ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 དེ་ཡང་འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་པར་གང་གིས་གྲུབ་ཅེ་ན། དགེ་སློང་དགའ་བ་ཅན་ལ་འཆབ་སེམས་མ་གཏོགས་པའི་ཡན་ལག་ཐམས་ཅད་ཚང་ཡང་ཕམ་པ་མ་བྱུང་བའི་ཕྱིར་རོ། །དེ་ལ་ཕམ་པ་མ་བྱུང་སྟེ། དེའི་སྡོམ་པ་མ་བཏང་བའི་ཕྱིར་དང་། ཕྱིར་བཅོས་བྱར་རུང་བའི་ཕྱིར་རོ། །དེ་ཡང་ལུང་གཞི་ལས། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར་ཞེས་གསུངས་ཤིང་། དྲང་དུ་མེད་པ་ཡིན་ནོ། །དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་མི་འགྱུར་བ་བཞིན་དུ་་་་་་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ་ཞེས་གསུངས་པས་ཕམ་པ་བྱུང་ན་དགེ་སློང་གི་སྡོམ་པ་བཏང་བར་གྲུབ་ཅིང་། ཕྱིར་བཅོས་བྱར་མི་རུང་དུ་གྲུབ་བོ། །འོ་ན་ཕམ་པ་མ་བྱུང་ན་བསླབ་པ་སྤྱོད་པ་འགལ་ལོ་སྙམ་ན། དེ་ནི་ཕམ་པའི་སྡེར་གཏོགས་པའི་སྦོམ་པོ་ལྕི་བ་དེ་དག་པར་བྱ་བའི་ཕྱིར་བསླབ་པ་སྤྱོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས་་་་་་ལུང་གིས་དགག་པ་ནི་འོད་ལྡན་དུ་ལུང་མ་མོ་ཁུངས་སུ་དྲངས་པ་ལས་ཕམ་པ་བྱུང་བ་བསླབ་པ་བྱིན་པ་གང་ཞེ་ན། མི་ཚངས་པར་སྤྱོད་པ་བྱས་ནས་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་འཆབ་པའི་སེམས་མི་བསྐྱེད་པ་ཡིན་ཏེ་ཞེས་གསུངས་པ་དང་འགལ་ལོ། །འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་ན་ནི་་་་་་མཁས་པ་དབྱིག་གཉེན་ཡང་མདོ་སྡེ་པའི་རྗེས་སུ་འབྲངས་ཏེ་འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་པར་བཞེད་ཀྱང་མཁས་པ་དབྱིག་གཉེན་ད་ལྟར་བཞུགས་ནའང་ང་ལ་ཆོས་ཀྱི་སྐྱེས་འདི་ཡོད་དེ། ལུང་རྣམ་འབྱེད་ལས་སྐྱོང་མས་ཆོམ་རྐུན་དྲུག་ཅུ་་་་་་ལན་ཚྭའི་བརྩབ་མོ་བླུད་ནས་འཆི་བར་བྱས་ཏེ་་་་་་ངས་རབ་ཏུ་བྱུང་བའི་བྱ་བ་བྱས་སོ་ཞེས་ཟེར་ཞིང་ངས་ཟླ་བ་བཞིན་འཆར་ཏེ། འཆབ་སེམས་གཏན་ནས་མེད་ཀྱང་སྐྱོང་མ་ཕམ་པར་གྱུར་ཏོ་ཞེས་གསུངས་པ་དང་ཡང་འགལ་ལོ། །གལ་ཏེ་འཆབ་སེམས་མེད་ཀྱང་ཕམ་པ་འབྱུང་ན། ལུང་ཕྲན་ཚེགས་ལས། དགེ་སློང་དག་དགེ་སློང་དགའ་བ་ཅན་གྱིས་སྤྱད་པར་བྱ་བ་མ་ཡིན་པ་སྤྱད་ཀྱང་སེམས་སྐད་ཅིག་གིས་ཀྱང་མ་བཅབས་པས། འདི་ཕམ་པར་མ་གྱུར་གྱིས། ཇི་སྲིད་འཚོའི་བར་དུ་བསླབ་པ་སྦྱིན་པར་བྱའོ་ཞེས་གསུངས་པ་དང་འགལ་ཞེ་ན། དེ་ནི་གསོར་མི་རུང་གི་ཕམ་པར་མ་གྱུར་གྱིས་ཞེས་དགོངས་སོ་ཞེས་རིགས་སོ། །ལུང་གཞི་ལས། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ་ཞེས་གསུངས་པ་དེ་ཡང་ཕམ་པ་འཆབ་བཅས་བྱུང་ན་དེ་ལྟར་ཡིན་གྱི། འཆབ་མེད་ཀྱི་ཕམ་པ་བྱུང་བ་ལ་ནི་དེ་ལྟར་མ་ཡིན་ནོ། །ཕམ་པས་སྡོམ་པ་གཏོང་བར་འདོད་པ་ལ་ནི་འོག་ཏུ་སྔ་རབས་པ་དང་ཕྱོགས་གཅིག་ཏུ་དགག་པ་བྱེད་དོ། །གཉིས་པ་སྔ་རབས་པའི་ལུགས་དགག་པ་ལ་གཉིས་ལས། འདོད་པ་འགོད་པ་ནི་འཆབ་སེམས་སྐྱེས་ན་སྔ་མ་དང་མཐུན་ལ། འཆབ་སེམས་མ་སྐྱེས་ན་ཕམ་པ་བྱུང་ཡང་ལྟུང་བ་ཕྱིར་བཅོས་བྱར་རུང་ཞིང་ཕྱིན་ཆད་སྡོམ་པ་ལེན་ན་ཡང་སྐྱེའོ། །འཆབ་སེམས་སྐྱེས་རུང་མ་སྐྱེས་རུང་ཕམ་པ་བྱུང་བས་སྡོམ་པ་གཏོང་སྟེ། ཞུ་བ་ལས། བསྙེན་པར་མ་རྫོགས་པ་ལ་དགེ་འདུན་ལྷག་མ་འབྱུང་བར་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་ཏེ་བསླབ་པ་བྱིན་པ་ལ་འགྱུར་རོ་ཞེས་གསུངས་པ་དང་། ལུང་ཕྲན་ཚེགས་ལས་ཀྱང་། བསླབ་པ་བྱིན་པ་ནི་དགེ་སློང་དང་འདྲ་བ་ཡིན་ནོ་ཞེས་གསུངས་ཏེ། གལ་ཏེ་ཕམ་པ་བྱུང་བས་དགེ་སློང་གི་སྡོམ་པ་མ་ཞིག་ན་བསྙེན་པར་མ་རྫོགས་པ་ལ་ཞེས་གསུངས་པ་མི་རིགས་ལ། བསླབ་པ་བྱིན་པ་ལ་་་་་་དགེ་སློང་གི་སྡོམ་པ་མ་ཞིག་པར་ཡོད་ན་དགེ་སློང་དངོས་ཉིད་ཡིན་པས་དགེ་སློང་དང་འདྲ་བར་མི་རིགས་པ་དང་། ལུང་གཞི་ལས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར་ཞེས་གསུངས་པས་དགེ་སློང་གི་སྡོམ་པ་བཏང་བར་གྲུབ་བོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། གནོད་བྱེད་བརྗོད་པ་ནི་བྱེ་བྲག་སྨྲ་བ་ལྟར་ན་ཕམ་པས་སྡོམ་པ་མི་གཏོང་བའི་སྒྲུབ་བྱེད་ལྔ་འོག་ཏུ་འཆད་པར་འགྱུར་བ་དེ་རྣམས་ནི་འདིར་གནོད་བྱེད་ལྔར་འགྱུར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། ཞུ་བ་ལས་བསླབ་པ་བྱིན་པ་བསྙེན་པར་མ་རྫོགས་པར་བཤད་པ་ནི། བསླབ་པ་བྱིན་པས་བྱིན་ལེན་སྟོབས་པ་པོའི་བྱ་བ་བྱེད་པ་ལ་སོགས་པ་དང་། དགེ་སློང་རྣམ་དག་ལ་ནུབ་ལྷག་པར་ཉལ་བ་ལ་སོགས་པའི་ཡུལ་གྱི་ཆ་ནས་བསྙེན་པར་མ་རྫོགས་པ་དང་འདྲ་བས་བསྙེན་པར་མ་རྫོགས་པ་ཞེས་བཏགས་པ་ཡིན་ལ། ལུང་ཕྲན་ཚེགས་ལས་བསླབ་པ་བྱིན་པ་ནི་དགེ་སློང་དང་འདྲ་ཞེས་འཇུག་ལྡོག་བྱ་དགོས་པའི་ཆ་ནས་རྣམ་དག་གི་དགེ་སློང་དང་འདྲ་ཞེས་བསྟན་པའོ། །ལུང་གཞི་ལས་དགེ་སློང་དུ་མི་རུང་བར་འགྱུར་ཞེས་གསུངས་པ་དེ་ནི་དམན་པ་དགག་པ་་་་་་མི་ཤིན་ཏུ་ངན་པ་ལ་མི་རང་མ་ཡིན་ཞེས་བརྗོད་པའམ། ལྷ་ངན་པ་ལ་ལྷ་མ་ཡིན་བརྗོད་པ་ལྟར་སྟེ། དགེ་སློང་དམན་པ་ལ་དགེ་སློང་མ་ཡིན་པ་ཉིད་དུ་བརྗོད་པ་སྟེ། འོད་ལྡན་ལས་་་་་་མ་ཡིན་ཞེས་པ་ནི་སྨད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་དོན་དམ་པའི་དགེ་སློང་གི་དངོས་པོ་མ་ཐོབ་པས་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་བཤད་དོ། །གཉིས་པ་རང་ལུགས་བཞག་པ་ནི། བྱེ་བྲག་སྨྲ་བའི་ལུགས་ཀྱིས་ཕམ་པ་འཆབ་བཅས་བྱུང་ན་ལྟུང་བ་ཕྱིར་བཅོས་སུ་མི་རུང་། ཕྱིན་ཆད་སྡོམ་པ་བླངས་ཀྱང་མི་སྐྱེ། འཆབ་སེམས་སྐྱེས་རུང་མ་སྐྱེས་རུང་ཕམ་པས་སྡོམ་པ་མི་གཏོང་ངོ་། །བྱེ་བྲག་སྨྲ་བ་ལྟར་ན་ཕམ་པས་སྡོམ་པ་མི་གཏོང་བ་ལ་སྒྲུབ་བྱེད་ལྔ་སྟེ། རང་རྒྱུད་ལ་ལྟུང་བྱེད་བསྐྱེད་པའི་ཕྱིར་དང་། གཞན་རྒྱུད་ལ་དགེ་འདུན་ལྷག་མ་བསྐྱེད་པའི་ཕྱིར་དང་། གང་ཟག་གཅིག་ལ་ཕམ་པ་བཞི་འབྱུང་བ་སྲིད་པའི་ཕྱིར་དང་། སྔོན་གྱི་སྡོམ་པའི་གྲལ་འཐོབ་པའི་ཕྱིར་དང་རང་གི་བསླབ་པ་འབུལ་རྒྱུ་ཡོད་པའི་ཕྱིར་རོ་ཞེས་སོ། །སྒྲུབ་བྱེད་དང་པོ་ནི། མ་བསྐོས་པར་ཆོས་སྟོན་པའི་ལུང་རྣམ་འབྱེད་ལས། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་མ་ཡིན་ཞེ་ན། ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་དག་ལས་གང་ཡང་རུང་བའི་ལྟུང་བ་བྱུང་བ་སྟེ། ཚུལ་ཁྲིམས་དང་ལྡན་པ་མ་ཡིན་པ་དེ་དགེ་སློང་མའི་སྟོན་པར་བསྐོས་པ་དེས་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་་་་་་ཕམ་པ་བྱུང་བ་དེ་དགེ་སློང་མའི་སྟོན་པར་བསྐོས་ཀྱང་། བསྐོ་བའི་ལས་དེ་མ་ཆགས་པས་མ་བསྐོས་པ་ཉིད་ཡིན་པར་རྣམ་འབྱེད་འགྲེལ་ལས་བཤད་དོ། །སོ། །དེས་ན་ཕམ་པ་བྱུང་བས་སྡོམ་པ་མ་བཏང་བར་གྲུབ་ཅིང་། སྡོམ་པ་བཏང་ན་ལྟུང་བྱེད་བསྐྱེད་པར་གསུངས་པས་གནོད་དོ། །དེ་ལ་སྔ་རབས་པའི་འདོད་པ་འོད་ལྡན་དུ་བཀོད་པ་ལས་ཚུལ་ཁྲིམས་འཆལ་བ་ལ་ལྟུང་བྱེད་དུ་གསུངས་པ་དེ་ནི་ཉེས་བྱས་སུ་བཤད་པ་ཡིན་ཏེ་ཞེས་་་་་་སྔ་རབས་དེ་སྐད་ཟེར་བར་བཤད་དེ་་་་་་ལྟུང་བྱེད་ལ་ཉེས་བྱས་ཡིན་ཞེས་རང་གི་རང་དགར་སྒྲོ་བཏགས་ཏེ་སྨྲ་བར་ཟད་དོ། །སྒྲུབ་བྱེད་གཉིས་པ་ནི་ལུང་ཞུ་བ་ལས་དགེ་སློང་རང་ཉིད་ན་རེ་བདག་གིས་མི་ཚངས་པར་སྤྱོད་པ་བྱས་སོ་ཞེས་ཟེར་བ་ལ་དེ་ལ་དགེ་སློང་གཞན་ཞིག་གིས་གསུམ་པོ་གཞན་དག་གིས་སྐུར་བ་འདེབས་པར་བྱེད་ན་དགེ་འདུན་ལྷག་མའོ་ཞེས་་་་་་ཕམ་པ་བྱུང་བ་དེ་ལ་སྐུར་པ་བཏབ་ནས་རྒྱུད་གཞན་ལ་ལྷག་མའི་ལྟུང་བ་བསྐྱེད་པར་གསུངས་ཤིང་། ལུང་རྣམ་འབྱེད་་་་་་སྐུར་འདེབས་ལྷག་མའི་སྐབས་ལས་མ་དག་པས་སྐུར་པ་འདེབས་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཞེས་དགེ་འདུན་ལྷག་མའི་ཉེས་པ་བཅུ་གཅིག་ཏུ་གསུངས