ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་ཊཱིཀ་ཉི་མའི་འོད་ཟེར་ལེགས་བཤད་ལུང་རིགས་ཀྱི་རྒྱ་མཚོ་ལས་དགེ་སློང་མའི་རྣམ་འབྱེད་ཞུ་བ་སྤྱིར་བསྟ
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 དེ་དག་ནི་མི་རིགས་ཏེ་་་་་་གོས་བསྔོས་པ་ལས་བསྒྱུར་བ་གོང་དུ་བཤད་ཟིན་པ་དང་ཟློས་སྐྱོན་དུ་འགྱུར་ཞིང་ལུང་དགེ་སློང་མའི་རྣམ་འབྱེད་ཀྱི་སྤང་ལྟུང་འདི་གཉིས་ཀྱི་སྐབས་ལས་དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ་ཞེས་གསུངས་པ་དང་འགལ་ལ། སྦྱོར་་་་་་མདོ་རྩ་བ་ལས་ཀྱང་དུ་བཅུག་ཅེས་ཟས་ཀྱི་སྒྲ་གསུངས་པ་དང་ཡང་འགལ་ལོ། །གཞུང་གི་དོན་དངོས་ནི་སྐབས་འདིའི་སྤང་ལྟུང་འདི་གཉིས་ཀྱི་ཁྱད་པར་ནི་རང་གི་རྣམ་བཤད་དང་ཊཱི་ཀ་ལས། བཞི་ལ་སོགས་པའི་གྲངས་ཚད་ཡོད་མེད་ཀྱིས་ཕྱེ་བར་གསུངས་ཏེ། དེའང་སྔ་མ་ནི་དགེ་སློང་མས་དགེ་སློང་མའི་སྐྱེ་བོ་མང་པོ་སྟེ་བཞི་ཡན་ཆད་གྲངས་ཆད་པ་ཁ་ཅིག་གི་ཕྱིར་ཟས་ཀྱི་རྙེད་པ་སྦྱིན་བདག་ལ་སྦྱོར་དུ་བཅུག་ནས་རང་ཉིད་གཅིག་པུ་ལ་ཡོངས་སུ་བསྒྱུར་བ་སྟེ་བསྒྱུར་ཞིང་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཕྱི་མ་ནི་དགེ་སློང་མའི་དགེ་འདུན་གྱི་ཕྱིར་ཏེ་གྲངས་ཆད་པ་མེད་པར་དགེ་འདུན་མ་སྤྱིའི་ཕྱིར་ཡང་ངོ་སྟེ་སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ་ཞེས་སྔ་མར་སྦྱར་ཏེ། སྒྱུར་ཞིང་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཁ་ཅིག་ན་རེ་མའི་སོ་སོ་ཐར་པ་དང་མའི་རྣམ་འབྱེད་ལས། སྔ་མ་ལ་གློ་བུར་དུ་ལྷགས་པ་ཞེས་དངོས་སུ་གསུངས་པས། ཕྱི་མ་ལ་གཉུག་མར་གནས་པ་ཞེས་ཤུགས་ཀྱིས་གྲུབ་ཅེས་ཟེར་ཡང་ངེས་པ་མེད་དེ་ཕན་ཚུན་འཁྲུལ་མོར་སྦྱར་རོ། །བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བ་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་ལ་ཆགས་པས། བཞིན་བཟང་རྒེའུ་ཤེར་གྱི་ཐུམ་པོ་ཆིངས་ཤིག དེ་འཆིང་བ་ལ་ཞུགས་པ་དང་། མ་ཡིན། མ་ཡིན། པི་པི་ལིང་གི་ཐུམ་པོ་ཆིངས་ཤིག བུད་མེད་ནི་བརྗེད་ངེས་པ་ཡིན་པས་བུ་རམ་གྱི་ཐུམ་བུ་ཆིངས་ཤིག མ་ཡིན། མ་ཡིན། ཤ་ཁ་རའི་ཐུམ་པོ་ཆིངས་ཤིག