གསུམ་པ་སེལ་བ་ནི་སྦྱོར་བ་བསླབ་པའི་ཚིགས་གཞན་གྱིས་བྱས་ན་མཐར་ཐུག་ཚིགས་གཞན་དུ་གྲུབ་པའོ། །བཞི་པ་ཅིར་འགྱུར་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི་འདིར་ཁ་ཅིག་ན་རེ་ལྟུང་བ་དངོས་གཞི་བསྐྱེད་པ་ལ་ཚིགས་གཅིག་པ་ཡན་ལག་ཏུ་མི་དགོས་ཤིང་། ཚིགས་ཐ་དད་སེལ་བར་མི་འགྱུར་ཏེ། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པས་མི་ཚངས་པར་སྤྱད་པར་བརྩམས་ནས་བསྙེན་པར་རྫོགས་ནས་བཅུག་ན་ཅིར་འགྱུར། མཐར་འགྱུར་རོ་ཞེས་གསུངས་པ་ལ་སོགས་པ་དང་། འབྱིན་པའི་སྐབས་ཀྱི་ཞུ་བ་ལས་བསྙེན་པར་མ་རྫོགས་པས་བརྩལ་ནས་བསྙེན་པར་རྫོགས་ནས་ཕྱུང་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ལ་སོགས་ཏེ་་་་་་ཕམ་པ་སྔ་མ་གསུམ་དང་འབྱིན། །འཁྲིག་ཚིག་བསྙེན་བཀུར་སྨྱན་བྱེད་དང་། །གཞི་མེད་བག་ཙམ་ལྷག་མས་སྐུར། །དུད་འགྲོ་འདེབས་སྤྱོད་གསོད་གསུམ་མོ། །དེ་ལྟར་ལྟུང་བ་བཅུ་གསུམ་ཚིགས་ཐ་དད་ལ་ལྟུང་བ་དངོས་གཞི་རྫོགས་པར་་་་་་ལུང་ལས་གསུངས་པས་གཞན་ལ་ཡང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། ཊཱི་ཀ་ལས་ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བར་འགྲུབ་པར་འགྱུར་བའི་སྦྱོར་བ་ཚིགས་སྔ་མར་བྱས་པ་དེ་ན་སྨད་པ་ཉིད་ཡིན་ཏེ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །འོ་ན་འདི་ཉིད་ལས་ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་ན་སྨད་དུ་གསུངས་པ་དེ་ཅི་ཞེ་ན། འདིར་ན་སྨད་དུ་བཤད་པ་ནི་སྦྱོར་བའི་གནས་སྐབས་ཀྱི་ལྟུང་བ་དེ་ཆུང་བའམ་ན་སྨད་པ་ཡིན་ཏེ། ཊཱི་ཀ་ལས་སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་དོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། ཚིགས་ཐ་དད་སེལ་བར་མི་འགྱུར་ན། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པས་རྐུ་བའི་སྦྱོར་བ་བྱེད་ལ། བསྙེན་པར་རྫོགས་པ་ན་རྐུ་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ་སོགས་པ་ཚིགས་འཕོས་པ་ལ་ལྟུང་བ་ན་སྨད་དུ་ལན་མང་དུ་གསུངས་པ་དང་འགལ་ཞིང་། འོད་ལྡན་ལས་ཀྱང་། དགེ་ཚུལ་ཉིད་ཀྱིས་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་བསྙེན་པར་རྫོགས་པ་ཉིད་དུ་གྲུབ་ན་ཆུང་བ་ཉིད་ཡིན་ཏེ། སྔ་མའི་ཚིགས་སུ་སྦྱོར་བ་བྱས་པའི་ལས་ཀྱི་ལམ་ཚིགས་ཕྱི་མ་ལ་རྫོགས་ན་ཆུང་བ་ཉིད་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ། །རིགས་པས་ཀྱང་་་་་་ཁྱིམ་པ་འམ་དགེ་ཚུལ་གྱིས་སྦྱོར་བ་བྱས་ཤིང་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་པ་དེ་ལ་ལྟུང་བ་དངོས་གཞི་མི་སྐྱེད་པར་ཐལ། སྦྱོར་བའི་གནས་སྐབས་ན་བསྙེན་རྫོགས་ཀྱི་བསླབ་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ལུས་ལས་ལྟུང་བ་བཅུ་གསུམ་གྱི་དངོས་གཞི་རྫོགས་པར་གསུངས་པ་ནི་ཚིགས་སྔ་མ་ལ་ཁད་རིང་བའི་སྦྱོར་བ་བྱས་ནས། ཚིགས་ཕྱི་མ་ལ་མེད་མི་རུང་གི་སྦྱོར་བ་ཡོད་པ་ལ་དགོངས་པ་སྟེ། དེ་ལྟ་མ་ཡིན་ན་་་་་་དངོས་གཞི་སྐྱེད་པའི་ཡན་ལག་མ་ཚང་པ་ལ་ལྟུང་བ་དངོས་གཞི་རྫོགས་པར་ཧ་ཅང་ཐལ་བར་འགྱུར་རོ། །ཊཱི་ཀ་ལས་ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་ཞེས་བཤད་པ་དེ་ཚིགས་ཕྱི་མ་ལ་ཉེས་བྱས་ལ་སོགས་པའི་དངོས་གཞི་འབྱུང་བ་ལ་དགོངས་སོ་ཞེས་བརྗོད་དོ་ཊཱི་ཀ་ལས་སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་དོ་ཞེས་བཤད་པ་དེ་ཡང་སྦྱོར་བ་སྔ་མ་དེས་འཕངས་པའི་ཚིགས་ཕྱི་མའི་ལྟུང་བ་དེ་ན་སྨད་དོ་ཞེས་དགོངས་པ་སྟེ། གཞན་དུ་ན་སྔར་གྱི་གནོད་བྱེད་དམིགས་པས་སོ། །ཡང་ཁ་ཅིག་ན་རེ་ཚིགས་གཅིག་པ་ཡན་ལག་ཏུ་མི་དགོས་ཤིང་ཚིགས་ཐ་དད་སེལ་བར་མི་འགྱུར་ཞེས་པ་ལ་སོགས་པ་སྔ་མ་དང་མཐུན་ལ། མདོ་རྩ་བ་འདིར་ན་སྨད་དུ་བཤད་པ་ནི་འདུན་པ་ལོག་པའི་ན་སྨད་ཡིན་ཏེ། དེ་ཡང་ཚིགས་སྔ་མར་ཉེས་པའི་སྦྱོར་བ་བྱས་པ་དེ་ལ་འདུན་པ་མ་ལོག་ན་ཡན་ལག་ངེས་པ་ཡིན་པས་སྡོམ་པ་མི་སྐྱེ་བ་ལས། ཚིགས་ཕྱི་མའི་སྡོམ་པ་སྐྱེ་པའི་ཕྱིར་ཡན་ལག་ངེས་པ་མེད་པར་གསལ་ལོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། སྡོམ་པའི་བསྲུང་