་ལ། དེ་ཡང་མ་དག་པ་ནི་ཕམ་པ་ཁོ་ནས་ཡིན་པར་ལུང་རྣམ་འབྱེད་ལས་དགེ་སློང་དག་པ་ཞེས་བྱ་བ་ནི་ཕམ་པར་གྱུར་བ་བཞི་ལས་གང་རུང་བ་མ་བྱུང་བས་སོ་ཞེས་གསུངས་པས་སོ། །འོ་ན་སོ་སོ་ཐར་པ་ལས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྐུར་བ་གདབ་པའི་གཞི་དེ་ཉིད་ཀྱིས་དག་པ་ཡིན་གྱིས། ཕམ་པ་ཙམ་གྱིས་དག་པ་ངེས་གཟུང་དུ་དགོས་པ་མ་ཡིན་ཏེ། ལུང་རྣམ་འབྱེད་ལས་ལྟུང་བ་མ་བྱུང་བ་ཞེས་བྱ་བ་ནི་་་་་་གང་གིས་གླེང་བ་དེའི་གཞི་དེ་ཉིད་་་་་་མ་བྱུང་བ་ཉིད་དོ་ཞེས་་་་་་མི་ཚངས་པར་སྤྱོད་པ་ལ་སོགས་པ་གང་གིས་གླེང་བར་བྱ་བ་དེས་ནི་དག་པ་ཡིན་ལ་གཞན་གྱིས་ནི་མ་དག་པ་ཡིན་པས་འགལ་བ་མེད་དོ་ཞེས་འོད་ལྡན་ལས་བཤད་གསུངས་པ་དང་། ལུང་ཞུ་བ་ལས་གསུམ་པོ་གཞན་དག་གིས་སྐུར་བ་འདེབས་པར་བྱེད་ན་ཞེས་་་་་་ཕམ་པ་བྱུང་བ་དེ་ལ་སྐུར་པ་བཏབ་ན་གཞན་རྒྱུད་ལ་ལྷག་མའི་ལྟུང་བ་སྐྱེད་པར་སྔར་དྲངས་པ་དེས་ཤེས་སོ། །དེ་ལྟར་ན་ཕམ་པ་བྱུང་ཡང་སྡོམ་པ་མ་བཏང་བར་གྲུབ་བོ། །སྡོམ་པ་བཏང་ན་སྡོམ་མེད་ལ་སྐུར་པ་བཏབ་པས་དགེ་འདུན་ལྷག་མར་མི་འགྱུར་ཏེ། ལུང་ཞུ་བ་ལས་ཁྱིམ་པ་ལ་སྐུར་པ་བཏབ་ན་ཉེས་བྱས་སུ་གསུངས་ཀྱི་དགེ་འདུན་ལྷག་མར་མི་འགྱུར་བ་བཞིན་ནོ། །སྒྲུབ་བྱེད་གསུམ་པ་ནི་ལུང་ཞུ་བ་ལས་གཅིག་ལ་ཕམ་པར་འགྱུར་བ་བཞི་ཡང་འབྱུང་ཞེས་གསུངས་པས། ཕམ་པ་བྱུང་ཡང་སྡོམ་པ་མ་བཏང་བར་གྲུབ་སྟེ། ཕམ་པ་སྔ་མ་བྱུང་བས་སྡོམ་པ་བཏང་ན་སྡོམ་མེད་ཀྱི་ཉེས་སྤྱོད་བྱས་པ་ལ་ཕམ་པ་ཕྱི་མ་བསྐྱེད་པ་མི་རིགས་པའི་ཕྱིར་རོ། །དེ་ལ་སྔ་རབས་པའི་འདོད་པ་འོད་ལྡན་དུ་བཀོད་པ་ལས་གཅིག་ལ་མཐར་འགྱུར་བ་བཞི་ཡང་འབྱུང་ཞེས་གསུངས་པ་དེ་ནི་ལས་ཀྱི་ལམ་རྣམས་ཅིག་ཅར་རྫོགས་པ་ལ་དགོངས་ཞེས་བཤད་ཀྱང་། དེ་ནི་མི་འདོད་དེ་ཕམ་པ་དང་པོའི་མཐར་ཐུག་བདེ་བ་ཉམས་མྱོང་གི་རྟོག་པ་དང་མ་བྱིན་ལེན་གྱི་མཐར་ཐུག་གྲུབ་བློའི་རྟོག་པ་སྟེ། གང་ཟག་གཅིག་ལ་རྟོག་གཉིས་ཅིག་ཅར་འཇུག་པ་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འཇུག་པར་ཡང་དག་རྟོགས་ཞེས་སོ། །སྒྲུབ་བྱེད་བཞི་པ་ནི། བསླབ་པ་བྱིན་པས་དགྲ་བཅོམ་ཐོབ་པ་ན་ལུང་ཕྲན་ཚེགས་ལས་གང་གི་ཚེ་ཟག་པ་ཟད་པ་དེའི་ཚེ་སྔོན་གྱི་གྲལ་དུ་འདུག་པར་བྱའོ་ཞེས་གསུངས་སོ། །དེས་ན་ཕམ་པ་བྱུང་ཡང་སྡོམ་པ་མ་བཏང་བར་གྲུབ་སྟེ། སྔོན་གྱི་སྡོམ་པ་བཏང་ན་སྔོན་གྱི་སྡོམ་པའི་གྲལ་ཐོབ་པར་མི་རིགས་པས་སོ། །འདི་ལ་སྔ་རབས་པ་ན་རེ་་་་་་སྔོན་གྱི་གྲལ་ཐོབ་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གཟེངས་བསྟོད་པའི་གོ་འཕང་ཡིན་པས་ཉེས་པ་མེད་དོ་ཞེས་ཟེར་བ་ནི་མི་རིགས་ཏེ། ཕམ་པས་མ་གོས་པའི་རྣམ་དག་དགྲ་བཅོམ་ཐོབ་ཀྱང་བསླབ་པ་གཞོན་ཤོས་གྲལ་གོང་དུ་སྡོད་དུ་མ་གནང་བར་་་་་་ཕམ་པ་བྱུང་བ་གཞོན་ཤོས་གྲལ་གོང་དུ་སྡོད་དུ་གནང་ན་ཕམ་པའི་ཉེས་སྤྱོད་བྱས་པ་ལ་བྱ་དགའ་བྱིན་པ་དེ་ནི་མི་རིགས་སོ། །སྒྲུབ་བྱེད་ལྔ་པ་ནི། གཏམ་གྱི་གཞི་ལས། ཕམ་པའི་ཉེས་པ་བྱུང་ལ། དེས་བསླབ་པ་ཕུལ་ཏེ་བབས་པ་ན་ཞེས་གསུངས་ཏེ། ཕམ་པ་བྱུང་ཡང་བསླབ་པ་དབུལ་རྒྱུ་ཡོད་པའི་ཕྱིར་སྡོམ་པ་མ་བཏང་བར་གྲུབ་བོ། །དེ་ལྟར་སྒྲུབ་བྱེད་ལྔ་ལས། དང་པོ་བཞི་ནི་བྱེ་བྲག་སྨྲ་བ་རྣམས་ཀྱིས་གསུངས་པ་སྟེ་འོད་ལྡན་ལས་སོ། །ཐ་མ་ནི་དེང་སང་གི་འདུལ་བ་འཛིན་པ་རྣམས་ཀྱིས་སྒྲུབ་བྱེད་དུ་སྦྱར་བའོ། །་་་་་འཆབ་མེད་ཀྱི་ཕམ་པ་བྱུང་བ་ཆོས་ཅན། སྡོམ་པ་བཏང་བར་ཐལ། ཕམ་པ་བྱུང་བའི་ཕྱིར་ཞེས་བརྗོད་ན། སྔ་རབས་པ་ལྟར་ན་འདོད། བྱེ་བྲག་སྨྲ་བ་ལྟར་ན་ཁྱབ་པ་མ་གྲུབ། མདོ་སྡེ་པ་ལྟར་ན་རྟགས་མ་གྲུབ་སྟེ། ཆོས་ཅན་མ་གྲུབ་པའི་སྐྱོན་གྱིས་རྟགས་མ་གྲུབ་བོ། །མདོར་ན་་་་་་དགེ་སློང་ཕ་ལ་ཕམ་པ་འཆབ་བཅས་བྱུང་ན་གསོར་མི་རུང་བར་་་་་་གྲུབ་མཐའ་གསུམ་མཐུན་ནོ། །་་་་་དགེ་སློང་མ་རེག་པ་ལུས་བཀན་གྱི་ཕམ་པ་འཆབ་བཅས་བྱུང་ན་ཡང་མཚན་གྱུར་ན་གསོར་རུང་ངོ་། །འཆབ་སེམས་ཕམ་པའི་ཡན་ལག་ཏུ་་་་་་དགོས་པར་མདོ་སྡེ་པ་འདོད་ཀྱང་མི་དགོས་པར་བྱེ་བྲག་སྨྲ་བ་དང་སྔ་རབས་པ་མཐུན་ནོ། །ཕམ་པས་སྡོམ་པ་་་་་་མི་གཏོང་བར་བྱེ་བྲག་སྨྲ་བ་འདོད་ཀྱང་གཏོང་བར་མདོ་སྡེ་པ་དང་སྔ་རབས་པ་མཐུན་ནོ། །མི་ཚངས་སྤྱོད་འཆབ་མེད་ཀྱིས་་་་་་གཏོང་བ་སྔ་རབས་པ་འདོད་ཀྱང་སྡོམ་པ་མི་གཏོང་བར་མདོ་སྡེ་པ་དང་བྱེ་བྲག་སྨྲ་བ་མཐུན་ནོ། །དེ་ལྟུང་བ་ལ་སྦྱོར་ན་ཅིར་འགྱུར་ནི། ཉེས་བྱས་ཏེ་དེ་ཡང་ཉེས་བྱས་ལས་ཆེ་བའི་ལྟུང་བ་མི་སྐྱེད་པའི་རྒྱུ་མཚན་དགོས་པ་སྒྲུབ་ནུས་ཀྱི་སྡོམ་པ་མེད་པའི་ཕྱིར་རོ། །ཉེས་བྱས་ཙམ་ཞིག་བསྐྱེད་པའི་རྒྱུ་མཚན་ནི་དགོས་པ་སྒྲུབ་མི་ནུས་ཀྱི་དགེ་སློང་གི་སྡོམ་པ་ཡོད་ཅིང་དེ་དང་འགལ་བར་བྱས་པའི་ཕྱིར་རོ། །་་་་་ཕམ་པ་དང་པོ་འཆབ་བཅས་ཀྱིས་དགེ་སློང་རྣམ་དག་ལས་ཉམས་པ་མ་བྱིན་ལེན་གྱི་ལྟུང་བ་ཡ་སྦྱོར་བ་ལ་ནི་ཆོས་ཅན། ཕམ་པ་འཆབ་བཅས་ཀྱི་ཉམས་པ་བདག་ཉིད་ལ་ཕྱིས་འབྱུང་སྦྱོར་བ་གསར་སྐྱེད་ཀྱི་ལྟུང་བ་ཕམ་པ་མི་འབྱུང་སྟེ། ཕམ་པ་འཆབ་བཅས་ཀྱི་ཉམས་པ་བདག་ཉིད་ལ་ཕྱིས་འབྱུང་སྦྱོར་བ་གསར་སྐྱེད་ཀྱི་ལྟུང་བ་ཉེས་བྱས་ཙམ་དུ་ཟད་པའི་ཕྱིར་རོ། །སྨྱོ་བས་མ་བྱིན་པར་ལེན་པ་ནི་ལྟུང་མེད་ལ་སྦྱོར་བ་སྟེ། ལྟུང་བ་ལ་སྦྱོར་ཞེས་པས་རྣམ་པར་བཅད་དོ། །དགག་པ་དང་སྒྲུབ་པའི་དོན་ནི་ཉམས་པ་ལ་ཉེས་བྱས་ཞེས་པ་འདི་ནི་དགག་པ་ཡིན་ཏེ། ཊཱི་ཀ་ལས་འདི་ལྟར་བཤད་དེ། ཉམས་པ་ལ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་ཡོད་པའི་ཕྱིར་ཏེ་ལྟུང་བ་ལ་སྦྱོར་ན་ཕམ་པ་དང་ལྷག་མ་ལ་སོགས་པ་དག་ཏུ་འགྱུར་བར་ཐལ་བ་དེ་དགག་པའི་ཕྱིར་ཉེས་བྱས་ཙམ་དུ་བསྟན་པས་དེ་འགོག་པར་བྱེད་པའི་ཕྱིར་རོ་ཞེས་སོ། །ཁ་ཅིག་་་་་་བྱང་རྡོར་ན་རེ་ཕམ་པ་བྱུང་ན་འཆབ་སེམས་མ་སྐྱེས་ཀྱང་དེས་་་་་་བསླབ་པ་མ་བྱིན་ན་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཙམ་དུ་འགྱུར་ཏེ་་་་་་ཉམས་པ་ལྟུང་བ་ལ་སྦྱོར་ན་ཞེས་ཉམས་པ་སྤྱིར་བཏང་བ་དང་བསླབ་པ་བྱིན་པ་ནི་འདྲ་ཞེས་དམིགས་ཀྱིས་བཀར་བའི་ཕྱིར་ཞེས་ཟེར་བ་ནི་་་་་་མི་རིགས་ཏེ་ཕམ་པ་འཆབ་མེད་ཀྱིས་ཉམས་པ་ཡིན་ན་རང་གི་རྣམ་བཤད་ལས། ཉམས་པ་ཞེས་བྱ་བ་ནི་ཕམ་པར་གྱུར་པ་སྟེ། འདི་ལ་སྡོམ་པ་ཡོད་དུ་ཟིན་ཀྱང་དགོས་པ་མེད་པ་ཉིད་དུ་གྱུར་ཏེ་ཞེས་གསུངས་པ་དང་། ཊཱི་ཀ་ལས་ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ། །བསླབ་པ་བྱིན་པ་ནི་འདྲ་ཞེས་པས་བསླབ་པ་སྦྱིན་རུང་ཡང་འདྲ་བ་ཉིད་དུ་མཚོན་པར་བཞེད་དོ། །སྒྲུབ་བྱེད་ལུང་དང་སྦྱར་བ་ནི་ཉམས་པ་ལྟུང་བ་ལ་སྦྱོར་བ་ན་ཞེས་པ་ནི་ལུང་ཞུ་བ་ལས་དགེ་སློང་གིས་མི་ཚངས་པར་སྤྱོད་པའི་འཁྲིག་པ་བགྱིས་ཀྱང་ཕམ་པའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ་སྔོན་ལྟུང་བ་བྱུང་བའོ་ཞེས་འདུལ་བ་བསྡུས་པ་ལས་ཁུངས་དྲངས་ཤིང་། ཊཱི་ཀ་ལས་ཞུ་བ་ཁུངས་སུ་དྲངས་པ་ལས། སྔར་ལྟུང་བ་བྱུང་བ་་་་་་ཞེས་པ་ནི་ཉམས་པ་ལ་ཉེས་བྱས་སུ་འགྱུར་བའི་ལུང་ཡིན་དང་་་་་་མ་སྐྱེས་པ་ལ་ཉེས་བྱས་སུ་འགྱུར་བའི་ལུང་ནི་རྐུ་ཐབས་སུ་གནས་པ་དང་དང་པོ་འཁྲུགས་པ་་་་་་ནི་ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་བྱས་ཏེ་དགེ་སློང་གི་སྡོམ་པ་མ་སྐྱེས་པ་དེ་ཡིན་པར་ལུང་རྣམ་འབྱེད་ལས་གསུངས་སོ། །མ་ནིང་དང་དགེ་སློང་མ་སུན་ཕྱུང་ནས་ཉམས་པར་བྱས་པ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་བཤད་དོ། །ལུང་དེ་ནི་ལུང་ཞུ་བ་ཉུང་ཤོས་ལས་ལྟུང་བ་སྡེ་བཞི་པོ་རྣམས་རེ་རེ་ལ་རེ་རེ་གསུངས་ལ། ལུང་ཞུ་བ་མང་ཤོས་ན་ལུང་དེ་མི་སྣང་སྟེ་ལུང་ཡི་གེ་ཆད་པར་སེམས་སོ། །དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བླངས་ཀྱང་སྡོམ་པ་མ་སྐྱེས་པ་བར་མའི་དགེ་བའི་ངོ་བོ་ཉིད་ཀྱིས་རབ་བྱུང་དང་ལྡན་པས་མི་ཚངས་སྤྱོད་ལ་སོགས་པའི་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །འདི་ལ་ཉེས་བྱས་ལས་ཆེ་བའི་ལྟུང་བ་མི་སྐྱེད་པའི་རྒྱུ་མཚན་ནི་སྡོམ་པ་མེད་པའི་ཕྱིར་རོ། །ཉེས་བྱས་ཙམ་པོ་བསྐྱེད་པའི་རྒྱུ་མཚན་ནི། བར་མའི་དགེ་བ་ཁྱད་པར་ཅན་དང་ལྡན་ཞིང་དེ་དང་འགལ་བར་བྱས་པའི་ཕྱིར་རོ། །་་་་་རང་བྱུང་གི་སྡོམ་པ་གཏན་ནས་མ་སྐྱེས་པ་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་རང་རྒྱུད་ལ་ཡོད་པ་དེས་མ་བྱིན་ལེན་གྱི་ལྟུང་བ་ལ་སྦྱོར་བ་ནི་ཆོས་ཅན། ཉེས་བྱས་ཙམ་བསྐྱེད་པའི་ཐ་སྙད་བྱར་རུང་སྟེ། བྱེ་བྲག་མ་བྱིན་ལེན་གྱི་ཉེས་བྱས་ཙམ་བསྐྱེད་པའི་ཕྱིར་རོ། །སྨྱོ་བས་མ་བྱིན་པར་ལེན་པ་ནི་ལྟུང་མེད་ལ་སྦྱོར་བ་སྟེ། ལྟུང་བ་ལ་སྦྱོར་ཞེས་པས་རྣམ་པར་བཅད་དོ། །དགག་པ་དང་སྒྲུབ་པའི་དོན་ནི། ཊཱི་ཀ་ལས་མ་སྐྱེས་པ་ནི་སྒྲུབ་པ་ཡིན་ཏེ་དེས་སྡོམ་པ་མ་ཐོབ་པས་མེད་པའི་ཕྱིར་དེ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སུ་འགྱུར་བ་སྒྲུབ་པའི་ཕྱིར་རོ་ཞེས་སོ། །ཊཱི་ཀ་ལས་སྡོམ་པ་མེད་པ་ལ་ལྟུང་བ་མེད་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་མ་སྐྱེས་པ་ལ་ནི་སྡོམ་པ་ཡང་མ་ཡིན་སྡོམ་མིན་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་པས་དེ་ལ་ཉེས་བྱས་སུ་རྣམ་པར་བཞག་པ་མཛད་དོ། །ཊཱི་ཀ་ལས་་་་་་ཁྱིམ་པ་རང་གིས་རྟགས་བླངས་པ་ལ་ནི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་མེད་པས་དེ་ལ་ཉེས་བྱས་སུ་རྣམ་པར་བཞག་པ་མ་མཛད་དེ། བསོད་ནམས་མ་ཡིན་པ་མང་པོ་སྐྱེའོ་ཞེས་བཤད་དོ། །གཉིས་པ་ནི་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་རྣམ་པ་གསུམ་ལ་ལྟུང་བ་ཅིར་འགྱུར་སྟོན་ཏེ། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་ཞེས་གསུངས་སོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ལ་བདུན་ལས། དང་པོ་དབྱེ་བ་ལ་གཉིས་ཏེ། དབྱེ་བ་དངོས་དང་། དེ་ལ་སྒྲོ་སྐུར་སྤང་བའོ། །དང་པོ་ལ་གཉིས་ལས་ཆེ་ལོང་དུ་ཕྱེ་ན་དགེ་ཚུལ་ཕ་མ་ལ་བཅུ་གསུམ་དང་། དགེ་སློབ་མ་ལ་ཉི་ཤུ་རྩ་ལྔ་ཡོད་དོ། །ཞིབ་མོར་ཕྱེ་ན་དགེ་ཚུལ་ཕ་མ་ལ་བཤགས་བྱ་སུམ་ཅུ་རྩ་བདུན་ཏེ། སྲོག་གཅོད་པའི་ལྟུང་བ་བཞི་སྟེ། མི་གསོད་འདེབས་སྤྱོད་དུད་འགྲོ་གསོད། །རྐུ་དང་མི་ཚངས་སྤྱོད་བྱེད་དང་།་་་་་རྫུན་བཅུ་བདུན་ཡོད་དེ། །རྫུན་དང་གཞི་མེད་བག་ཙམ་དང་། །དབྱེན་དང་རྗེས་ཕྱོགས་ཁྱིམ་སུན་འབྱིན།་་་་་དགེ་འདུན་ལ་སྐུར་བ་འདེབས་པ། །ཤེས་བཞིན་བཤེས་ངོར་འཕྱ་དང་ཟས། །ལྷག་མ་གཞི་མེད་བསླབ་པ་སྤོང་། །འབྲས་ཆན་ཚོད་མ་ཕན་ཚུན་འགེབས། །ཙུག་ཙུག་ལ་སོགས་བཞི་ལ་ཡང་། །འདུ་ཤེས་བསྒྱུར་བ་དང་མ་བསྒྱུར་བའི་ཆ་གཉིས་ཡོད་པ་ལས་་་་་་འདུ་ཤེས་བསྒྱུར་བའི་ཆ་ནས་་་་་་རྫུན་རྣམ་པ་བཞི། །ཆང་འཐུང་གར་གླུ་རོལ་མོ་བྱེད། །རྒྱན་འདོམས་ཁ་དོག་དྲི་བྱུག་དང་། །མལ་ཆེ་མཐོ་དང་དུས་མིན་ཟས། །རིན་ཆེན་རེག་དང་བར་མ་གསུམ། །དགེ་སློབ་མ་ལ་བཅུ་གཉིས་བསྣན། །ཞེས་གཟུང་ངོ་། །གཉིས་པ་སྒྲོ་སྐུར་སྤང་བ་ལ་གཉིས་ཏེ། སྒྲོ་འདོགས་སྤང་བ་དང་སྐུར་འདེབས་སྤང་བའོ། །དང་པོ་ནི་ཁ་ཅིག་ན་རེ་དགེ་ཚུལ་གྱིས་ཁང་པ་བརྩིགས་ན་བཤགས་བྱའི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀ་ལས་ཁང་པ་དང་ཁང་ཆེན་བརྩིག་པ་ཡང་འདོད་པའི་གཞི་ལས་བྱུང་བ་ཡིན་ཏེ། གཙུག་ལག་ཁང་དང་རབ་བྱུང་གང་ཟག་གི་གནས་ཁང་བརྩིག་ན་བསྡམ་བྱར་འགྱུར་ཡང་། དགེ་ཚུལ་གྱིས་ཁྱིམ་པའི་དོན་དུ་ཡང་་་་་་འདི་ལྟར་ཁྱིམ་བྱེད་ན་ཁྱིམ་ནས་རབ་ཏུ་བྱུང་བས་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ནི་འོད་ལྡན་ལས་འདོད་པའི་གཞི་ལས་བྱུང་བ་ནི། ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ། དེ་ནི་རབ་ཏུ་བྱུང་བའི་ཕྱོགས་དང་མཐུན་པ་ཉིད་ཀྱང་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །རིགས་པས་ཀྱང་ཉེས་པ་དེ་ཁྱིམ་པའི་རྟགས་སྤང་བ་ཉམས་པའི་ཆ་ནས་ཡིན་དགོས་ལ། འདི་ནི་ཁྱིམ་པའི་རྟགས་ངོ་བོའི་སྒོ་ནས་མ་རྫོགས་པའི་ཕྱིར་དབྱིབས་མི་རུང་བ་ཟླུམ་པོ་ལ་ལོངས་སྤྱོད་ཀྱང་བསྡམ་བྱ་ལས་མི་སྐྱེད་པ་བཞིན་ནོ། །ཊཱི་ཀ་ལས་བཤགས་བྱའི་ཉེས་བྱས་སུ་བཤད་པ་དེ་ནི་ཁང་པ་བརྩིག་པ་ལ་བརྟེན་ནས་དུད་འགྲོ་འདེབས་སྤྱོད་ཀྱི་ཉེས་པ་བྱུང་བ་ལ་དགོངས་སོ་ཞེས་གསུང་ངོ་། །གཉིས་པ་སྐུར་འདེབས་སྤང་བ་ནི། ཁ་ཅིག་་་་་་མྱང་མཚམས་པ་ན་རེ་དུད་འགྲོ་འདེབས་སྤྱོད་གཉིས་ཀ་བཤགས་བྱ་མ་ཡིན་གྱི་བསྡམ་བྱ་ཡིན་ཏེ། སྲོག་གཅོད་པ་དངོས་ཀྱི་ལྟུང་བ་མི་སྐྱེད་དེ། བསད་སེམས་མེད་པར་མ་ལྟོས་པའི་བསམ་པས་བསྐྱེད་པའི་ཕྱིར་རོ། །དེ་ཡང་ལུང་རྣམ་འབྱེད་དང་མདོ་རྩ་བ་ལས་བསད་སེམས་དགོས་པར་མ་གསུངས་ཤིང་། འདུན་པའི་བྱུང་བ་ལས་ཀྱང་མ་ལྟོས་པས་་་་་་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་ལ་བཅས་པའི་ཕྱིར་ཏེ། ནགས་མེས་བཏང་བ་བསྡམ་བྱ་ཡིན་ལ། དེ་དང་འདི་གཉིས་བསྡམ་བྱ་རྒྱུ་མཚན་མཚུངས་སོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འོད་ལྡན་ལས་སྲོག་ཆགས་རེ་རེའི་ལྟུང་བ་ལྕི་བ་བྱུང་ཞེས་སྐབས་འདིའི་ལྟུང་བ་རྣམ་གཞག་བསྐྱེད་པར་གསུངས་པས། བསད་སེམས་ཡན་ལག་ཏུ་དགོས་པར་གྲུབ་ལ། ལྕི་བ་ཞེས་པས་ཕྱོགས་མཐུན་མིན་པར་གྲུབ་བོ། །སློབ་དཔོན་དཔའ་བོའི་ཚིག་གི་བརྗེད་བྱང་ལས་འདིར་གསོད་པའི་ཕམ་པར་འགྱུར་བ་བཞིན་དུ་རིག་པར་བྱའོ་ཞེས་པ་དང་། ལུང་་་་་་མི་གསོད་པའི་ཕམ་པ་ལ་བསད་སེམས་དགོས་པར་གསུངས་ནས་སྲོག་ཆགས་དང་བཅས་པའི་ཆུ་ལ་འདེབས་པ་དང་ཞུ་བ་ལས་ཀྱང་མི་གསོད་པའི་སྐབས་སུ་བསྟན་པ་བཞིན་རྒྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་དེ་རྣམས་དང་འགལ་ལོ། །ལུང་རྣམ་འབྱེད་དང་མདོ་རྩ་བ་ལས་བསད་སེམས་དགོས་པར་མ་གསུངས་པ་ནི་་་་་་སྲོག་གཅོད་པའི་ལྟུང་བ་བཞིའི་དང་པོ་དང་ཐ་མ་ལ་་་་་་བསད་སེམས་དགོས་པར་གསུངས་པས་བར་པ་གཉིས་ལ་མ་གསུངས་ཀྱང་གོ་བའི་དབང་དུ་བྱས་ཏེ། འཚོ་བའི་བར་དུ་བཅང་བའི་སྨན་གྱི་མཚན་ཉིད་་་་་་འོད་ལྡན་ལས་རྩ་བའི་སྨན་གྱི་དོན་དུ་གསལ་ཞིང་ཁ་ཟས་ཀྱི་དོན་དུ་ནི་མ་ཡིན་པའོ། །སྡོང་བུའི་སྨན་དང་ལོ་མའི་སྨན་དང་ཞེས་བྱ་བ་ནས། འབྲས་བུའི་སྨན་གྱི་དོན་དུ་གསལ་ཞིང་ཁ་ཟས་ཀྱི་དོན་དུ་མ་ཡིན་པའོ་ཞེས་བཤད་པ་བཞིན་ནོ། །འདུན་པའི་བྱུང་བ་ལས་བཤད་པ་དེ་ནི་བསད་སེམས་ཡིན་ཏེ། སྲོག་ལ་གནོད་པ་བྱེད་པའི་བསམ་པས་ངེས་པར་འཆི་བའི་ཐབས་ཤོམ་པར་འདོད་པ་ཡོད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ་སྐུར་འདེབས་ལྔ་ནི་བཤགས་བྱར་འགྱུར་བ་མ་ཡིན་ཏེ། ཊཱི་ཀ་ལས་སྐུར་བ་འདེབས་པ་དང་ཚིག་རྩུབ་པོ་སྨྲ་བ་ལ་སོགས་པ་ཡང་གནོད་པའི་གཞི་ལས་བྱུང་བ་ཡིན་ཏེ། དེ་ནི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཞེས་བཤད་ཅིང་། སྐུར་འདེབས་རྫུན་མ་ཡིན་པའི་ཕྱིར་རོ། །དེ་གང་གིས་འགྲུབ་ན་རྣམ་འབྱེད་འགྲེལ་ལས་སྐུར་བ་གདབ་པའི་བསམ་པས་སྐུར་པ་འདེབས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཉན་པ་པོ་བསླུ་བའི་བསམ་པས་རྫུན་སྨྲ་བ་ནི་རྫུན་དུ་སྨྲ་བའི་ལྟུང་བྱེད་ཡིན་ཏེ། དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ་ཞེས་དེ་གཉིས་ཀྱི་ནང་་་་་་ཕན་ཚུན་གྱི་ཁྱད་པར་བཤད་པས་གྲུབ་བོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ལས་རྫུན་ནི་རྣམ་པ་ལྔ་སྟེ། ལྟུང་བ་སྡེ་ལྔས་སྐུར་བ་འདེབས་པའོ་ཞེས་གསུངས་པ་དང་། འདི་ཉིད་ལས་རྫུན་དུ་སྨྲ་བས་སོ། །གཞན་ལ་གནས་པའི་ཚིག་གིས་རྫུན་ནའོ་ཞེས་་་་་་སྐུར་འདེབས་རྫུན་ཡིན་པར་