དེ་ལ་ཕྱི་བཞིན་འབྲང་བའི་དགེ་སློང་མས་སྨྲས་པ། དེ་ཙམ་ཡང་བརྗེད་ན་ཁྱོད་ཀྱིས་སྡེ་སྣོད་གསུམ་པོ་ལེགས་པར་སྟོན་ནམ། བླུན་མོ་ཁོ་མོས་བརྗེད་སྙམ་མམ། ཁོ་མོ་ཚིག་ཙམ་བདག་གིར་བྱེད་དོ་ཞེས་ཟེར་བ་ལས་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བའོ། །གཞུང་གི་དོན་ནི། སྐྱེ་པ་ལ་ཆགས་པའི་དགེ་སློང་མས་རང་གི་ཚིག་ཉན་དུ་གཞུག་པའི་ཕྱིར་སྐྱེས་པ་འཁྲིག་པ་བསྟེན་པའི་མཐུ་ཡོད་ཅིང་དོན་གོ་བར་ནུས་པ་ལ་རྫས་ཀྱི་ཐུམ་པོ་འཆིང་དུ་བཅུག་ཅིང་བཅིངས་པ་འགྲོལ་དུ་འཇུག་པ་ལས་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཊཱི་ཀ་ལས་འདིར་ཐུམ་པོ་ཞེས་སྨོས་པ་ནི་ནང་གི་སྙིམ་པ་ལ་སོགས་པ་དང་ཕྱི་རོལ་གྱི་སྤྲོག་མ་ལ་སོགས་པ་དག་གི་དཔེ་ཡིན་ནོ། །་་་་་ཊཱི་ཀ་ལས་གཞན་དབང་བའི་ཐུམ་བུ་བཅིང་བ་དང་འགྲོལ་དུ་འཇུག་པ་ལ་ཡང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ། ཚིག་ཉན་དུ་གཞུག་པར་འདྲ་བའི་ཕྱིར་རོ། །དེ་ལ་དངོས་པོ་སྤང་བར་བྱ་བ་ནི་མེད་པས། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ། །ཞེས་སོ། །གོས་ལྕི་བ་བསྟེན་པའི་སྤང་པ་འདི་ལ་གསུམ་ལས། གླེང་གཞི་ནི་ཡུལ་ལུས་འཕགས་ཀྱི་རྒྱལ་པོས་རྒྱལ་པོ་གསལ་རྒྱལ་ལ། ལྭ་བ་རིན་པོ་ཆེ་སྐྱེས་སུ་བསྐུར་བ་དེ་རལ་གྲི་མཐུ་ཅན་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་དགེ་སློང་མ་ཆོས་སྦྱིན་མ་ལ་བྱིན་ཞིང་། དེས་ཀྱང་་་་་་ཊཱི་ཀར་སྦོམ་དགའ་མོ་ཟེར་ཡང་ལུང་ལས་གཙུག་དགའ་མོ་ལ་བྱིན་ནས། དེས་དེ་གོན་ཏེ་ལམ་པོ་ཆེ་དག་ཏུ་འཁྱམས་པ་ན། དེ་ཁྱིམ་པ་རྣམས་ཀྱིས་མཐོང་ནས། ཕ་གི་ཚོང་དཔོན་གྱི་ཆུང་མའམ་དེད་དཔོན་གྱི་ཆུང་མའམ་སུ་ཞིག་ཡིན་ཞེས་སྨོད་པར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་གོས་ལྕི་བ་ལ་ཆགས་པའོ། །གཞུང་གི་དོན་ནི། ལྗིད་ཀྱིས་ལྕི་བ་་་་་་རྒྱ་གར་གྱི་སྲང་བརྒྱ་ལ་བོད་ཀྱི་སྲང་ཉིས་བརྒྱ་ཡོད་སྲང་བརྒྱ་པ་ལ་སོགས་པ་་་་་འི་སྒྲས་ནི་སྲང་བརྒྱ་ཡན་ཆད་ནས་གྲངས་མེད་པའི་མཐར་ཐུག་པ་དག་བསྡུའོ་ཊཱི་ཀ་དང་། རིན་གྱིས་ལྕི་བ་ཀར་ཤ་པ་ན་ཉི་ཤུ་ལ་སོགས་པ་་་་་འི་སྒྲས་ནི་ཀར་ཤ་པ་ན་ཉི་ཤུ་རྩ་གཅིག་ཡན་ཆད་ནས་གྲངས་མེད་པའི་མཐར་ཐུག་པ་དག་བསྡུའོ་ཊཱི་ཀ་རི་བའི་གོས་དགེ་སློང་མས་བདག་གིར་བྱེད་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཊཱི་ཀ་ལས་བདག་གིར་བྱེད་པ་ལས་དངོས་གཞིར་འགྱུར་ན་གྱོན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཞེས་སོ། །གྱོན་པའི་རྩ་བ་གཅོད་པའི་ཕྱིར་བདག་གིར་བྱེད་པ་ལས་དགག་པར་མཛད་དོ་ཞེས་ཊཱི་ཀས་སོ། །ཀར་ཤ་པ་ན་ཉི་ཤུ་མི་རི་བའི་སྲང་བརྒྱ་པ་ལ་ཅིར་འགྱུར་ཞེ་ན། ཉི་ཤུ་མི་རི་ཡང་གོས་བཟང་པོ་སྲང་བརྒྱ་པ་ལས་ནི་དངོས་གཞི་རྫོགས་པར་རིགས་སོ། །གོས་ངན་པ་བེམ་པོ་སྲང་བརྒྱ་པ་འཆང་བ་ལ་ནི་ཉེས་པ་མེད་པར་གསལ་ཏེ། ཊཱི་ཀ་ལས་བུད་མེད་ནི་གོས་བཟང་པོ་གྱོན་ན་མེ་རེ་སྐྱེ་བས་གོས་ལྕི་ཡང་འདི་གཉིས་བཀག་པ་ཡིན་ནོ་ཞེས་གསུངས་པའོ། །ཊཱི་ཀ་ལས་བརྗེ་བའི་ཕྱིར་བདག་གིར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །བཙོངས་པ་ལ་སོགས་པའི་ཕྱིར་བདག་གིར་བྱེད་པ་ནི་ཐམས་ཅད་དུ་སྤང་བར་འགྱུར་རོ། །རིན་པོ་ཆེ་ལ་སོགས་པ་རུང་བར་བྱས་པ་དེས་འདི་ཡང་བྱིན་གྱིས་བརླབས་ཏེ་ལེན་པ་ལ་ནི་ཉེས་པ་མེད་དོ། །གཞན་གྱིས་གྱོན་པ་ལ་སྤང་བར་བྱ་བའི་དངོས་པོ་མེད་དུ་ཟིན་ཀྱང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ།་་་་་།གོས་ཡང་བ་བསྟེན་པའི་སྤང་བ་འདི་ལ་གསུམ་ལས། གླེང་གཞི་ནི་ཡུལ་ཀ་ལིང་ཀའི་རྒྱལ་པོས་རྒྱལ་པོ་གསལ་རྒྱལ་ལ་སེང་རས་རིན་ཆེ་བ་སྐྱེས་སུ་བསྐུར་བ་དེ། རལ་གྲི་མཐུ་ཅན་པའི་དམག་མི་རྣམས་ལ་བྱིན་ནོ། །དེ་རྣམས་ཀྱིས་དགེ་སློང་མ་ཆོས་སྦྱིན་མ་ལ་བྱིན་ཞིང་། དེས་ཀྱང་གཙུག་དགའ་མོ་ལ་བྱིན་ནས། དེས་གྱོན་ཏེ་ལམ་སྲང་དུ་ཞུགས་པ་ན། དེའི་ལུས་གཡོགས་ཀྱང་སྒྲེན་མོ་འདྲ་བར་སྣང་ངོ་། །དེ་ཁྱིམ་པ་རྣམས་ཀྱིས་མཐོང་ནས། ཕ་གི་ཚོང་དཔོན་གྱི་བུ་མོའམ་དེད་དཔོན་གྱི་ཆུང་མའམ་སུ་ཞིག་ཡིན་ཞེས་སྨོད་པར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་གོས་ཡང་བ་ལ་ཆགས་པའོ། །གཞུང་གི་དོན་ནི། ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀར་ཤ་པ་ན་ཉི་ཤུ་རི་ཞིང་། ལྗིད་སྲང་ལྔ་པའི་མཐར་ཐུག་པའི་གོས་དགེ་སློང་མས་བདག་གིར་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ལུང་ལས་སྲང་ལྔ་པ་ཞེས་བྱ་བ་ནི་སྲང་ལྔ་པའམ་ལྔ་པ་ལས་ཆུང་བའོ་ཞེས་གསུངས་ཤིང་། ཊཱི་ཀ་ལས་གོས་ཡང་བ་ཞེས་བྱ་བ་ནི་ལྗིད་ཀྱིས་ཡང་བ་ཉི་ཚེ་ལ་བྱ་སྟེ། འདིར་རིན་ཐང་གིས་ཡང་བར་ནི་མི་སྦྱར་ཏེ། ཀར་ཤ་པ་ན་ཉི་ཤུ་མི་རི་བ་ལ་ཉེས་པ་མེད་དོ་ཞེས་སོ། །སྤང་བའི་ལྟུང་བྱེད་རྣམས་ཀྱི་བཤད་པ་རྫོགས་སོ།།    །།ད་ནི་དགེ་སློང་མའི་ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ་འཆད་དེ། འདི་ལ་ཚན་པ་གཉིས་སུ་དབྱེ་སྟེ། ཐུན་མོང་བ་བདུན་ཅུ་རྩ་གཉིས་སུ་དབྱེ་བ་དང་། ཐུན་མོང་མ་ཡིན་པ་བརྒྱ་རྩ་བརྒྱད་དུ་དབྱེ་བའོ། །དང་པོ་ནི་དགེ་སློང་གི་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས། གཞུང་འོག་མས་སྟོན་པའི་དམིགས་བསལ་བཅོ་བརྒྱད་པོ་མ་གཏོགས་པ་བདུན་ཅུ་རྩ་གཉིས་ནི་དགེ་སློང་དང་དགེ་སློང་མའི་ལྟུང་བྱེད་ཐུན་མོང་བ་ཡིན་ནོ། །དེའང་་་་་་བདུན་ཅུ་རྩ་གཉིས་པོ་དེ་དག་ནི་སྔར་དགེ་སློང