བྱ་ཐམས་ཅད་བསྲུང་ངོ་སྙམ་དུ་་་་་་སྤྱིར་ལེན་སེམས་ཡོད་ན་བྱེ་བྲག་རེ་རེ་ནས་མི་དགོས་ཏེ། གལ་ཏེ་དགོས་ན་ཕྱི་ནང་གི་སྤང་བྱ་བསམ་གྱིས་མི་ཁྱབ་པས་སྤང་བྱ་རེ་རེ་ལ་་་་་་དེའི་སྡོམ་པའི་ལེན་སེམས་རེ་རེ་་་་་་སྡོམ་ལེན་གྱི་བློས་མི་ལྕོགས་པས་སྡོམ་པ་སྐྱེ་བ་མི་སྲིད་པར་འགྱུར་བས་སོ། །དེས་ན་ཡན་ལག་ངེས་པ་ནི་སྤང་བྱའི་བྱེ་བྲག་སྤང་བར་མི་འདོད་པ་ཡིན་པས་ན་ཁྱོད་ཀྱི་ལུགས་དེ་མི་འཐད་དོ། །གལ་ཏེ་འོད་ལྡན་ལས་འདུན་པ་ལོག་ན་ཉེས་པ་ཆུང་བའི་སྒྲུབ་བྱེད་དུ། ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་་་་་་འོད་ལྡན་དུ་གཞུང་དྲངས་པས་ཀྱང་འདུན་པ་ལོག་པའི་ན་སྨད་དུ་གསལ་ལོ་ཞེ་ན། དེ་ནི་འདུན་པ་ལོག་ན་ཉེས་པ་ཆུང་བ་དེ་དང་། ཉེས་པ་ཆུང་བ་ཙམ་དུ་འདྲ་བའི་མཐུན་དཔེར་བསླབ་ཚིགས་ཐ་དད་ཀྱི་གཞུང་་་་་་འོད་ལྡན་དུ་དྲངས་པ་ཡིན་ནོ་ཞེས་བརྗོད་དོ། །གཉིས་པ་རང་ལུགས་བཞག་པ་ནི་ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པ་ཐམས་ཅད་ལ་ཚིགས་གཅིག་པ་ཡན་ལག་ཏུ་དགོས་ལ། ཚིགས་ཐ་དད་སེལ་བར་འགྱུར་རོ། །དེ་ཡང་་་་་་དགེ་ཚུལ་ལྟ་བུ་ཚིགས་སྔ་མར་སྦྱོར་བ་བྱས་ཏེ་ཚིགས་སྔ་མའི་སྦྱོར་བ་དེའི་རྐྱེན་གྱིས་ཚིགས་ཕྱི་མར་མཐར་ཐུག་གྲུབ་ན་སྤྱིར་བཏང་ལ་དངོས་གཞི་རྣམ་པའི་ན་སྨད་དུ་འགྱུར་ཏེ། ལུང་ཞུ་བ་ཉུང་ཤོས་ལས་མ་བྱིན་ལེན་དང་སྲོག་གཅོད་ལ་སོགས་པ་ལྟུང་བ་ཕལ་ཆེ་བའི་སྐབས་སུ་ན་སྨད་དུ་གསུངས་ཤིང་། འདི་ཉིད་ཀྱང་ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་ན་སྨད་དུ་གསུངས་པ་དང་། འོད་ལྡན་ལས་ཀྱང་དགེ་ཚུལ་ཉིད་ཀྱི་སྦྱོར་བ་བྱས་པ་ཙམ་གྱི་དབང་གི་ཞེས་ན་སྨད་དུ་གསུངས་པའི་གཞུང་གོང་དུ་དྲངས་པ་དེ་དག་གིས་གྲུབ་བོ། །འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་པའི་རྒྱུ་མཚན་ནི། སྦྱོར་བའི་གནས་སྐབས་ན་བསྙེན་རྫོགས་ཀྱི་བསླབ་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ན་སྨད་སྐྱེད་པའི་རྒྱུ་མཚན་ནི་གཙོ་བོར་ན་ལྟུང་བ་ན་སྨད་དུ་བཅས་པའི་དབང་གིས་སོ། །དམིགས་བསལ་ནི་འཆང་འབྲལ་ལྟ་བུ་ལ་ཚིགས་ཀྱི་སེལ་བ་ན་སྨད་དུ་འགྱུར་བ་མི་སྲིད་ལ། ལོ་དྲུག་སྟན་ལ་ནི་ཚིགས་མར་འཕོས་ན་སྦྱོར་བའི་ཉེས་བྱས་བསྐྱེད་ཀྱང་ཚིགས་ཡར་འཕོས་པ་ལ་ལྟུང་བ་མེད་དོ། །གསུམ་པ་རྩོད་པ་སྤང་བ་ནི་གལ་ཏེ་དགེ་སློང་གིས་ནི་མི་གསོད་པའི་བསམ་སྦྱོར་གཏན་ནས་མ་བྱས་པར་དགེ་ཚུལ་གྱིས་མི་གསོད་པའི་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་པ་ཆོས་ཅན། དགེ་སློང་ལ་མི་གསོད་པའི་ལྟུང་བ་གཏན་ནས་མི་སྐྱེད་པར་ཐལ། དགེ་སློང་གིས་མི་གསད་པར་གཏན་ནས་མ་བསམས་ཤིང་དགེ་སློང་གི་མི་གསོད་པའི་སྦྱོར་བ་གཏན་ནས་མ་བྱས་པའི་ཕྱིར་ཞེ་ན་ཁྱབ་པ་མ་གྲུབ་སྟེ། དགེ་སློང་མས་མི་གསོད་པའི་སྦྱོར་བ་བྱས་ནས་དེ་དགེ་སློང་དུ་མཚན་གྱུར་པ་ན་མཐར་ཐུག་གྲུབ་པའི་སྐབས་སུ་མ་ངེས་པ་ཞུགས་སོ། །གཞན་ཡང་ཁྱེད་ཀྱིས་བཀོད་པའི་རྟགས་དེ་ལ་ཆོས་དེས་ཁྱབ་པ་མེད་དེ། དགེ་སློང་རང་ཉིད་དང་ཤེས་རྒྱུད་གཅིག་པའི་གང་ཟག་གིས་སྦྱོར་བ་བྱས་པ་ལས་གྱུར་པའི་མཐར་ཐུག་དགེ་སློང་ལ་ལྟུང་བ་སྐྱེད་བྱེད་དུ་གྲུབ་པ་ཡོད་པའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་་་་་་ཉུང་ཤོས་ལས་སོ། །་་་་་ཤ་ལུགས་སྨྲ་བ་རྣམས་ན་རེ། དགེ་ཚུལ་གྱིས་མི་གསད་པའི་སྦྱོར་བ་བྱས་ཏེ། དགེ་སློང་དུ་གྱུར་པ་དེ་མཐར་ཐུག་གྲུབ་པ་ན་དགེ་སློང་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ལུང་ཞུ་བ་ཉུང་ཤོས་ལས་སྦོམ་པོར་གསུངས་པ་དང་འགལ་བས་ལྔ་པ་རྒྱུ་མཚན་ནི་ཅིར་འགྱུར་གྱི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ། མཐར་ཐུག་གི་སྒོ་ནས་བསྟན་པ་དང་། སྦྱོར་ལྟུང་གི་སྒོ་ནས་བསྟན་པའོ། །དང་པོ་ནི། ཚིགས་སྔ་མར་སྦྱོར་བ་བྱས་པ་ཞེས་པ་འདི་སྐབས་འདིར་བརྗོད་ཀྱི་ལྟུང་བ་ཐམས་ཅད་ལ་སྤྱིར་བསྟན་པ་ཡིན་ཡང་། བྱེ་བྲག་ལ་མཚོན་ན་གོ་སླ་བས། །ཁང་པ་ཁང་ཆེན་ལྟ་བུ་ལ་ཚིགས་སྔ་མར་དགེ་ཚུལ་གྱིས་སྦྱོར་བ་བྱས་པ་ལ་ཚིགས་ཕྱི་མ་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་པ་ལ་ཡང་ངོ་སྟེ་ན་སྨད་པ་ཉིད་དོ་ཞེས་སྔ་མར་སྦྱར་