གསུངས་པ་དང་འགལ་ལོ། །རྣམ་འབྱེད་འགྲེལ་ལས་བཤད་པ་དེ་ཡང་རྫུན་གྱི་ནང་ཁྱད་བཤད་པ་ཡིན་ལ། ཊཱི་ཀ་ལས་སྐུར་འདེབས་བསྡམ་བྱར་བཤད་པ་དེ་ཡང་བདེན་པས་སྐུར་བ་བཏབ་པ་ལ་དགོངས་པ་ཡིན་ཏེ། དེ་ལ་ཉམས་འདུན་ཙམ་་་་་་ཡང་མེད་པའི་ཕྱིར་རོ། །བདེན་པར་སྨྲས་པ་ལ་སྐུར་བ་བཏབ་པའི་ཐ་སྙད་མེད་དོ་ཞེ་ན་མ་ཡིན་ཏེ། བམ་པོ་ལྔ་བཅུ་པ་ལས་སྐུར་པ་མི་གདབ་ཅེས་བྱ་བ་ནི་གཞན་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་གང་ཡང་རུང་བས་སྐུར་པ་མི་གདབ་ཅེས་བཤད་པས་སོ། །བསྟན་བཅས་ལ་དགོངས་པ་ཅན་མི་རིགས་སོ་ཞེ་ན། འོ་ན་རྩ་བ་བཞིའི་ཉེས་པ་ཡང་བཤགས་བྱ་ཡིན་པར་་་་་་ཐལ་པར་འགྱུར་ཏེ། ཊཱི་ཀ་ལས་མི་ཚངས་པར་སྤྱོད་པ་ནི་དེ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་བཤད་པས་སོ། །འདོད་ན་ཊཱི་ཀ་ལས་ཉམས་སུ་མྱོང་བར་གྱུར་ན་ནི་དེའི་ཚེ་ཕམ་པར་འགྱུར་བ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ་ཞེས་བཤད་པ་དང་འགལ་ལོ། །ཊཱི་ཀ་ལས་མི་ཚངས་སྤྱོད་ཀྱི་ལྟུང་བ་དེ་བཤགས་བྱའི་ཉེས་བྱས་ཡིན་པར་བཤད་པ་དེ་ནི་སྦྱོར་བའི་གནས་སྐབས་ལ་དགོངས་སོ་ཞེ་ན། སྐུར་འདེབས་བསྡམ་བྱར་བཤད་པ་ཡང་བདེན་པས་སྐུར་པ་བཏབ་པ་ལ་དགོངས་སོ་ཞེས་མཚུངས་སོ། །ཡང་ཁ་ཅིག་ན་རེ་བར་མ་གསུམ་ལས་འདས་པ་ཡང་བསྡམ་བྱ་ཡིན་ཏེ། འོད་ལྡན་ལས་དེ་ཉམས་ཕྱོགས་མཐུན་ཡོངས་སུ་སྤང་བྱ་སྟེ། ཁྱིམ་པ་འདྲ་བར་ཤམ་ཐབས་མི་བགོ་ཞིང་། ཁ་དོག་གཅིག་པའམ་ཁ་ཚར་ཅན་དཀར་མིན་ཞེས་བཤད་པས། བར་མ་གཞན་གཉིས་ལས་འདས་པ་ལ་ཡང་རྒྱུ་མཚན་མཚུངས་པ་དང་། བྱེ་བྲག་བཤད་མཚོ་ལས། ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་དག་ནི་མ་གཏོགས་པ། །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་གསུངས་པས་ཤེས་སོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རང་གི་རྣམ་བཤད་ལས། མུ་སྟེགས་ཅན་གྱི་རྟགས་འཆང་བ་ནི་ཇི་ལྟར་ཁྱིམ་པའི་རྟགས་འཆང་བ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ལ། ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་ལས་ཀྱང་དེ་སྐད་གསུངས་སོ། །གཞན་ཡང་བར་མ་གསུམ་ལས་འདས་པ་བསྡམ་བྱ་མ་ཡིན་ཏེ། ཡུལ་ཁྱད་པར་ཅན་མཁན་པོ་ལས་གཉེན་པོ་ལུས་ངག་གིས་དངོས་སུ་བླངས་པ་དང་འགལ་བར་བྱས་པའི་ཕྱིར་རོ། །རབ་ཏུ་བྱུང་བར་བླངས་པ་ལས་འདས་པ་ལ་ཡང་ངོ་ཞེས་གསུངས་པས་བཤགས་བྱའི་ཉེས་བྱས་བསྐྱེད་པར་གྲུབ་བོ། །སྒྲུབ་བྱེད་གཞིག་པ་ནི་འོད་ལྡན་ལས་བཤད་པ་དེ་ནི་ཁྱིམ་པའི་རྟགས་ངོ་བོའི་སྒོ་ནས་མ་རྫོགས་པ་ལ་བཤད་པ་ཡིན་ལ། བྱེ་བྲག་བཤད་མཚོ་ལས་བཤད་པ་དེ་ནི་འཆང་འབྲལ་ལ་སོགས་པ་གནང་བ་རྣམས་དང་། བསླབ་པའི་གཞི། བཅུ་པོ་དག་ནི་མ་གཏོགས་པ། །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ་ཞེས་པ་དེ་སློབ་དཔོན་ལས་ཐོབ་པའི་སྡོམ་པའི་སྐབས་ཀྱི་དབང་དུ་བྱས་ནས་བསྡམ་བྱར་གསུངས་པ་ཡིན་ནོ། །མཁན་པོ་ལས་ཐོབ་པའི་བར་མའི་སྐབས་སུ་ནི་དེ་ལྟར་མ་ཡིན་ནོ། །གཉིས་པ་བསྡུ་བ་ནི། མཁན་པོ་ལ་ཐོབ་པ་ལས་འདས་པ་དང་། སློབ་དཔོན་ལ་ཐོབ་པ་ལས་འདས་པ་གཉིས་སུ་འདུས་སོ། །ཡང་ན་ཚུལ་ཁྲིམས་ཀྱི་ཡན་ལག་དང་། བག་ཡོད་ཀྱི་ཡན་ལག་དང་། བརྟུལ་ཞུགས་ཀྱི་ཡན་ལག་གི་མི་མཐུན་ཕྱོགས་དང་གསུམ་དུ་འདུས་ཏེ། དེ་ཡང་རྩ་བ་བཞི་དབྱེ་བ་དང་བཅས་པའི་ལྟུང་བ་དང་། མྱོས་འགྱུར་འཐུང་བའི་ལྟུང་བ་དང་། ལྟུང་བ་ལྷག་མ་རྣམས་དང་གོ་རིམ་བཞིན་ནོ། །དེ་ལྟར་ཡང་མཛོད་ལས་ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན་ཞེས་བསྙེན་གནས་ལ་གསུངས་པ་དེ་འདིར་ཡང་སྦྱར་རོ། །གསུམ་པ་མཚན་ཉིད་ལ་གཉིས་ལས། སྐབས་འདིར་བརྗོད་པའི་ལྟུང་བ་ཙམ་གྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པའི་ཁ་ན་མ་ཐོ་བའོ། །སོ་སོའི་མཚན་ཉིད་ལ་གཉིས་ལས། ཕམ་པ་དང་འདྲ་བའི་ཉེས་བྱས་ཀྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པ་གང་ཞིག་ལྟུང་བ་ངོ་བོའི་ཆ་ནས་ཆང་འཐུང་བའི་ཁ་ན་མ་ཐོ་བ་མན་ཆད་ལ་ལྟོས་ཏེ་ཆད་པ་ལྕིར་རུང་བའོ། །་་་་་ཕམ་འདྲའི་ཉེས་བྱས་འཆབ་བཅས་བསྙིལ་བ་དང་འཆབ་མེད་བསླབ་པ་སྤྱིན་དགོས་གཉིས་ཀ་ལ་བྱས་པའོ། །སྐབས་འདིར་བརྗོད་པའི་བཤགས་པར་བྱ་བའི་ཉེས་བྱས་ཀྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པ་གང་ཞིག་ལྟུང་བའི་ངོ་བོའི་ཆ་ནས་ཉེས་བྱས་ཀྱི་བཤགས་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །བཞི་པ་གྲངས་ངེས་པ་ནི་འདིར་སྡོམ་པ་དང་འགལ་བའི་ཉེས་པ་བཅུར་གྲངས་ངེས་པ་ནི། གཞི་འགྲེལ་ལས་བསླབ་པའི་གཞི་དེ་དག་ལ་ནི་རེ་རེ་ལ་ཡང་རྣམ་པ་དུ་མ་ཡོད་མོད་ཀྱི་དེ་དག་མང་ཆེས་པས་སྲུང་བར་མི་ནུས་སོ་སྙམ་དུ་སྤ་བཀོང་བར་གྱུར་པ་དག་ལ་བསྟན་པར་བྱ་བའི་ཕྱིར། བསླབ་པའི་གཞི་བཅུ་བསྟན་ཏེ། དཔེར་ན་འཕགས་པ་རྒྱ་གར་གྱི་བུ་ལ་བསླབ་པ་གསུམ་བསྟན་པ་དང་འདྲའོ་ཞེས་བཤད་དོ། །མཚན་ཉིད་འདྲ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། གཞི་འགྲེལ་ལས་གླུ་གར་དང་རོལ་མོའི་སྒྲ་སྤོང་བ་ནི་བསླབ་པའི་གཞི་གཅིག་སྟེ་རྒོད་བག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྲེང་བ་དང་སྤོས་བྱུག་པ་དང་རྒྱན་དང་ཁ་དོག་འཆང་བ་སྤོང་བ་ནི་བསླབ་པའི་གཞི་གཉིས་པ་སྟེ། རྒྱགས་པ་བསྐྱེད་པའི་ཕྱིར་རོ། །ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་སྤོང་བ་ནི་བསླབ་པའི་གཞི་གསུམ་པ་སྟེ། འདོད་ཞེན་ཆེ་བ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །དེ་བཞིན་དུ་སྲོག་གཅོད་པ་བཞི་དང་རྫུན་བཅུ་བདུན་ཡང་རེ་རེར་བཞག་སྟེ། སྲོག་ལ་གནོད་པ་དང་འདུ་ཤེས་བསྒྱུར་བའི་རང་བཞིན་དུ་གཅིག་པའི་ཕྱིར་རོ། །ལྔ་པ་གོ་རིམ་ངེས་པ་ནི། རྩ་བ་བཞི་ཆད་པ་ལྕི་བས་དང་པོར་བསྟན་ཏོ། །ཆང་དགག་བྱ་ཆེ་བས་ཡན་ལག་དྲུག་གི་དང་པོར་བསྟན་ལ། ལྔ་པོ་དེ་དག་ནི་ཆང་ལ་ལྟོས་ཏེ་དགག་བྱ་ཆུང་བས་དེའི་འོག་ཏུ་བསྟན་ཏོ། །བྱེ་བྲག་ཏུ་རྩ་བ་བཞི་ནི་མི་དགེ་བཅུའི་གོ་རིམ་དང་བསྟུན་པའོ། །དྲུག་པ་སྒྲ་བཤད་པ་ནི། སྤྱིར་ན་ལེགས་པར་མ་བྱས་ཉེས་པར་བྱས་པས་ན་ཉེས་བྱས་ཞེས་བྱ་སྟེ། སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །བྱེ་བྲག་ཏུ་རྩ་བ་བཞིའི་ཉེས་པ་ལ་ཕམ་པ་དང་འདྲ་བའི་ཉེས་བྱས་ཞེས་བྱ་སྟེ། བྱེད་ལས་ཕམ་པ་དང་འདྲ་ལ་སྡེ་ཚན་ཉེས་བྱས་སུ་གཏོགས་པའོ། །བླངས་པ་ལས་འདས་པ་་་་་་ཕམ་འདྲའི་ཉེས་བྱས་ལས་གཞན་རྣམ་པ་ནི་བཤགས་པར་བྱ་བའི་ཉེས་བྱས་ཞེས་བྱ་སྟེ། བཤགས་པས་འདག་ལ་སྡེ་ཚན་ཉེས་བྱས་སུ་གཏོགས་པས་སོ། །བདུན་པ་དེ་ལས་འདས་ན་ཅིར་འགྱུར་ནི། རྩ་བ་བཞིའི་བཅས་པ་ལས་འདས་ན་ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ལ། ཡན་ལག་དྲུག་གི་བཅས་པ་དང་བར་མ་གསུམ་ལས་འདས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །དེས་ན་འོད་ལྡན་ལས་དགེ་ཚུལ་གྱི་ལྟུང་བ་ནི་ཐམས་ཅད་དུ་ཉེས་བྱས་ཁོ་ན་ཡིན་ནོ་ཞེས་གསུངས་སོ། །་་་་་ཚིག་འདི་ཉིད་ཀྱི་ཊཱི་ཀ་ལས་དང་བམ་ལྔར་དེ་དག་ལས་འདས་ཤིང་འབྲལ་བ་ཉེས་བྱས་ཁོ་ནའོ། །འོ་ན་དགེ་སློང་ལ་ཕམ་ལྷག་ལ་སོགས་པ་བསྐྱེད་ཀྱང་། དགེ་ཚུལ་ལ་ཉེས་བྱས་ལས་ཆེ་བ་མི་བསྐྱེད་པའི་རྒྱུ་མཚན་ནི། ཉེར་སྦས་ཀྱི་ཞལ་ནས་བསྙེན་པར་རྫོགས་པ་དང་བསྙེན་པར་མ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཞེས་གསུངས་ལ། ཟླ་བ་ནོར་བུའི་ཞལ་ནས་ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་གཉིས་ཀྱི་དོན་བསྡུ་ན། རབ་ཏུ་བྱུང་བ་རྣམ་གསུམ་ནི། སྤང་བྱ་ཡོད་ཚད་སྤོང་བ་མ་ཡིན་གྱི་ཐེག་ཚད་སྤོང་བ་ཡིན་པས་བསྟན་པ་ལ་ཞུགས་པ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི། དགེ་སློང་ཕ་མ་གཉིས་ལས་གཞན་བསྙེན་པར་མ་རྫོགས་ཤིང་ཁྱིམ་པ་ལས་གཞན་རབ་ཏུ་བྱུང་བ་རྣམ་གསུམ་གྱིས་ཕྱོགས་མཐུན་ལས་གཞན་ཡང་དག་པར་བླངས་པ་ལས་འདས་པ་ལ་ཡང་ངོ་སྟེ་ཉེས་བྱས་སོ་ཞེས་སྔ་མར་སྦྱར་ཏེ། ཕམ་པ་དང་འདྲ་བའི་ཉེས་བྱས་དང་བཤགས་པར་བྱ་བའི་ཉེས་བྱས་ཅི་རིགས་སུ་བསྐྱེད་དོ། །མདོ་འདི་ནི་ལུང་ཞུ་བ་ལས་འཆང་འབྲལ་ལ་སོགས་པ་གནང་བ་རྣམས་དང་ཕྱོགས་མཐུན་རྣམས་མ་གཏོགས་པ་ལྟུང་བ་སྡེ་བཞི་པོ་ཐམས་ཅད་ཀྱི་སྐབས་སུ་དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ལ་ནི་ཉེས་བྱས་སོ་ཞེས་རེ་རེ་ལ་རེ་རེ་གསུངས་པ་འདིར་་་་་་བླངས་པ་ལས་འདས་པ་ཡང་ངོ་ཞེས་ཚིག་གཅིག་ཏུ་བསྡུས་པའོ། །འོ་ན་དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་ན། ལུང་འདུལ་བྱེད་ལས་སྡིག་ཅན་གྱི་དགེ་ཚུལ་གསུམ་གྱིས་བུད་མེད་བཟུང་སྟེ་ལམ་ཀུན་ཏུ་མི་ཚངས་པར་སྤྱད་པ་ལས། བཀའ་སྩལ་པ། ཕམ་པར་འགྱུར་རོ་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་དུ་ཕམ་པའི་སྐབས་ལས་དགེ་སློང་ལ་ཇི་ལྟ་བ་དེ་བཞིན་དུ་དགེ་ཚུལ་དང་དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་དང་། འོད་ལྡན་ལས་ཀྱང་། དེ་བརླག་འགྱུར་ཞེས་བྱ་བ་ནི་དགེ་ཚུལ་ཕམ་པ་ཡིན་ཏེ། ཏ་ལའི་མགོ་བཅད་པ་དང་འདྲ་བར་ཕྱིས་སྐྱེ་བའི་སྐལ་བ་མེད་པའི་ཕྱིར་རོ་ཞེས་གསུངས་པ་དང་འགལ་ཞེ་ན། བྱེད་ལས་ཕམ་པ་དང་འདྲ་བ་ལ་བརྟེན་ནས་ཕམ་པ་ཞེས་བཏགས་པ་སྟེ། ཊཱི་ཀ་ལས་ཕམ་པར་འགྱུར་བ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ་ཞེས་བཤད་པ་བཞིན་ནོ། །ཀཱ་རི་ཀ་ལས་་་་་་བྱོལ་སོང་དང་ནི་སེམས་དམྱལ་དང་། །ཡི་དྭགས་འོན་ཏེ་ལྷ་ཡང་རུང་། །བསད་ན་ངན་འགྲོར་ལྟུང་བ་ལ། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར་ཞེས་པ་དགེ་ཚུལ་ལ་སྦོམ་པོ་བསྐྱེད་པར་བཤད་པ་ནི་་་་་་ལྟུང་བ་ཉེས་བྱས་ལ་མིང་སྦོམ་པོར་བཏགས་པ་ཡིན་པས་་་་་་དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་པ་དང་འགལ་བ་མེད་དོ། །ད་ནི་ཕྱོགས་མཐུན་སྟོན་ཏེ། དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱིའོ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ཏེ། ཕྱོགས་མཐུན་རྟོགས་པར་སླ་བའི་ཡན་ལག་ཏུ་ཉེས་མེད་དང་པོར་བསྟན་པ་དང་། ཕྱོགས་མཐུན་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཉེས་པ་མེད་པར་དབྱེ་བ་དང་། རྟེན་གང་ལ་ཉེས་མེད་གང་བཞག་པའོ། །དང་པོ་ནི་སོ་སོ་ཐར་པར་བསྙེན་པར་རྫོགས་པ་ལ་ལྟུང་བར་བཅས་པ་ལ་ལྟོས་ནས་རབ་བྱུང་བསྙེན་པར་མ་རྫོགས་པ་ལ་ཉེས་པ་མེད་པ་གཞིར་བྱས་ནས་གནང་བ་ཉི་ཤུ་རྩ་གཉིས་ཏེ། བྱེ་བྲག་བཤད་མཚོ་ལས། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་བརྐོ་བ་དང་། །གཞན་གྱི་་་་་་རིན་ཆེན་རེག་དང་མེ་ལ་རེག བསམ་པ་་་་་་།བཏང་ནས་་་་་་ཏེ་ཟས་སྤངས་ནས་ཟ་བར་བྱེད་པ་དང་། །ལྗོན་ཤིང་འཛེགས་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །རྩྭ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི་ཞེས་གསུངས་ཏེ། འཆང་བ་ལ་གོས་འཆང་བ་དང་ལྷུང་བཟེད་འཆང་བ་གཉིས་སུ་ཕྱེ་བས་གནང་བ་བཅུ་གསུམ་མོ། །དེ་བཞིན་དུ་ཟླ་འཇོག་དང་དགོན་པའི་འབྲལ་བ་དང་། གསོག་འཇོག་བྱེད་པ་དང་། དགེ་ཚུལ་ནང་ནུབ་ལྷག་པར་ཉལ་བ་དང་། ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་སྟེ། དེ་རྣམས་ལ་གནང་བ་ཕྱེད་དང་བཅོ་བརྒྱད་ཅེས་གསུངས་སོ། །་་་་་ཕྱེད་དུ་འཇོག་པ་ནི་ནུབ་ལྷག་པར་ཉལ་བའི་ཕྱེད་གནང་བ་སྟེ། དགེ་ཚུལ་གྱིས་ཁྱིམ་པ་ལ་སོགས་པ་དང་ནུབ་ལྷག་པར་ཉལ་བ་ནི་མ་གནང་ལ། དགེ་ཚུལ་གྱིས་དགེ་ཚུལ་གཞན་དང་ནུབ་ལྷག་པར་ཉལ་བ་གནང་བ་ཕྱེད་གནང་བ་ཞེས་བརྗོད་དོ། །ཟླ་འཇོག་གནང་བ་ནི་འཆང་བ་གནང་བ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། སྤྱིར་བཏང་ལ་རབ་བྱུང་རྣམ་གསུམ་གྱི་ཆོས་གོས་ལ་བྱིན་རླབས་མི་དགོས་པའི་ཕྱིར་རོ། །དགོན་པ་པའི་འབྲལ་བའི་ཉེས་པ་མེད་པ་ཞག་གཅིག་འབྲལ་བའི་ཉེས་པ་མེད་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། སྔར་བཞིན་ཆོས་གོས་ལ་བྱིན་རླབས་མེད་པའི་ཕྱིར་རོ། །དགེ་ཚུལ་ཕ་མ་ལ་གསོག་འཇོག་ཏུ་འཇོག་པའི་ཉེས་པ་མི་འབྱུང་བ་ནི། གསོག་འཇོག་གི་རྒྱུ་བྱིན་ལེན་མེད་པའི་ཕྱིར་དང་། གསོག་འཇོག་ཟ་བ་གནང་བའི་ཤུགས་ཀྱིས་གྲུབ་བོ། །ཞེས་བསླབ་པ་བྱིན་པ་ནང་ཕན་ཚུན་ནུབ་ལྷག་བསྲུང་མི་དགོས་པར་གསུངས་པ་དང་དགེ་ཚུལ་ནང་ཕན་ཚུན་ནུབ་ལྷག་བསྲུང་མི་དགོས་པ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བའི་ཉེས་པ་མེད་པ་ནི། གནས་དེ་ནས་སོང་ཡང་དགག་བྱ་མེད་ཅིང་གནས་དེར་འདུག་ན་དགག་བྱ་དང་ལྡན་པའི་ཕྱིར་རོ། །ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པ་དང་། ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང་བསླབ་པ་ལ་བསླབ་པ་བསྙེན་པར་རྫོགས་པར་མི་བྱེད་པ་དང་། རྗེན་པ་འཚོད་པ་དང་བཞིའི་ཉེས་པ་མི་འབྱུང་སྟེ། ཆོས་གོས་བྱིན་གྱིས་མི་རློབ་པ་གཉིས་ནི། སྔར་བཞིན་ཆོས་གོས་ལ་བྱིན་རླབས་མ་གསུངས་པའི་ཕྱིར་དང་། ཆོས་གོས་ཞག་བཅུ་འཆང་བ་གནང་བའི་ཤུགས་ཀྱིས་གྲུབ་བོ། །གཞན་བསྙེན་རྫོགས་མི་བྱེད་པའི་ཉེས་པ་མི་འབྱུང་པ་ནི། གཞན་ལ་བསྙེན་རྫོགས་སྦྱིན་པའི་ནུས་པ་མེད་པའི་ཕྱིར་རོ། །རྗེན་པ་འཚོད་པ་ལ་ཉེས་པ་མེད་པར་ཊཱི་ཀ་ལས་རྫས་དེ་བསྙེན་པར་མ་རྫོགས་པས་བསྐོལ་བ་ལ་སོགས་པས་སྦྱར་ཞིང་ཚགས་ཀྱིས་ཀྱང་བཙག་པར་བྱའོ། །ཞེས་བཤད་པ་དང་། ཚོད་མ་ལ་སོགས་པ་འཚོད་པ་གང་ཡིན་པའི་ཞལ་ཏ་བྱ་བ་སྟེ། འདིར་་་་་་བསྙེན་པར་མ་རྫོགས་པ་གཞན་བྱེད་དུ་གཞུག་པ་ཡིན་གྱི། དགེ་སློང་རང་གིས་མ་ཡིན་ཏེ། དགེ་སློང་གིས་བཙོས་པའི་ཉེས་པར་འགྱུར་བའི་ཕྱིར་རོ་ཞེས་ཀྱང་ཊཱི་ཀ་ལས་བཤད་དེ། འོ་ན་ལུང་ཞུ་བ་ལས་འཆང་བ་གཉིས་དང་འབྲལ་བ་གཉིས་དང་ཟླ་འཇོག་དང་གསོག་འཇོག་བྱེད་པ་དང་སྤང་ཟ་དང་བདུན་ལ་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལུང་ཡི་གེ་ནོར་བ་སྟེ། གང་དང་གང་ལུང་དང་བསྟུན་དགོས་་་་་་ལུང་ཞུ་བ་ཉུང་ཤོས་ལས་འཆང་བ་ལ་སོགས་པ་ཉེས་མེད་དུ་བཤད་པ་དང་བྱེ་བྲག་བཤད་མཚོ་ལ་སོགས་པ་བསྟན་བཅོས་་་་་་འོད་ལྡན་ལ་སོགས་པ་རྣམས་ལས་ཉེས་མེད་དུ་བཤད་པའི་གཞུང་གཙོ་བོར་བྱའོ། །གཉིས་པ་རྟེན་གང་ལ་ཉེས་མེད་གང་བཞག་པ་ནི། དགེ་ཚུལ་ཕ་ལ་གནང་བ་བཅོ་བརྒྱད་པོ་བཞག་ལ། དགེ་ཚུལ་མ་ལ་དགོན་པ་པའི་འབྲལ་བའི་ཉེས་པ་མེད་ཀྱང་གནང་བའི་ཐ་སྙད་མི་འཐོབ་སྟེ་དགེ་སློང་མ་ལ་དགོན་པ་པའི་འབྲལ་ལྟུང་མེད་པའི་ཕྱིར་རོ། །དེ་ལྟར་ན་བཅུ་བདུན་གྱི་སྟེང་དུ་འོག་མ་བཞི་སྟེ་ཉེར་གཅིག