་ཕའི་རྣམ་འབྱེད་དུ་བསྟན་ཟིན་ཏོ། །ཤེས་བཞིན་རྫུན་སྨྲ་ལ་སོགས་པ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་སུམ་ཅུ་རྩ་ལྔ་དང་། སྐྱོན་ནས་སྨྲ་བ་ལ་སོགས་པ་མིང་ཙམ་གྱི་ཐུན་མོང་བ་སུམ་ཅུ་རྩ་བདུན་ནོ། །དེའང་གནས་ངན་ལེན་འཆབ་པ་ལ་་་་་་ལྷག་མ་འཆབ་པ་དང་ཕམ་པ་འཆབ་པ་གཉིས་ལས། མཚན་མཐུན་གྱི་ལྷག་མ་འཆབ་པའི་ལྟུང་བྱེད་ནི། ཐུན་མོང་བ་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་གཏོགས་ལ། མཚན་མཐུན་གྱི་ཕམ་པ་འཆབ་པ་ནི་ཐུན་མོང་མ་ཡིན་པ་སྟེ། དགེ་སློང་ལ་་་་་་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་ཡང་། དགེ་སློང་མ་ནི་འཆབ་པའི་ཕམ་པར་འགྱུར་བའོ། །་་་་་མཚན་མི་མཐུན་པ་སྤང་བའི་རྗེས་སུ་ཕྱོགས་ན་ནི་དགེ་སློང་ལ་ལྟུང་བྱེད་ཀྱི་ན་སྨད་དུ་འགྱུར་ཡང་། དགེ་སློང་མ་ལ་ནི་བཟློག་པའི་ཕམ་པ་བསྐྱེད་པ་ཡོད་དོ། །བདུན་ཅུ་རྩ་གཉིས་པོ་དེ་དག་གཞན་སེལ་གྱི་སྒོ་ནས་ངེས་བཟུང་བ་ནི། མ་བསྐོས་པ་ལ་སོགས་པ་བཅུ་དང་ཞེས་པ་ལ་སོགས་པ་བཅོ་བརྒྱད་ནི། སོ་སོ་ཐར་པའི་མདོར་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་རྣམ་པར་བཞག་པ་ལ་མ་གཏོགས་སོ། །དེ་དག་གི་རྒྱུ་མཚན་ནི་མ་བསྐོས་པར་་་་་་དགེ་སློང་ལ་ཆོས་སྟོན་པ་དང་། ཉི་མ་ནུབ་ཀྱི་བར་དུ་དགེ་སློང་ལ་་་་་་ཆོས་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པ་ལས་གྱུར་པ་སྟེ། གསུམ་པོ་དེ་དག་ནི་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་ཆོས་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། སྤྱིར་བཏང་ལ་བསྟན་པར་བྱ་བ་མ་ཡིན་པའོ། །དགེ་སློང་ལ་་་་་་གོས་སྦྱིན་པ་དང་དགེ་སློང་གི་་་་་་གོས་བཟོ་་་་་་བྱེད་པ་གཉིས་ཀྱང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས་དགེ་སློང་ནི་འཁོར་གཙོ་བོ་ཡིན་པའི་ཕྱིར་དང་། མཆོད་པའི་གནས་ཉིད་ཡིན་པའི་ཕྱིར་དགེ་སློང་ལ་དགེ་སློང་མས་གོས་སྦྱིན་པ་དང་དགེ་སློང་མས་དགེ་སློང་གི་གོས་བཟོ་བྱེད་པ་ལ་ཚུལ་དང་མི་མཐུན་པ་མཚང་པོ་ཆེ་མེད་པའི་ཕྱིར་རོ་ཞེས་སོ། །དགེ་སློང་དང་་་་་་ལྷན་ཅིག་ལམ་དུ་འགྲོ་བ་དང་དགེ་སློང་དང་་་་་་ལྷན་ཅིག་གྲུར་འགྲོ་བ་ཡང་། དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས་དགེ་སློང་མ་རྣམས་ནི་མཐུ་ཆུང་བའི་ཕྱིར་གཞན་ལ་བསྟེན་ཏེ་ལམ་དུ་འགྲོ་བ་ལ་མཚང་པོ་ཆེ་མེད་པའི་ཕྱིར་རོ་ཞེས་སོ། །དབེན་པ་འདུག་འགྲེང་གཉིས་ཀྱང་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