རོ། །་་་་་ཁང་ཆེན་གྱི་སྦོམ་པོ་བསྐྱེད་པའི་ཡན་ལག་གཞན་ཐམས་ཅད་ཚང་བའི་དབང་དུ་བྱས་ཏེ་དགེ་ཚུལ་གྱིས་ཁང་ཆེན་རྩིག་པའི་སྦྱོར་བ་བྱས་ནས་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་པ་ཆོས་ཅན། ཁང་ཆེན་གྱི་སྦོམ་པོ་འབྱུང་རུང་ཡིན་ཏེ། ཁང་ཆེན་གྱི་སྦོམ་པོའི་རྒྱུ་ཚོགས་པ་ཚང་བའི་ཕྱིར་རོ། །ཉེས་བྱས་དང་ལྟུང་མེད་དུ་བྱེད་པའི་རྐྱེན་གཞན་མ་བྱུང་བར་ཁང་པ་ཁང་ཆེན་བརྩིག་པ་ན་དགེ་ཚུལ་ཉིད་ཀྱིས་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་དགེ་སློང་ཉིད་ན་མཐར་ཐུག་གྲུབ་པའི་ལྟུང་བ་ཆོས་ཅན། ལྟུང་བ་ན་སྨད་པ་ཡིན་ཏེ། བཅས་པའི་ཁྱད་པར་སྦོམ་པོར་བཅས་པ་ལས་འདས་པའི་ལྟུང་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཁང་པ་ཁང་ཆེན་གྱི་ཞུ་བ་ལས། བསྙེན་པར་མ་རྫོགས་པས་་་་་་བརྩིག་པར་བརྩམས་ནས་བསྙེན་པར་རྫོགས་ཏེ་་་་་་ཟིན་ལགས་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ་ཞེས་གསུངས་ཤིང་། དེ་བཞིན་དུ་ལྟུང་བ་གཞན་རྣམས་ལ་ཡང་སྐབས་འདིར་རང་རང་གི་ན་སྨད་དུ་སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་སྦྱོར་ལྟུང་གི་སྒོ་ནས་བསྟན་པ་ནི། ལུང་ཞུ་བ་ལས། བསྙེན་པར་རྫོགས་པས་་་་་་རྐུ་བར་བཤམས་ཏེ་བསྙེན་པར་མ་རྫོགས་པས་བརྐུས་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ་ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་དགེ་སློང་གིས་མ་བྱིན་ལེན་ལྟ་བུའི་སྦྱོར་བ་བྱས་ནས་དེ་དགེ་ཚུལ་དུ་བབས་པ་ན་མཐར་ཐུག་གྲུབ་ན་དེའི་སྦྱོར་བ་བྱེད་པ་པོའི་ཚིགས་ཕྱི་མ་དགེ་སློང་ལ་ཡང་སྦྱོར་བའི་ན་སྨད་པ་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་པའོ། །་་་་་ཕྱི་མ་ལ་ཡང་དེ་ལྡན་པ་ཞེས་པའི་མདོ་འདི་ལ་ཊཱི་ཀ་ལས་ནི་ཚིགས་ཕྱི་མ་སྟེ་བསྙེན་པར་རྫོགས་པ་ཉིད་དོ། །དེ་ལ་ཡང་ཚིགས་སྔ་མ་དེ་དང་ལྡན་པ་ཉིད་ཡིན་ཏེ་ཞེས་བཤད་དོ། །ཚིགས་ཕྱི་མ་དགེ་སློང་ལ་ཡང་ཚིགས་སྔ་མ་དགེ་བསྙེན་གྱི་སྡོམ་པ་དང་དགེ་ཚུལ་གྱི་སྡོམ་པའི་རྒྱུན་མ་བཏང་བར་ཡོད་པས་སྡོམ་པ་གསུམ་ལྡན་ནོ། །་་་་་དེ་ཡང་སྡོམ་པ་གསུམ་གྱི་གནས་ཚུལ་ནི་སྔར་གཞི་སྟོད་དུ་བཤད་ཟིན་ཏོ། །འོ་ན་དགེ་སློང་གིས་མ་བྱིན་ལེན་ལྟ་བུའི་སྦྱོར་བ་བྱས་ནས་དེ་དགེ་ཚུལ་དུ་བབས་པ་ན་མཐར་ཐུག་གྲུབ་ན། དགེ་ཚུལ་དེ་ལ་ཅིར་འགྱུར་ཞེ་ན། ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀ་ལས་་་་་་བབས་པའི་ཚིགས་དག་ཏུ། དངོས་གཞིར་གྱུར་པའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་ཞེས་བཤད་དོ། །དེ་ཡང་ཉེས་བྱས་དེའི་སྦྱོར་བ་དང་མཐར་ཐུག་གི་དུས་ན་དགེ་ཚུལ་གྱི་སྡོམ་པ་ཡོད་ཅིང་ཉེས་བྱས་དེའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་་་་་་འདིར་སྦྱོར་བ་ནི་ཕམ་པའི་སྦྱོར་བ་ཡིན་པས། ཕམ་པའི་སྦྱོར་བ་ལས་ཕམ་པ་དང་འདྲ་བའི་ཉེས་བྱས་བསྐྱེད་པ་འགལ་ཞེ་ན། ལྟུང་བ་ཆེ་བའི་རྒྱུས་ཆུང་བ་བསྐྱེད་པར་རུང་ཞེས་གསུངས་སོ། །པའོ། །གཉིས་པ་ཞར་ལས་བྱུང་བ་་་་་་ལ་རྫས་ཀྱི་ཁྱད་པར་ལས་གྱུར་པ་ཞར་བྱུང་དུ་བསྟན་པ། ནི་རྫས་དངོས་སུ་བཀག་པ་བས་དཀོན་ཞིང་རིན་ཆེ་བའི་སྒོ་ནས་བཟང་པོ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ། །དེའང་ཡུལ་གང་ན་བལ་ནག་པོ་བས་བལ་དཀར་པོ་དཀོན་ཞིང་རིན་ཆེ་བ་ཡིན་ན་བལ་དཀར་པོ་ལ་སྟན་བྱེད་ན་སྤང་ལྟུང་བསྐྱེད་པ་ལྟ་བུ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཆ་གཉིས་བསྲེ་བའི་སྐབས་ནས་བཤད་དོ། །་་་་་ཊཱི་ཀ་ལས་རྩ་བར་རེག་ན་ཉེས་བྱས་ཞེས་གསུངས་པ་ཡང་ན་སྨད་དེ་བཅས་པའི་སྒོ་ནས་དངོས་སུ་བཀག་པ་ཡིན་ནོ། །ལྟུང་བྱེད་དུ་མི་འགྱུར་བ་ནི་དངོས་པོ་རུང་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ཁ་ཅིག་ན་རེ་རྫས་བཀག་པ་བས་བཟང་པོ་ནི་ལྷའི་རིན་པོ་ཆེ་དེ་དང་བཙུན་མོ་རིན་པོ་ཆེ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་ལུང་ཞུ་བ་ལས་ལྷ་རྫས་ཀྱི་རིན་པོ་ཆེའམ་རིན་པོ་ཆེར་གཏོགས་པ་ལག་གིས་བཟུང་ན་་་་་་ལྟུང་བྱེད་དུ་མི་འགྱུར་བ་ནི་དུས་རེ་འགའ་བ་ཡིན་པས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་རོ་ཞེས་དངོས་སུ་བཀག་པའི་ཕྱིར་དང་། སྤྱིར་བུད་མེད་ལ་རེག་པ་དངོས་སུ་བཀག་པའི་ཕྱིར་རོ། །དེ་བཞིན་དུ་རྟ་མཆོག་རིན་པོ་ཆེ་དང་། ཞིང་དང་ཁང་བཟང་ལ་སོགས་པ་ལ་རེག་ན་ཡང་ལྟུང་བར་འགྱུར་རོ་སྙམ་དུ་མི་བསམ་སྟེ། དགག་པ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དཀོན་ཞིང་རིན་ཆེ་བའི་སྒོ་ནས་རྫས་དངོས་སུ་བཀག་པ་དེ་དང་། འདྲ་བ་ལ་ཡང་ངོ་སྟེ་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ། །ཊཱི་ཀ་ལས་སྲིན་བལ་དང་འདྲ་བ་མོན་དར་དང་དུ་ཀཱུ་ལའི་རས་ལ་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བར་བཤད་དོ། །འོ་ན་མོན་དར་དེ་སྲིན་བལ་དང་འདྲ་ན་ལུང་དགེ་སློང་མའི་རྣམ་འབྱེད་ལས་མོན་དར་ཞེས་བྱ་བ་ནི་སྲིན་བལ་ལོ་ཞེས་གསུངས་པ་དང་འགལ་སྙམ་ན། མོན་དར་ལ་རིགས་གཉིས་ཡོད་དེ། སྲིན་བལ་ལས་བྱས་པ་དང་། རྩྭ་ལས་བྱས་པ་སྟེ། ཕྱི་མ་ནི་ལུང་ཕྲན་ཚེགས་ཀྱི་འགྲེལ་བ་ལས། མོན་དར་འདྲ་བ་ལ་ཡང་ངོ་ཞེས་པ་འདི་འོད་ལྡན་ལས་གུར་ཀུམ་དང་ཁ་དོག་གསལ་ཆེས་པའི་སྒོ་ནས་འདྲ་བ་མེ་ཏོག་ཤེ་པ་ལི་ཀས་ཁ་བསྒྱུར་བ་ཡང་ཉན་ཐོས་རྣམས་ལ་བཀག་པར་བཤད་དོ། །གསེར་ལ་རེག་པ་བཀག་པ་དང་འདྲ་བ་གཡུ་ལ་རེག་པ་ཡང་བཀག་པར་ཤེས་པར་བྱའོ། །་་་་་དེ་བཞིན་དུ་ཁྲབ་རྙིང་མ་ལ་རེག་པ་དང་བྱང་ཤ་ཟན་གྱི་ཡུལ་དུ་རྩམ་པ་སློང་ན་ཡང་བསོད་པ་སློང་བའི་ལྟུང་བྱེད་བསྐྱེད་པ་སྟེ། འདྲ་བ་ལ་ཡང་ངོ་ཞེས་སྦྱར་རོ་ཞེས་གསུང་ངོ་། །བཞི་པ་མཚན་གྱི་ཡན་ལག་ཞར་བྱུང་དང་བཅས་པ་ནི། མཚན་གྱུར་པ་ཞེས་པ་ནས་སོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ཏོ། །དང་པོ་ལ་གཉིས་ལས། དང་པོ་ལྟུང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབྱེ་བ་ནི། དགེ་སློང་ཕ་མའི་ལྟུང་བ་ལ་གཉིས་སུ་དབྱེ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ཅི་འདྲ་བའི་ཐུན་མོང་དང་རྗེས་སུ་མཐུན་པ་མིང་ཙམ་གྱི་ཐུན་མོང་ངོ་། །དང་པོ་ནི་སྲོག་གཅོད་པའི་ཕམ་པ་ལྟ་བུ་སྟེ། རྟེན་དགེ་སློང་ཕ་མ་གཉིས་ལ་ལྟུང་བ་ཆེ་ཆུང་མཉམ་པོར་བཅས་ཤིང་ལྟུང་བའི་ཡན་ལག་ཐུན་མོང་བའོ། །གཉིས་པ་རྗེས་སུ་མཐུན་པ་མིང་ཙམ་གྱི་ཐུན་མོང་ནི། སྐྱོན་ནས་སྨྲ་བའི་ལྟུང་བྱེད་ལྟ་བུ་སྟེ། རྟེན་དགེ་སློང་ཕ་མ་གཉིས་ལ་ལྟུང་བ་ཆེ་ཆུང་མཉམ་པོར་བཅས་ཤིང་ལྟུང་བའི་ཡན་ལག་ཐུན་མོང་མ་ཡིན་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི་རེག་པའི་ཕམ་པའམ་འབྱིན་པའི་ལྷག་མ་ལྟ་བུའོ། །དེ་ཡང་དགེ་སློང་ཕ་མའི་ལྟུང་བ་ཐུན་མོང་མ་ཡིན་པར་བཞག་པའི་རྒྱུ་མཚན་ནི་ལྔ་སྟེ། རེག་པའི་ཕམ་པ་དང་ལྷག་མ་ལྟ་བུ་་་་་་སྡེ་ཚན་མི་འདྲ་བའི་ཕྱིར་དང་། དགེ་སློང་ཕ་མས་ཡང་ཡང་ཟོས་པའི་ལྟུང་བ་ལྟ་བུ་་་་་་ཆེ་ཆུང་མི་འདྲ་བའི་ཕྱིར་དང་། ཉིན་མོ་འབྲལ་བའི་ལྷག་མ་ལྟ་བུ་་་་་་ཡོད་མེད་མི་འདྲ་བའི་ཕྱིར་དང་། སྐྲོད་པའི་ལྟུང་བྱེད་གཉིས་ནི་བཅས་པའི་་་་་་དབྱེ་བ་མི་འདྲ་བའི་ཕྱིར་དང་། ལྷུང་བཟེད་འཆང་བའི་སྤང་ལྟུང་དངོས་གཞིར་་་་་་འགྱུར་དུས་མི་འདྲ་བའི་ཕྱིར་རོ། །བདུན་བཅུ་རྩ་གཉིས་སོ་ཞེས་གནས་ངན་ལེན་འཆབ་པ་ཐུན་མོང་བར་བཞག་པ་ནི་ལྷག་མ་འཆབ་པའི་ཆ་ནས་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་བ་ཡིན་ནོ། །ཕམ་པ་འཆབ་པའི་ཆ་ནས་ཐུན་མོང་མ་ཡིན་པ་སྟེ། ཕམ་པའི་སྐབས་ཀྱི་གཞུང་ལས་སྔར་བཤད་ཟིན་ཏོ། །གཉིས་པ་ཡན་ལག་གི་དོན་ལ་བཞི་སྟེ། མཚན་ཉིད་ཅི་འདྲ་བའི་ཐུན་མོང་གི་དབང་དུ་བྱས་པ་དང་། ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་དང་། དེ་དག་གི་ཞར་ལས་བྱུང་བ་དང་། དེ་དག་གི་འཐད་པ་བསྟན་པའོ། །དང་པོ་་་་་་སྔར་ལན་གཉིས་སུ་མཚན་གྱུར་པའི་དགེ་སློང་གིས་མི་གསོད་པ་ལྟ་བུའི་སྦྱོར་བ་བྱས་ནས་ལན་གསུམ་པར་མཚན་གྱུར་པ་དངོས་གཞིའི་ལྟུང་བ་དེ་སྐྱེ་བའི་ཞིང་ཉིད་མ་ཡིན་ནོ། །དེས་ན་ལན་ཅིག་མཚན་གྱུར་པ་ལྟ་བུའི་དབང་དུ་བྱས་ན་ནི་དགེ་སློང་གིས་མི་གསོད་པ་ལྟ་བུའི་སྦྱོར་བ་བྱས་ནས་དགེ་སློང་མར་མཚན་གྱུར་ཏེ་མཐར་ཐུག་གྲུབ་པ་ནི་དངོས་གཞིའི་ལྟུང་བ་དེ་སྐྱེ་བའི་ཞིང་ཉིད་དེ་རྟེན་ཉིད་ཡིན་ནོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号