དགེ་སློབ་མ་ལ་ནི་གནང་བ་བཅོ་ལྔ་ཡོད་དོ། །གནང་བ་ཉེར་གཅིག་པོ་དེ་དག་ལས་གསོག་འཇོག་བྱེད་པ་ནི་བསྡམ་བྱར་འགྱུར་ལ། རྗེས་སུ་མཐུན་པའི་ཆོས་དྲུག་གི་འདོམས་ཀྱི་སྤུ་འབྲེག་པ་མ་གཏོགས་པ་ལྔ་ནི་བཤགས་བྱའི་ཉེས་བྱས་སུ་འགྱུར་རོ། །དེ་ལྟར་ན་དྲུག་པོ་དེ་བཀོལ་བའི་ལྷག་མ་བཅོ་ལྔའོ། །གཉིས་པ་ཕྱོགས་མཐུན་དངོས་བསྟན་པ་ལ་ལྔ་ལས། དང་པོ་དབྱེ་བ་ནི། གཞིའི་སྒོ་ནས་ཕྱེ་ན་བཅུ་སྟེ། བྱེ་བྲག་བཤད་མཚོ་ལས་གསུངས་པ་འོད་ལྡན་དུ་དྲངས་པ་ལས། བླངས་པ་ལས་བརྟེན་རྟགས་དང་ནི། །སློང་སྤྱད་ཉེར་སྤྱད་རྒོད་པ་དང་། །འདོད་དང་གནོད་དང་འགྲོགས་པ་དང་། །མ་གུས་མི་སྦྱོང་གཞི་ལས་བྱུང་། །ཞེས་གསུངས་ཏེ་གོ་བར་ཟད་དོ། །་་་་་རྟགས་ནི་མུ་སྟེགས་ཀྱི་རྟགས་འཆང་བ་དང་། སྣོད་སྤྱད་རུང་བ་མིན་པ་འཆང་བ་ལ་སོགས་པ་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཕྱོགས་དང་མཐུན་པའོ། །སློང་བ་ནི་གོས་སློང་བ་ལ་སོགས་པའོ། །ཉེར་སྤྱད་ནི་ཁབ་རལ་ལ་སོགས་པ་བྱེད་དུ་འཇུག་པའོ། །དེ་གཉིས་ནི་གསེར་དངུལ་སློང་བའི་ཕྱོགས་དང་མཐུན་པའོ། །དགོད་པ་ནི་རྒྱུག་པ་དང་འཆོང་བ་དང་། ཆུ་ལ་རྩེ་བ་ལ་སོགས་པ་སྟེ། གར་སོགས་ཕྲེང་སོགས་མལ་ཆེ་མཐོའི་ཕྱོགས་དང་མཐུན་པའོ། །འདོད་པ་ནི་འབྱིན་པ་ལ་སོགས་པ་དང་ཁང་པ་ཁང་ཆེན་ལ་སོགས་པ་སྟེ། མི་ཚངས་སྤྱོད་ཀྱི་དང་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཕྱོགས་མཐུན་ཡང་ཡིན་ནོ། །གནོད་པ་ནི་བརྡེག་གཟས་ལ་སོགས་པ་སྟེ། སྲོག་གཅོད་པའི་ཕྱོགས་དང་མཐུན་པའོ། །འགྲོགས་པ་ནི་བུད་མེད་དང་ལྷན་ཅིག་ཉལ་བ་དང་ལམ་དུ་འགྲོ་བ་ལ་སོགས་པ་སྟེ། མི་ཚངས་སྤྱོད་ཀྱི་ཕྱོགས་དང་མཐུན་པའོ། །ཡང་གནོད་པའི་གཞི་ལ་བྱུང་བ་ནི་དབྱེན་བྱེད་པ་ལ་སོགས་པ་དང་། འགྲོགས་པ་ནི་གཞི་ལས་འབྱུང་བ་གནས་ནས་ཕྱུང་བ་དང་འགྲོགས་པ་སྟེ། སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་དང་མཐུན་པའོ། །མ་གུས་པའི་ནི་གང་ཟག་གཞན་ལ་མ་གུས་པ་སྟེ། མཁན་པོ་ལ་མ་གུས་པའི་ཕྱོགས་དང་མཐུན་པའོ། །མི་སྦྱོང་བ་ནི་གསོ་སྦྱོང་དགག་དབྱེ་མི་བྱེད་པ་དང་གནས་ལ་མི་བརྟེན་པ་སྟེ། སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་མཐུན་ནོ། །གཉིས་པ་བསྡུ་བ་ནི། སྡོམ་པ་ཉམས་པའི་ཕྱོགས་མཐུན་དང་། བར་མ་ཉམས་པའི་ཕྱོགས་མཐུན་གཉིས་སུ་འདུས་ལ། སོ་སོར་ཉམས་པའི་ཕྱོགས་མཐུན་དང་། མཐའ་དག་ཉམས་པའི་ཕྱོགས་མཐུན་གཉིས་སུ་ཡང་འདུས་སོ། །གསུམ་པ་མཚན་ཉིད་ལ། ཕྱོགས་མཐུན་ལས་འདས་པའི་ཉེས་བྱས་ཀྱི་མཚན་ཉིད་ནི་ཉེས་པ་གང་ཞིག་གཉེན་པོ་ལུས་ངག་གིས་དངོས་སུ་མ་བླངས་པའོ། །བཞི་པ་གང་གི་ཕྱོགས་མཐུན་གང་ཡིན་པ་དེ་ནི། འདོད་པའི་གཞི་ལས་བྱུང་བ་ནི་མི་ཚངས་སྤྱོད་ཀྱི་ཕྱོགས་མཐུན་ཡིན་ལ། གནོད་པའི་གཞི་ལས་བྱུང་བ་ནི་སྲོག་གཅོད་པའི་ཕྱོགས་མཐུན་ཡིན་པ་ལྟ་བུའོ། །ལྔ་པ་དེ་ལས་འདས་ན་ཅིར་འགྱུར་ནི། ཡིད་ཀྱི་བསྡམ་བྱར་འགྱུར་རོ། །འདི་ལ་བཤགས་དགོས་ཡན་ཆད་ཀྱི་ལྟུང་བ་མི་བསྐྱེད་པའི་རྒྱུ་མཚན་ནི། དེ་དག་སྤོང་བར་ལུས་ངག་གིས་དངོས་སུ་ཁས་མ་བླངས་པའི་ཕྱིར་རོ། །་་་་་དེ་དག་སྤོང་བའི་སྡོམ་པ་མ་བླངས་པའི་ཕྱིར་དེ་དག་སྤོང་བའི་བར་མའི་དགེ་བ་ཡང་མ་བླངས་པའི་ཕྱིར། འོན་ཀྱང་། ཉེས་པ་གཏན་མེད་དུ་ཡང་མི་འགྱུར་ཏེ། འོད་ལྡན་ལས་བླངས་པ་ལས་འདས་པ་དང་ཤན་འདྲ་བའི་ཕྱིར་ཞེས་བཤད་དོ། །ཡན་ལག་གི་དོན་ནི། དངོས་སུ་བླངས་པ་དེའི་ཕྱོགས་དང་མཐུན་པ་ལས་འདས་ཤིང་འགལ་བར་བྱས་པ་ལ་ནི་ཡིད་ཀྱི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བའོ། །འདི་ནི་ལུང་ཞུ་བ་ལས་ལྟུང་བ་སྡེ་བཞིའི་ནང་ནས་་་་་་འབྱིན་རེག་ལ་སོགས་པ་ཕྱོགས་མཐུན་ཀུན་གྱི་སྐབས་སུ་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ་ཞེས་གསུངས་པ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་པའོ། །ལུང་ལས་ཉེས་བྱས་སོ་ཞེས་སྤྱིར་གསུངས་ཀྱང་། ཡིད་ཀྱིའོ་ཞེས་ཁྱད་པར་གྱི་སྒྲ་སྨོས་པ་ནི་ལུང་གི་དགོངས་པ་བཀྲལ་བའོ། །་་་་་འདི་ནི་བྱེ་བྲག་བཤད་མཚོ་ལས་ལུང་གི་དགོངས་པ་བཀྲལ་བའི་རྗེས་སུ་འབྲང་བར་ཐེ་ཚོམ་མེད་དོ། །ཕྱོགས་མཐུན་ལས་འདས་པ་སྟེ་དགེ་ཚུལ་གྱིས་སྨྱན་བྱེད་པའི་ཁ་ན་མ་ཐོ་བ་ཆོས་ཅན། ངོ་བོ་བཤགས་བྱའི་ཉེས་བྱས་མ་ཡིན་ཏེ། ངོ་བོ་ཉིད་ཀྱི་བསྡམ་བྱ་འབའ་ཞིག་ཡིན་པའི་ཕྱིར་རོ། །འདི་ནི་ཊཱི་ཀ་ལས་བསྡམ་པར་བྱ་བའི་ཉེས་བྱས་ཡིན་གྱི། བཤགས་པར་བྱ་བའི་ཉེས་བྱས་ནི་མ་ཡིན་ནོ་ཞེས་སོ། །གཉིས་པ་བསླབ་པ་བྱིན་པ་ལ་ལྟུང་བ་སྡེ་ལྔ་འབྱུང་རུང་དུ་བསྟན་པ་ནི། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་པ་འདིའི་སྤྱི་དོན་ལ་གཉིས་ཏེ། བསླབ་པ་བྱིན་པའི་རང་བཞིན་དང་། འདྲ་བའི་དོན་ཏོ། །དང་པོ་ནི་་་་་་གང་འདྲ་བ་བསླབ་བྱིན་མདོ་སྡེ་པ་ལྟར་ན་འདི་ལ་ཕམ་པ་མ་བྱུང་ཡང་སྦོམ་པོ་ལྕི་བ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་ཡིན་ནོ། །སྔ་རབས་པ་ནི་འདི་ལ་ཕམ་པས་སྡོམ་པ་གཏོང་བས་གཞི་ནས་སྡོམ་པ་བླངས་ཏེ་སྔར་གྱི་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་ཡིན་ནོ། །བྱེ་བྲག་སྨྲ་བ་ལྟར་ན་འདི་ལ་ཕམ་པ་བྱུང་ཡང་ཕམ་པས་སྡོམ་པ་མི་གཏོང་ཞིང་སྡོམ་པ་ཉམས་པར་བྱས་པས། སྡོམ་པ་ཉམས་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ས་གཞན་ན་གནས་པའི་སྤྱོད་པ་བར་མས་བསྡུས་པའི་དགེ་བ་གསོལ་བཞིའི་ལས་ཀྱིས་ཇི་སྲིད་འཚོའི་བར་དུ་བྱིན་པའོ། །གཉིས་པ་འདྲ་བའི་དོན་ལ་བཞི་ལས། དང་པོ་གང་འདྲ་ན་བསླབ་པ་བྱིན་པའི་དགེ་སློང་ཕ་མའོ། །གཉིས་པ་གང་དང་འདྲ་ན་་་་་་ཕམ་པས་མ་གོས་པའི་རྣམ་པར་དག་པའི་དགེ་སློང་ཕ་མ་དང་ངོ་། །གསུམ་པ་གང་ལ་འདྲ་ན་ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་ལའོ། །བཞི་པ་ཇི་ལྟར་འདྲ་ན་སྤྱིར་བཏང་དང་དམིགས་བསལ་ལོ། །དང་པོ་ནི་དཔེར་ན་དགེ་སློང་རྣམ་དག་གིས་ལྟུང་བ་སྡེ་ལྔའི་ཉེས་སྤྱོད་ལ་ཞུགས་ན་ལྟུང་བ་སྡེ་ལྔ་རྫོགས་པར་བསྐྱེད་པ་བཞིན་དུ་བསླབ་པ་བྱིན་པས་ཉེས་སྤྱོད་ལ་ཞུགས་ན་ཡང་ལྟུང་བ་སྡེ་ལྔ་རྫོགས་པར་བསྐྱེད་པའོ། །གཉིས་པ་དམིགས་བསལ་ནི་དགྲ་བཅོམ་བདེན་སྨྲ་དང་འདུན་པ་ཕྱིར་བསྒྱུར་དང་ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་དང་གསུམ་ལ་ནི་མི་འདྲ་སྟེ་དགྲ་བཅོམ་ཐོབ་པ་ན་བསླབ་པ་བྱིན་པ་ལས་གྲོལ་བས། བསླབ་པ་བྱིན་པ་ལ་དགྲ་བཅོམ་ཐོབ་པ་བདེན་སྨྲའི་ལྟུང་བྱེད་བསྐྱེད་པ་མི་སྲིད་ལ། བསླབ་པ་བྱིན་པ་ལས་ཀྱི་ཁ་སྐོང་བར་མི་འོས་པའི་ཕྱིར་ལྟུང་བྱེད་ཕྱི་མ་གཉིས་ཀྱང་མི་སྐྱེད་དོ། །སྔ་མ་་་་་་ཤ་མི་ལ་སོགས་པ་རྣམས་ན་རེ་བསླབ་པ་བྱིན་པ་ལ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་མི་སྐྱེད་དེ། ལས་ཀྱི་ཁ་སྐོང་བར་མི་འོས་པའི་ཕྱིར་རོ་ཞེས་ཟེར་རོ། །འོན་ཀྱང་དགེ་འདུན་གྱི་དབྱེན་འཆགས་པ་དང་འདིའི་སྡིག་པ་མཚམས་མེད་འབྱུང་བ་ལ། འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་པར་གསུངས་ཀྱང་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་དགོས་པར་ལུང་དང་བསྟན་བཅོས་ལས་མ་གསུངས་པས་སྒྲུབ་བྱེད་མེད་ལ། ལུང་ཞུ་བའི་དབྱེན་བྱེད་པའི་ལྷག་མ་ལ་སོགས་པ་ལྷག་མ་བསྒོ་འགྱུར་བཞིའི་སྐབས་ལས་དགེ་སློང་ལ་ཇི་ལྟ་བ་བཞིན་དུ་བསླབ་པ་བྱིན་པ་དང་དགེ་སློང་མ་རྣམས་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་་་་་་ཞུ་ཆུང་དང་བསྟུན་དགོས་ལ། ལུང་དེ་ནི་ཞུ་བའི་འགྲེལ་པ་ལས་ཀྱང་བཤད་དོ། །ཡན་ལག་གི་དོན་ནི། འཆབ་མེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་ས་གཞན་ན་གནས་པའི་སྤྱོད་པ་ལ་བསླབ་པ་གསོལ་བཞིའི་ལས་ཀྱིས་བྱིན་པ་སྟེ། དེ་ལྟ་བུའི་བསླབ་པ་བྱིན་པ་ནི་རྟེན་རྣམ་དག་ངེས་གཟུང་དུ་མི་དགོས་པའི་ལྟུང་བ་བསྐྱེད་པའི་རྟེན་ལ་དགེ་སློང་རྣམ་དག་དང་འདྲ་བ་ཉིད་་་་་་མ་བྱིན་ལེན་གྱི་ཕམ་པའི་ཡན་ལག་གཞན་ཐམས་ཅད་ཚང་བའི་དབང་དུ་བྱས་ཏེ། མ་བྱིན་པ་ལེན་པ་པོ་དགེ་སློང་བསླབ་པ་བྱིན་པ་རང་མཚན་པ་ནི་ཆོས་ཅན། མ་བྱིན་ལེན་གྱི་ཕམ་པ་འབྱུང་དུ་རུང་སྟེ། མ་བྱིན་ལེན་གྱི་ཕམ་པའི་རྒྱུ་ཚོགས་ཚང་བའི་ཕྱིར་རོ། །དམིགས་བསལ་གསུམ་པ་མ་གཏོགས་པ་ལྟུང་བ་སྡེ་ལྔ་པོ་ཐམས་ཅད་བསླབ་པ་བྱིན་པ་ལ་བསྐྱེད་པར་གཞུང་འདིས་བསྟན་པའོ། །དོ། །འདི་ནི་ལུང་ཞུ་བ་ལས་ཇི་ལྟར་དགེ་སློང་ལ་མཐར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་མཐར་འགྱུར་རོ། །ཞེས་ལྟུང་བ་སྡེ་བཞི་པོ་རྣམས་རེ་རེ་ལ་རེ་རེ་གསུངས་པ་ཚིག་གཅིག་ཏུ་བསྡུས་པའོ། །འོ་ན་སྐབས་འདིར་འགྲེལ་པ་ལས་ཇི་ལྟར་དགེ་སློང་གིས་དགེ་སློང་ལ་བརྡེག་པ་དང་གཟས་པ་དང་འགྱོད་པ་བསྐྱེད་པ་དང་བསྐྲད་པ་ལ་སོགས་པ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དེ་ལ་འགལ་བ་བཞི་ཡོད་དེ། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་འབྱུང་བ་དང་འགལ་ཞིང་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་འབྱུང་བ་དང་། ལུང་ཞུ་བ་ལས་བསྔོས་བསྒྱུར་ལ་སོགས་པ་བཞིའི་སྐབས་སུ་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལ་ལྟུང་བ་ན་སྨད་དུ་གསུངས་པ་་་་་་བཞི་པོ་འོག་ཏུ་སྟོན་པ་དང་། ཊཱི་ཀ་ལས་་་་་་བསླབ་བྱིན་དེ་ལ་ཕྲ་མ་བྱས་ན་ཡང་། དགེ་སློང་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་ཞེས་གསུངས་པ་དེ་རྣམས་དང་འགལ་ལོ་ཞེ་ན། སྐབས་་་་་་འདིའི་ཊཱི་ཀ་ལས་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་ཞེས་གསུངས་པ་དེ། བསླབ་པ་བྱིན་པའི་དགེ་སློང་གིས་བསླབ་པ་བྱིན་པའི་དགེ་སློང་ལ་དེ་དག་བྱས་ན་ཡང་བསླབ་པ་བྱིན་པ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ་་་་་་ཤ་མི་སྦས་ཏི་ལ་སོགས་པ་ཞེས་བླ་མ་རྣམས་ཀྱིས་མཐུན་པར་གསུངས་སོ། །དེ་ལྟ་ན་ཡང་་་་་་བསླབ་པ་བྱིན་པ་ནི་འདྲ་བ་ཉིད་ཅེས་རྟེན་སྟོན་པའི་སྐབས་སུ་ཡུལ་བསྟན་པས་སྐབས་་་་་་ཊཱི་ཀས་འཆོལ་བར་འགྱུར་ཞེ་ན། ཡུལ་ཞར་བྱུང་དུ་བསྟན་པའོ། །འོ་ན་ཡང་ལུང་ཞུ་བ་ལས་བཙུན་པ་དགེ་སློང་གིས་བསླབ་པ་སྩལ་བ་་་་་་བསླབ་པ་བྱིན་པ་ལ་བརྡེག་ན་ཅིར་འགྱུར། ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ལ། དེ་བཞིན་དུ་གཟས་པ་དང་འགྱོད་པ་བསྐྱེད་པ་དང་བསྐྲོད་པ་ལ་སོགས་པ་ལྟུང་བ་མང་པོ་རྣམས་ཀྱི་སྐབས་སུ་དགེ་སློང་གིས་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལས་ལྟུང་བྱེད་དུ་གསུངས་པ་དེ་ཇི་ལྟར་ཡིན་ཞེ་ན། དེ་དག་ནི་ཡུལ་རྟེན་གཉིས་ཀ་བསླབ་པ་བྱིན་པ་ཡིན་པའི་དབང་དུ་བྱས་པའོ་་་་་་ཞེས་བླ་མ་རྣམས་མཐུན་པར་འཆད་པར་བྱེད་དོ། །གསུམ་པ་བསླབ་པ་བྱིན་པ་ཡུལ་དུ་བྱེད་པ་ཞར་བྱུང་དུ་བསྟན་པ་ལ་གསུམ་སྟེ། དགེ་སློང་གཞན་གྱི་ཡུལ་ལ་བསྙེན་པར་མི་རྫོགས་པ་དང་ལྡན་པ་དང་། བསླབ་བྱིན་ནང་གི་ཡུལ་ལ་བསྙེན་པར་རྫོགས་པ་དང་ལྡན་པ་དང་། དགེ་སློབ་མའི་ཡུལ་ལ་བསྙེན་པར་རྫོགས་པ་དང་ལྡན་པའོ། །དང་པོ་ནི། རྟེན་དགེ་སློང་རྣམ་དག་གི་ཡུལ་ལ་བསླབ་པ་བྱིན་པ་ནི་རྣམ་དག་གི་ཡུལ་གྱི་ཆ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ཡིན་ནོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། དང་པོ་གང་ལྡན་པ་ནི་བསླབ་པ་བྱིན་པའོ། །གཉིས་པ་གང་དང་ལྡན་པ་ནི་བསྙེན་པར་མ་རྫོགས་པ་དང་ངོ་། །གསུམ་པ་གང་ལ་ལྡན་པ་ནི་རྟེན་རྣམ་དག་གི་ཡུལ་ལའོ། །བཞི་པ་ཚུལ་ཇི་ལྟར་ལྡན་པ་ལ་མུ་བཞི་ཡོད་པ་ལས། དང་པོ་སེལ་བའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། ཡུལ་རྣམ་དག་ཡན་ལག་ཏུ་དགོས་པའི་ལྟུང་བ་བརྡེག་པ་དང་གཟས་པ་ལ་སོགས་པ་ནི་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལས་ལྟུང་བ་མི་རྫོགས་ཏེ། ཡུལ་ཕམ་པས་མ་ཉམས་པ་ཡན་ལག་ཏུ་དགོས་པ་ལས་དེ་མ་ཚང་བའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས། བསྔོས་བསྒྱུར་ཚིག་ལ་ཁྱད་དུ་གསོད། །བསླབ་པ་སྤོང་དང་མི་སྨྲ་འགྲོ། །བཞི་ལ་་་་་་ཡུལ་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ལྟུང་བ་ན་སྨད་དངོས་སུ་གསུངས། །དེ་མཚུངས་གཞན་ལ་མདོར་བསྡུས་སྦྱར། །ཡུལ་དགེ་སློང་ལས་གྱུར་པ་བཞི་བཅུ་རྩ་དྲུག་་་་་་འོག་ཏུ་ངོས་འཛིན་པ་དག་གི་ཡུལ་བསླབ་པ་བྱིན་པ་ལས་ནི་ན་སྨད་དོ། །གཞི་མེད། བག་ཙམ། ལྷག་མས་སྐུར་འདེབས་དང་ཕམ་པ་འཆབ་བརྗོད་གཉིས་ཏེ་ལྔ་ནི་ཡུལ་བསླབ་པ་བྱིན་པ་ལས་ཀྱང་ལྟུང་བ་རྫོགས་པར་བསྐྱེད་དོ། །གཉིས་པ་ཡན་ལག་གི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི་འདོན་དང་གནས་ངན་ལེན་དང་ཆོས་ཞེས་གསུམ་དང་ནུབ་ལྷག་པར་ཉལ་བ་དང་བཞི་ནི་ཡུལ་བསྙེན་པར་མ་རྫོགས་པས་བསྐྱེད་པ་བཞི་ཞེས་བྱ་སྟེ། རྟེན་དགེ་སློང་རྣམ་དག་གིས་བཞི་པོ་དེ་དག་གི་ཡུལ་དགེ་སློང་བསླབ་པ་བྱིན་པ་ལ་བྱས་ན། ཡུལ་བསྙེན་པར་མ་རྫོགས་པ་དང་འདྲ་སྟེ། བཞི་པོ་དེ་དག་གི་ལྟུང་བ་རྫོགས་པར་བསྐྱེད་དོ། །ཡུལ་བསླབ་པ་བྱིན་པ་ལས་་་་་་འདོད་དང་གནས་ངན་ལེན་བརྗོད་ལ། །ཞུ་ཆུང་ནས་གསུངས་བསྟན་བཅོས་་་་་་རྣམས་དང་མཐུན། །ཞུ་ཆེན་་་་་་ལས་ལྟུང་བ་ན་སྨད་་་་་་དུ་བཤད་དེ་སྦྱོར་་་་་་བའི་གནས་སྐབས་ལ་དགོངས། །བདེན་སྨྲ་ནུབ་ལྷག་་་་་་གཉིས་ཀྱི་ལྟུང་བྱེད་བསྐྱེད་པར་མདོར་བསྡུས་སྦྱར་ཞེས་གཟུང་ངོ་། །གསུམ་པ་བསྙེན་པར་མ་རྫོགས་པའི་བྱ་བ་འགྲུབ་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི་ལུང་མ་མོ་ལས་བསླབ་པ་བྱིན་པའི་དགེ་སློང་གིས་རང་བཞིན་དུ་གནས་པའི་བསྙེན་པར་རྫོགས་པ་རྣམས་ལ་བྱིན་ལེན་བྱོས་ཤིག་ཅེས་གསུངས་པ་དང་། ཊཱི་ཀ་ལས་་་་་་བསླབ་པ་བྱིན་པ་དེས་རེག་ན་ཡང་བྱིན་ལེན་འཇིག་པ་དང་ཞེས་གསུངས་པ་ལྟ་བུའོ། །བཞི་པ་བསྙེན་རྫོགས་རྣམ་དག་གི་བྱ་བ་མི་འགྲུབ་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། ལས་ཀྱི་ཁ་སྐོང་ལ་སོགས་པ་རྣམ་དག་གི་བྱ་བ་རྣམས་ནི་བསླབ་པ་བྱིན་པས་མི་འགྲུབ་སྟེ། ཆོ་ག་ཁྱད་པར་ཅན་ལས་ཉམས་པའི་ཕྱིར་རོ། །ལུང་ཞུ་བ་ལས་གནས་མལ་དང་གདིང་བ་སྡུད་པ་བཅོལ་བྱའི་ཡུལ་དང་ཕྱི་དྲོ་གྲོང་རྒྱུ་བ་བརྗོད་བྱའི་ཡུལ་དང་གསུམ་ལ་ཡུལ་བསླབ་པ་བྱིན་པས་གོ་མི་ཆོད་པར་་་་་་བཤད་དོ། །ཆོས་གོས་བྱིན་གྱིས་བརླབ་པའི་ཡུལ་ལ་སོགས་པ་ལ་མདོར་བསྡུས་སྦྱར་རོ། །ཡན་ལག་གི་དོན་ནི། དགེ་སློང་བསླབ་པ་བྱིན་པ་དེ་དགེ་སློང་རྣམ་དག་གི་ཡུལ་ལ་བསྙེན་པར་མ་རྫོགས་པ་དགེ་ཚུལ་ལ་སོགས་པ་དང་ལྡན་པའམ་འདྲ་བ་ཉིད་ཀྱང་ཡིན་ནོ། །དེ་ཡང་སེལ་བའི་སྒོ་ནས་འདྲ་བ་དང་ཡན་ལག་གི་སྒོ་ནས་འདྲ་བའོ། །ཀྱང་ཞེས་པ་ནི་ལྟུང་བ་བསྐྱེད་པའི་རྟེན་ལ་དགེ་སློང་རྣམ་དག་དང་འདྲ་བར་མ་ཟད་ཅེས་པའོ། །གཉིས་པ་ནི། བསླབ་པ་བྱིན་པ་དེ་ལ་བསླབ་པ་བྱིན་པ་གཞན་ནི་བསྙེན་པར་རྫོགས་པ་དང་ལྡན་པ་ཉིད་ཡིན་ཏེ། ཊཱི་ཀ་ལས་རང་བཞིན་འདྲ་བའི་ཕྱིར་རོ་ཞེས་སོ། །དེ་ཡང་བསྙེན་པར་མ་རྫོགས་པ་དང་མི་ལྡན་པ་འདི་ལ་མུ་བཞི་ཡོད་པ་ལས། དང་པོ་རྟེན་དགེ་སློང་བསླབ་པ་བྱིན་པས་བརྡེག་པ་ལ་སོགས་པའི་ཡུལ་དགེ་སློང་བསླབ་པ་བྱིན་པ་ལས་ཀྱང་ལྟུང་བ་རྫོགས་པར་བསྐྱེད་དེ། ལུང་ཞུ་བ་ལས་བཙུན་པ་་་་་་བསླབ་པ་བྱིན་པའི་དགེ་སློང་གིས་བསླབ་པ་སྩལ་བ་ལ་བརྡེགས་ན་ཅིར་འགྱུར། ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཏེ། བསླབ་པ་བྱིན་པའི་དགེ་སློང་གིས་ཞེས་དགོངས་ཞེས་བླ་མ་རྣམས་མཐུན་པར་གསུངས་སོ། །དེ་བཞིན་དུ་བརྡེག་པ་དང་གཟས་པ་དང་འགྱོད་པ་བསྐྱེད་པ་དང་བསྐྲོད་པ་ལ་སོགས་པ་མང་པོ་ཞིག་གི་ཡུལ་བསླབ་པ་བྱིན་པ་ལས་ལྟུང་བྱེད་བསྐྱེད་པར་ལུང་ལས་གསུངས་སོ། །གཉིས་པ་རྟེན་དགེ་སློང་བསླབ་པ་བྱིན་པས་དགེ་སློང་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལས་འདོན་པ་དང་ནུབ་ལྷག་པར་ཉལ་བ་ལ་སོགས་པའི་ལྟུང་བ་བཞི་གང་ཡང་མི་འབྱུང་ངོ་། །གསུམ་པ་བསྙེན་པར་མ་རྫོགས་པའི་བྱ་བ་མི་འགྲུབ་པ་ནི་དགེ་སློང་བསླབ་པ་བྱིན་པ་ལ་དགེ་སློང་བསླབ་པ་བྱིན་པས་བྱིན་ལེན་བསྟབས་ན་བྱིན་ལེན་སྟོབས་པ་པོའི་གོ་མི་ཆོད་པ་ལ་སོགས་པ་དང་། བཞི་པ་བསྙེན་པར་རྫོགས་པའི་བྱ་བ་འགྲུབ་པ་ནི། བསླབ་པ་བྱིན་པའི་དགེ་སློང་གིས་ཆོས་གོས་བྱིན་གྱིན་བརླབ་པའི་ཡུལ་གཞན་མེད་ན་ཡུལ་དགེ་སློང་བསླབ་པ་བྱིན་པས་ཀྱང་གོ་ཆོད་པ་ལྟ་བུ་སྟེ། ཕྱི་མ་མུ་གསུམ་པོ་དེ་དག་གི་ལུང་ནི་མདོར་བསྡུས་སོ། །གསུམ་པ་དགེ་སློབ་མའི་ཡུལ་ལ་བསྙེན་པར་རྫོགས་པ་དང་ལྡན་པ་ནི། ལྟུང་བའི་རྟེན་དགེ་སློབ་མ་ལ་ཡང་ཡུལ་དགེ་སློང་བསླབ་པ་བྱིན་པ་མོ་དེ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མིན་ཏེ། བསྙེན་པར་རྫོགས་པ་དང་ལྡན་པ་ཉིད་ཡིན་ནོ། །འདི་ལ་མུ་བཞི་ལས་་་་་་སྐུར་བ་འདེབས་པ་ལྟ་བུ་ཡུལ་རྣམ་དག་ལ་བརྟེན་ནས་ལྟུང་བ་བསྐྱེད་པ་རྣམས་ཡུལ་བསླབ་པ་བྱིན་པ་ལས་ཀྱང་ལྟུང་བ་བསྐྱེད་པ་དང་། གནས་ངན་ལེན་དང་ཆོས་ལྟ་བུ་་་་་་ཡུལ་བསྙེན་པར་མ་རྫོགས་པ་ལས་ལྟུང་བ་བསྐྱེད་པ་རྣམས་ཡུལ་དགེ་སློང་མ་བསླབ་པ་བྱིན་པ་ལས་ལྟུང་བ་མི་བསྐྱེད་པ་དང་། བྱིན་ལེན་་་་་་འདི་ནི་ལུང་ཞུ་བ་ལས་དགེ་སློབ་མ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། ལྔ་སྟེ་ལྔ་གང་ཞེ་ན། དགེ་སློང་མ་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་སློབ་མ་གཞན་གྱིས་གསོག་འཇོག་བྱས་པ་དང་། དགེ་སློབ་མ་བསླབ་པ་བྱིན་པ་ཆོས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །ཞེས་གསུངས་པ་མདོ་རྩ་བ་ལས་ཀྱང་གསོག་འཇོག་དང་བྱིན་ལེན་ལྟ་བུ་ལ་མཆོག་དང་མཆོག་མ་ཡིན་པར་ཆོ་ག་གཅིག་པར་གསུངས་སོ། །ལ་སོགས་པས་བསྙེན་པར་མ་རྫོགས་པའི་བྱ་བ་རྣམས་དགེ་སློབ་མ་བསླབ་པ་བྱིན་པ་མོ་དེས་གོ་ཆོད་པ་ལ་སོགས་པ་དང་། དུས་མ་ཡིན་པར་གྲོང་དུ་འགྲོ་བ་སྨྲ་བའི་ཡུལ་ལ་སོགས་པ་ཡུལ་བསྙེན་པར་རྫོགས་པའི་བྱ་བ་རྣམས་ནི་ཡུལ་དགེ་སློབ་མ་བསླབ་པ་བྱིན་པ་དེས་ཀྱང་གོ་ཆོད་པ་ལྟ་བུའོ། །གཉིས་པ་བསམ་པའི་ཡན་ལག་སེལ་བ་དང་བཅས་ཏེ་བསྟན་པ་ནི། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་ཞེས་གསུངས་སོ། །འདིའི་དོན་ངེས་པར་བྱ་བ་ལ་གཉིས་ཏེ། གནས་སྐབས་སུ་ལུས་ཀྱི་ཡན་ལག་གི་ཆ་ནས་བསྟན་ལ་དབབ་པ་དང་། སྐབས་དོན་བསམ་པའི་ཡན་ལག་གི་ཆ་ནས་གཏན་ལ་དབབ་པའོ། །དང་པོ་ནི་ཕམ་ལྷག་དང་པོ་གཉིས་དང་མ་བྱིན་ལེན་དང་སྲོག་གཅོད་པའི་ལྟུང་བ་བཞི་སྟེ་ལྟུང་བ་བདུན་གྱི་དབང་དུ་བྱས་ནས་བདག་ཉིད་དུད་འགྲོར་སྤྲུལ་བ་ལྟ་བུ་སྟེ། དགེ་སློང་འགྲོ་བ་གཞན་གྱི་་་་་་ལུས་ཀྱི་རྣམ་པ་བསྟན་པ་ན་་་་་་བདག་ཉིད་དགེ་སློང་གི་འདུ་ཤེས་ཡོད་པ་ལ་འདྲ་བ་ཉིད་དོ་ཞེས་སྔ་མར་སྦྱར་རོ། །དེ་ཡང་ལུང་ཞུ་བ་ལས་་་་་་དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་ཉིད་བྱོལ་སོང་དུ་བསྒྱུར་ཏེ་མི་ཚངས་པར་སྤྱོད་པ་བགྱིན་ན་ཅིར་འགྱུར། དེ་སྟེ་དགེ་སློང་དུ་འདུ་ཤེས་ཡོད་ན་འཁྲིག་པའི་སྦྱོར་བ་བྱས་པ་ཡིན་པས་མཐར་འགྱུར་རོ། །དེ་སྟེ་དགེ་སློང་དུ་འདུ་ཤེས་མེད་ན་སྦོམ་པོ་འགྱུར་རོ་ཞེས་གསུངས་ཤིང་། དེ་བཞིན་དུ་སྲོག་གཅོད་པའི་ལྟུང་བ་བཞི་ལའང་དངོས་སུ་གསུངས་ཏེ། མི་ཚངས་སྤྱོད་དང་སྲོག་གཅོད་བཞིའི། །ལྟུང་བ་རྫོགས་གསུངས་མདོ་འདིར་བསྡུས། །རྐུ་དང་འབྱིན་ལ་མདོར་བསྡུས་སྦྱར། །སྐབས་འདིར་ཁ་ཅིག་་་་་་བོད་ཀྱི་འདུལ་བ་འཛིན་པ་སྔ་རབས་པ་ན་རེ་དགེ་སློང་བདག་ཉིད་གཟུགས་གཞན་དུ་སྤྲུལ་པས་བྱས་ན་ལྟུང་བ་རྫོགས་པ་འདི་ནི་་་་་་ལྟུང་བ་བདུན་ལ་སྦྱོར་བར་མ་ཟད་ལྟུང་བ་ཐམས་ཅད་ལ་སྦྱར་ཏེ། བམ་པོ་ལྔ་བཅུ་པ་ལས་ཕམ་ལྷག་བཅུ་བདུན་དང་། སྤང་ལྟུང་དང་པོ་དང་། ལྟུང་བྱེད་འབའ་ཞིག་པ་དང་པོ་དང་། སོ་སོར་བཤགས་པར་བྱ་བ་དང་པོའི་སྐབས་སུ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་ལྟར་བམ་པོ་ལྔ་བཅུ་པ་ལས་བཤད་པ་དེ་མི་རིགས་པས་སྒྲུབ་བྱེད་དུ་མི་འགྱུར་ལ་སྐབས་འདིར་ལྟུང་བ་རྫོགས་པར་ལྟུང་བ་ཐམས་ཅད་ལ་སྦྱར་བ་མི་རིགས་ཏེ། ལུང་ལས་སྦྱོར་བ་རྫུ་འཕྲུལ་གྱིས་བྱས་ནས། བལ་འཁུར་བ་ལ་སོགས་པ་བཞིའི་ལྟུང་བ་ན་སྨད་དུ་གསུངས་པ་དང་། བདག་ཉིད་ཀྱི་ལུས་མི་སྣང་བར་བྱས་ན་ཕམ་རྫུན་ལ་སོགས་པ་བཞི་བཅུའི་སྐབས་སུ་ལྟུང་བ་ན་སྨད་དུ་གསུངས་པའི་གནད་དང་འགལ་བས་སོ། །དེ་ཡང་ལུང་ཞུ་བ་ལས། རྫུ་འཕྲུལ་གྱིས་ལུག་གི་བལ་འཁུར་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ལ་སོགས་པ་་་་་་བལ་འཁུར་སྐྱེ་བ་གཅོད་པ་དང་། །དོན་མཐུན་དང་ནི་སྦེད་དང་བཞི། །རྫུ་འཕྲུལ་གྱིས་བྱས་ན་སྨད་གསུངས། །ལུས་མི་སྣང་བར་བྱས་ན་ལུང་ཞུ་བ་ལས། ཕམ་་་་་་དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་ཉིད་མི་སྣང་བར་བགྱིས་ཏེ་མི་ཆོས་བླ་མ་སྨྲས་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ལ་སོགས་པ་རྫུན་འཁྲིག་ཚིག་བསྙེན་བཀུར་དང་། །གཞི་མེད་བག་ཙམ་བལ་འཁུར་དང་། །བདེན་སྨྲ་དོན་མཐུན་གྲུ་དབེན་གཉིས། །འདུག་གནས་འདུས་ཟ་ཉལ་ཤོམ་གཉིས། །གཅེར་བུ་བརྡེག་གཟས་ནུབ་ལྷག་དང་། །སྨྲ་དང་བསྙིལ་སྡུད་འགྱོད་བསྐྱེད་དང་། །རྩེ་དང་ལྷན་ཅིག་དངངས་བྱེད་སྦེད། །གཞི་མེད་སྐྱེས་མེད་རྐུ་དང་ཉན། །མི་སྨྲ་མ་གུས་དུས་མིན་འགྲོ། །ཟས་བཅས་སྐྱ་རེངས་ད་གདོད་དང་། །སོ་སོར་བཤགས་བྱ་བཞི་རྣམས་ཏེ། །དེ་ལྟར་ལྟུང་བ་བཞི་བཅུ་ལ། །ལུས་མི་སྣང་བྱས་ན་སྨད་གསུངས། །དེ་ལྟར་སྔར་བཤད་པའི་ལྟུང་བ་བདུན་པོ་མ་གཏོགས་པ་ལྟུང་བ་གཞན་རྣམས་ནི་ལྟུང་བ་འབྱིན་པ་པོ་བདག་ཉིད་ཀྱི་ལུས་ཐ་མལ་དུ་གནས་པ་ཡན་ལག་ཏུ་དགོས་སོ། །སེལ་བ་ནི་བདག་ཉིད་ཀྱི་ལུས་ཐ་མལ་དུ་མི་གནས་པ་གཟུགས་གཞན་དུ་སྤྲུལ་བའམ་བདག་ཉིད་ཀྱི་ལུས་མི་སྣང་བར་བྱས་ཏེ་ལྟུང་བ་ལ་སྦྱོར་ན་རང་རང་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ་ལུང་གོང་དུ་དྲངས་མ་ཐག་པ་དེ་དག་གོ །རིགས་པས་ཀྱང་འཐད་དེ། བདག་ཉིད་གཟུགས་གཞན་དུ་སྤྲུལ་བའམ་བདག་ཉིད་ཀྱི་ལུས་མི་སྣང་བར་བྱས་ན་་་་་་ལུས་ཀྱི་ཐ་སྙད་ལས་ཉམས་པས་རང་རང་གི་དབང་དུ་བྱས་པའི་དགག་བྱ་མི་རྫོགས་པའི་ཕྱིར་རོ་ཞེས་་་་་་ཤ་ལུགས་སྨྲ་བ་རྣམས་མཐུན་པར་གསུང་ངོ་། །གཉིས་པ་སྐབས་དོན་བསམ་པའི་ཡན་ལག་གི་ཆ་ནས་གཏན་ལ་དབབ་པ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི་སྐབས་འདིར་ཁ་ཅིག་ན་རེ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་ཞེས་པའི་མདོ་འདིས་ཤེས་པ་རང་བཞིན་དུ་གནས་པའི་ཡན་ལག་མ་བསྟན་གྱི། བསླབ་པའི་ཡན་ལག་འདུ་ཤེས་གཙོ་བོར་བསྟན་ཏེ། རང་ཉིད་ལ་བསླབ་པ་ཡོད་པ་ལ་ཡོད་པར་འདུ་ཤེས་ཏེ་ཉེས་པ་ལ་ཞུགས་ན་ལྟུང་བ་དངོས་གཞི་འབྱུང་གི་རང་ལ་སྡོམ་པ་ཡོད་པ་བརྗེད་པའམ་མེད་པར་འདུ་ཤེས་འཁྲུལ་ཏེ་ཞུགས་ན་ལྟུང་བ་དངོས་གཞི་མི་འབྱུང་སྟེ་འདི་ཉིད་ལས་དགེ་སློང་གི་འདུ་ཤེས་ཡོད་ན་དངོས་གཞི། མེད་ན་ན་སྨད་ཅེས་གསུངས་པ་དང་། ལུང་ཞུ་བ་ལས། དགེ་སློང་བདག་ཉིད་བྱོལ་སོང་དུ་བསྒྱུར་ཏེ་མི་ཚངས་པར་སྤྱོད་པར་བགྱིས་ན་་་་་་དགེ་སློང་དུ་འདུ་ཤེས་ཡོད་ན་འཁྲིག་པར་སྦྱོར་བར་བྱ་བ་ཡིན་པས་མཐར་འགྱུར་རོ། །དེ་སྟེ་དགེ་སློང་དུ་འདུ་ཤེས་མེད་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། འོད་ལྡན་ལས། སྡོམ་བརྩོན་སྡོམ་བརྩོན་ཉིད་དུ་འདུ་ཤེས་ན། །དངོས་གཞིའོ་མིན་ན་ལྟུང་བ་ཆུང་དང་ལྡན། །ཞེས་འབྱུང་བས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ལུང་འདུལ་བྱེད་དང་འདི་ཉིད་ལས་བདག་ནི་ཉམས་པའོ་སྙམ་པའི་བསམ་པ་ཅན་ལ་ཡང་ན་སྨད་པ་མེད་དོ་ཞེས་གསུངས་པ་དང་འགལ་ལོ། །གསོར་རུང་དུ་ཉམས་པའོ་སྙམ་པའི་བསམ་པ་ཅན་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཊཱི་ཀ་ལས་བདག་ནི་ཞིག་པའོ་ཞེས་བཤད་པས་སོ། །བདག་ནི་ཉམས་པའོ་སྙམ་པའི་བསམ་པ་ཅན་ལ་ཞེས་པ་དེ་ཕམ་པ་དང་པོའི་སྐབས་ནས་བཤད་པས་ཕམ་པ་དང་པོའི་སྐབས་སུ་བསླབ་པའི་ཡན་ལག་དངོས་པོ་གཙོ་ཡང་། ལྟུང་བ་གཞན་རྣམས་ལ་བསླབ་པའི་ཡན་ལག་འདུ་ཤེས་གཙོ་སྟེ། འདི་ཉིད་ལས་དགེ་སློང་གི་འདུ་ཤེས་ཡོད་ན་དངོས་གཞི། མེད་ན་ན་སྨད་དོ་ཞེས་པ་དང་། ལུང་ཞུ་བ་དང་འོད་ལྡན་ལས་ཀྱང་དེ་ལྟར་བཤད་པས་ཤེས་སོ་ཞེས་ཟེར་རོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号