་མི་བཞག་སྟེ། ལྟུང་བྱེད་ཀྱི་དབྱེ་བ་མི་མཚུངས་པའི་ཕྱིར་ཏེ། དགེ་སློང་ལ་དབེན་པ་ན་འགྲེང་བའི་ལྟུང་བྱེད་གཅིག་ཏུ་བཅས་ལ། དགེ་སློང་མ་རྣམས་ལ་དབེན་པ་ན་འགྲེང་བའི་ལྟུང་བྱེད་བཞི་བཅས་པའི་ཕྱིར་རོ། །དབེན་པ་ན་འདུག་པ་ལ་ཡང་ཚུལ་དེ་བཞིན་དུ་སྦྱར་རོ། །ཊཱི་ཀ་ལས་ནི་དགེ་སློང་མ་བུད་མེད་དང་ལྷན་ཅིག་འདུག་པ་དང་། དགེ་སློང་མ་དང་ལྷན་ཅིག་འགྲེང་བ་ལ་ཉེས་པ་ཅི་ཡང་མེད་པའི་ཕྱིར་རོ་ཞེས་ཀྱང་བཤད་དོ། །སྦྱོར་དུ་བཅུག་པ་ཟ་བ་ཡང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས་སྐྱེས་པས་སྦྱོར་དུ་བཅུག་པ་བུད་མེད་ཀྱིས་ཟ་བ་ལ་ནི་དེ་ཙམ་སྐྱེ་བོས་སྨད་པ་མེད་པའི་ཕྱིར་རོ་ཞེས་སོ། །སྐྲད་པ་ཡང་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་མི་བཞག་སྟེ། ལྟུང་བྱེད་ཀྱི་དབྱེ་བ་མི་མཚུངས་པའི་ཕྱིར་ཏེ། དགེ་སློང་ལ་སྐྲོད་པའི་ལྟུང་བྱེད་གཅིག་ཏུ་བཅས་ལ། དགེ་སློང་མ་རྣམས་ལ་སྐྲོད་པའི་ལྟུང་བྱེད་གཉིས་བཅས་པའི་ཕྱིར་རོ། །ཡང་ཡང་ཟ་བ་ཡང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་རྣམ་པར་མི་བཞག་སྟེ། ཊཱི་ཀ་ལས་དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་མ་ཡིན་པའི་ཕྱིར་དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར་རོ་ཞེས་སོ། །ཟས་བསོད་པ་སློང་བའང་དགེ་སློང་མ་རྣམས་ལ་ལྟུང་བྱེད་དུ་མི་བཞག་སྟེ། ལྟུང་བྱེད་ལས་སྡེ་ཚན་ཐ་དད་པ་སོ་སོར་བཤགས་པར་བྱ་བར་འགྱུར་བའི་ཕྱིར་རོ། །མ་ལོན་པ་དང་ཞེས་པ་མ་ལོན་པ་བསྙེན་རྫོགས་བྱེད་པ་ཡང་། དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་དུ་མི་བཞག་སྟེ། ལྟུང་བྱེད་ཀྱི་དབྱེ་བ་མི་མཚུངས་པའི་ཕྱིར་ཏེ། དགེ་སློང་ལ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པའི་ལྟུང་བྱེད་གཅིག་ཏུ་བཅས་ལ། དགེ་སློང་མ་རྣམས་ལ་ནི་སྡོམ་ལེན་་་་་་ལོ་བཅུ་གཉིས་མ་ལོན་པ་དེ་ལོ་ཉི་ཤུ་མ་ལོན་པའི་བྱེ་བྲག་ཡིན་མོད་ཀྱི་ལོ་བཅུ་གཉིས་མ་ལོན་པ་དང་ལོ་ཉི་ཤུ་མ་ལོན་པ་སྟེ། མ་ལོན་པ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་གཉིས་སུ་བཅས་པའི་ཕྱིར་རོ། །ཊཱི་ཀ་ལས་དབྱར་གྱི་རས་ཆེན་ཚད་ལས་ལྷག་པའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་བཞག་སྟེ། དགེ་སློང་མ་རྣམས་ལ་རས་ཆེན་གྱི་དོད་པོར་ཆུ་གོས་གནང་བ་་་་་་དགེ་སློང་མ་རྣམས་ལ་རས་ཆེན་འཆང་བ་ཉིད་ཀྱང་མ་བཅས་པས་རས་ཆེན་གྱི་ཚད་ངེས་པ་རྣམ་པར་མ་བཞག་པའི་ཕྱིར་རོ་ཞེས་སོ། །ཁྱད་པར་དུའང་འདུག་པ་དང་འགྲེང་བ་དང་ཕྱིར་མ་བླངས་པར་སྤྱོད་པ་དང་ཞེས་གསུངས་པའི་ལྟུང་བ་འདི་གསུམ་ལ་ནི། རྣམ་པར་བཞག་པ་ལུགས་གཉིས་ཡོད་དེ། དགེ་སློང་མའི་སོ་སོ་ཐར་པ་དང་མདོ་རྩ་འགྲེལ་དབང་བཙན་དུ་བྱས་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་དང་ལུང་ཞུ་བ་དབང་བཙན་དུ་བྱས་པའོ། །རྣམ་པར་བཞག་པ་དང་པོ་ལྟར་ན་ཉལ་ཤོམ་འདུག་འགྲེང་གཉིས་དང་གདེང་མེད་པར་སྤྱོད་པ་སྟེ་་་་་་ལྟུང་བྱེད་འདི་གསུམ་ནི་དགེ་སློང་མ་རྣམས་ལ་མེད་དེ། དགེ་སློང་མའི་སོ་སོ་ཐར་པ་ལས། སྐྲོད་དང་མ་བསྐོས་ཉི་ནུབ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །སྦྱོར་བཅུག་ཡང་ཡང་བསད་པ་དང་། །ཉལ་སར་འདུག་དང་འགྲེང་བ་དང་། །གདེང་མེད་ཉི་ཤུ་མ་ལོན་དང་། །རས་ཆེན་ལྟུང་བྱེད་བཅོ་བརྒྱད་པོ། །བཀོལ་བའི་ལྷག་མ་འདིར་འདོད་དོ། །ཞེས་གསུངས་ལ། དེ་དང་མདོ་རྩ་འགྲེལ་མཐུན་ནོ། །ཁྱད་པར་དུའང་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་དང་། ཕྱིར་མ་བླངས་པར་སྤྱོད་པ་ཞེས་པའི་ཊཱི་ཀ་ལས་འདི་དག་་་་་་དངོས་བཅས་དང་རྒྱུ་མཚན་ཅུང་ཟད་འདྲ་བ་ནི་ཅུང་ཟད་ཆ་མཐུན་པ་ལ་བསྟེན་པ་ཡིན་པའི་ཕྱིར་འདུལ་བ་མདོར་བསྡུས་པ་ལས་ཉེས་བྱས་སུ་གསུངས་པའི་ཕྱིར། དེ་དག་ཀྱང་དགེ་སློང་མ་རྣམས་ལ་ལྟུང་བྱེད་ཉིད་དུ་རྣམ་པར་མི་བཞག་གོ་ཞེས་བཤད་དོ། །རྣམ་པར་བཞག་པ་གཉིས་པ་ལྟར་ན། ཉལ་ཤོམ་འདུག་འགྲེང་གཉིས་དང་གདེང་མེད་པར་སྤྱོད་པ་སྟེ།་་་་་གསུམ་པ་དེ་དག་ནི་དགེ་སློང་མ་ལ་ལྟུང་བྱེད་དེ། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་འདུག་པ་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ་ཞེས་་་་་་སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་འགྲེང་བྱས་པའི་གླེང་གཞི་དང་བཅས་པར་གསུངས་སོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་ལུང་ཞུ་བ་ལས་ཀྱང་དགེ་སློང་མས་འཚལ་བཞིན་་་་་་ཤེས་བཞིན་དུ་མྱ་ངན་དང་བཅས་པའི་་་་་་ཉལ་པོ་བྱེད་པ་གྲོང་་་་་་ཁྱིམ་དུ་ནན་གྱིས་མཆིས་པར་བགྱིད་ན་ཅིར་་་་་་འདུག་པར་བགྱིད་ན་འགྱུར་ལྟུང་བྱེད་དོ། །དེ་བཞིན་དུ་མྱ་ངན་དང་བཅས་པར་འགྲེང་བ་ལ་བརྗོད་པར་བྱའོ་ཞེས་བཤད་དོ། །གདེང་མེད་པར་སྤྱོད་པ་ལ་ཡང་ལུང་དགེ་སློང་མའི་རྣམ་འབྱེད་ལས་ཡང་དགེ་སློང་མ་གང་དགེ་སློང་མ་ལ་གོས་དག་བྱིན་ནས་དེའི་འོག་ཏུ་ཕྱིར་མ་བླངས་པར་སྤྱོད་ན་ལྟུང་བྱེད་དོ་ཞེས་་་་་་སྦོམ་དགའ་མོས་ཉེ་གནས་མ་ལ་གོས་བྱིན་ནས་གདེང་མེད་པར་སྤྱད་པའི་ཕྱིར་གླེང་གཞི་དང་བཅས་པར་གསུངས་སོ། །མའི་སོ་སོ་ཐར་པའི་འགྲེང་པ་ལས་ཀྱང་། ཡང་དགེ་སློང་མ་གང་གིས་དགེ་སློང་མ་ལ་གོས་བྱིན་ནས་དེའི་འོག་ཏུ་གདེང་མེད་པར་གྱོན་ན་ལྟུང་བྱེད་དོ་ཞེས་བཤད་ཅིང་། གདེང་མེད་སོགས་བཅོ་བརྒྱད་བཀོལ་ལོ་ཞེས་་་་་་མའི་སོ་སོ་ཐར་པའི་སྡོམས་ཚིག་ལས་འབྱུང་མོད་ཀྱི། གདེང་མེད་ནི་བཀོལ་དུ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། ལུང་དགེ་སློང་མའི་རྣམ་འབྱེད་ལས་་་་་་གོང་དུ་སྡོམས་ཀྱི་ཚིགས་སུ་བཅད་པ་ལས་ཀྱང་འབྱུང་བའི་ཕྱིར་རོ་ཞེས་ཀྱང་མའི་སོ་སོ་ཐར་པའི། འགྲེལ་བ་དེ་ཉིད་ལས་བཤད་དོ། །འོ་ན་རྣམ་པར་བཞག་པ་ལུགས་གཉིས་པོ་གང་གི་རྗེས་སུ་འབྲང་ཞེ་ན། ལག་ལེན་དོག་མཐའ་གཟུང་སྟེ། རྣམ་བཤད་རིགས་པ་ལས། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །ཞེས་་་་་་བཀའ་སྡུད་པ་པོས་ཡང་དག་པར་བསྡུས་པའི་གཞི་གཞུང་ཉམས་པར་གསུངས་ལ། སྨན་བླའི་མདོ་ལས་དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་དང་ཞེས་གསུངས་པ་དང་། མདོ་རྩ་བའི་མཚན་འགྱུར་སྐབས་ཀྱི་འགྲེལ་ཆུང་ལས་དགེ་སློང་མའི་ཁྲིམས་ལྔ་བརྒྱ་བསྲུང་ངོ་ཞེས་གསུངས་པའི་གནད་ཀྱིས། ལུགས་ཕྱི་མ་ལྟར་བཤད་ན་ལེགས་སམ་སྙམ་མོ། །ལྟུང་མེད་དང་བསླབ་བྱ་ཞར་བྱུང་དུ་བསྟན་པ་ནི། དགེ་སློང་གིས་་་་་་དགེ་སློང་མ་ལྟ་བུ་རབ་ཏུ་བྱུང་བ་མོའི་་་་་་ལ་སྦྱིན་པ་ཕྱིར་ཟས་གོས་ལ་སོགས་པ་ཟང་ཟིང་སྦྱིན་པ་ཉེ་བར་སྒྲུབ་ཏུ་རུང་སྟེ། ཕོངས་པ་ལ་སོགས་པའི་རྐྱེན་བྱུང་ནའོ། །དེའང་ལུང་ཕྲན་ཚེགས་ལས་དགེ་སློང་དེས་མུ་གེའི་དུས་ན་དགེ་སློང་མ་བསོད་སྙོམས་ཀྱིས་ཕོངས་པ་དེ་ལ་བསོད་སྙོམས་ཀྱི་ཕྱེད་སྦྱིན་ནོ་ཞེས་གསུངས་སོ། །བུ་ཆུང་ངུ་དང་ཞེས་པ་ནི་མ་ལས་ལོགས་ཤིག་ཏུ་མལ་མི་ཐུབ་པའི་བུ་ཆུང་ངུ་དང་ལྡན་པའི་དགེ་སློང་མ་ལ་རང་གི་བུ་ཆུང་ངུ་དང་ལྷན་ཅིག་ཉལ་བའི་གནང་བ་སྦྱིན་པ་སྟེ། དགེ་འདུན་མ་རྣམས་ཀྱིས་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་པའོ། །དུས་ཕྱིས་བུ་དེ་ཆེན་པོར་གྱུར་ན་ནི་ལུང་ཕྲན་ཚེགས་ལས་དགེ་སློང་མས་ནམ་་་་་་ཞིག་ན་རང་གི་བུ་ཆེན་པོར་གྱུར་པ་དེའི་ཚེ་དེ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བར་མི་རུང་སྟེ། ཇི་ལྟར་་་་་་སྐྱེས་པ་དང་ཁང་པ་གཅིག་ཏུ་ཉལ་བའི་བསླབ་པ་བཅས་པ་བཞིན་སློབས་ཤིག་ཅེས་གསུངས་སོ། །དེས་ན་ཁྲིམས་གྲོགས་མེད་པར་མཚན་མི་མཐུན་པ་དང་ཁང་པ་གཅིག་ཏུ་ཉལ་བའི་ལྟུང་བ་བསྐྱེད་པ་ལ་ཉེ་དུ་མ་ཡིན་པ་ཡན་ལག་དགོས་པར་་་་་་ཤ་ལུགས་པ་སྨྲ་བ་རྣམས་ནི་མི་རིགས་སོ། །ད་ནི་ཐུན་མོང་མ་ཡིན་པ་བརྒྱ་རྩ་བརྒྱད་དུ་དབྱེ་བ་འཆད་དེ། རབ་ཏུ་འབྱིན་པ་དང་ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ཏེ་སྤྱིའི་དོན་དང་། སོ་སོའི་དོན་ཏོ། །དང་པོ་སྤྱི་དོན་ནི་དགེ་སློང་མའི་ལྟུང་བྱེད་བརྒྱ་རྩ་བརྒྱད་པོ་འདི་རྣམས་དགེ་སློང་ཕ་ལ་ཅིར་འགྱུར་ཞེ་ན། ལྟུང་མེད་དུ་འགྱུར་བ་བཅོ་ལྔ་སྟེ། ལོ་བཅུ་གཉིས་་་་་་མ་ལོན་་་་་་པས་འཁོར་དང་འཁོར་མང་ཉེར་འཇོག་དང་། །ལོའི་རྗེས་སུ་རབ་ཏུ་འབྱིན་པ་སྟེ་་་་་་འཁོར་མང་གསོག་དང་གནོད་འགྱུར་སྤང་་་་་་སྐབས་ཀྱི་གསུམ་ནི་ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མི་འདའ་བར་བྱེད་པ་དང་མཚན་མོ་མ་རྟགས་པར་སྐྱབས་ཡོད་པར་འདའ་བར་བྱེད་པ་དང་གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོ་འདའ་བར་བྱེད་པ་སྟེ་གསུམ་དང་། །སྨེ་གབ་མི་འཆང་ཆུ་གོས་མི་འཆང་དང་། །བཀྲུ་བཤལ་བ་ལ་གོས་ནི་འཁྲུར་འཇུག་དང་། །ལྕི་བའི་ཆོས་ལས་འདས་པའི་སྐབས་ཀྱི་བཞི།་་་་་ནི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལས་གདམས་ངག་དང་རྗེས་བསྟན་ཉམས་སུ་མྱོང་བར་མི་བྱེད་པ་དང་། དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་དང་། དགེ་སློང་མེད་པའི་གནས་སུ་དབྱར་གནས་ཁས་ལེན་པ་དང་། དབྱར་གནས་པས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པ་སྟེ་བཞི་དང་ཕྱི་སར་གཅིག་པུར་འགྲོ་དང་བཅོ་ལྔའོ། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་དག་དགེ་སློང་ལ་ལྟུང་མེད་དུ་བཞག་པ་ནི། སྐྱེས་པ་ལ་དེ་རྣམས་ཀྱི་དབང་དུ་བྱ་བའི་དགག་བྱ་མེད་པའི་ཕྱིར་རོ། །རྒྱ་སྐྱེགས་ཀྱི་ཆང་བུ་འཛུད་པའི་དོད་པོ་དགེ་སློང་གི་འབྱིན་པའི་དགེ་འདུན་ལྷག་མ་སྟེ། གལ་ཏེ་ན་དགེ་སློང་གིས་རང་གི་ཁའམ་བཤང་ལམ་དུ་རྒྱ་སྐྱེགས་ཀྱི་ཆང་བུ་འཇུག་ན་ནི་སྦོམ་པོར་འགྱུར་བར་ཊཱི་ཀ་ལས་བཤད་དོ། །ཉེས་མེད་བཅོ་ལྔ་དང་རྒྱ་སྐྱེགས་ཀྱི་ཆང་བུ་འཛུད་པ་སྟེ་་་་་་བཅུ་དྲུག་པོ་དེ་དག་མ་གཏོགས་པ་འདི་རྣམས་ཐམས་ཅད་དགེ་སློང་ལ་ཉེས་བྱས་སུ་འགྱུར་ཏེ། དབང་དུ་བྱ་བའི་དགག་བྱ་མ་རྫོགས་པ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་སྤྱི་དོན་བསྟན་ཟིན་ཏོ། །གཉིས་པ་སོ་སོའི་དོན་ལ། མ་ལོན་པས་ཉེ་བར་འཇོག་པ་འདི་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པས་གཞན་བསྙེན་པར་རྫོགས་པར་བྱེད་པ་ལས་སོ། །དགག་བྱ་ནི་རྟེན་དང་བརྟེན་པ་གཉིས་བསླབ་པ་མི་བརྟན་པར་འགྱུར་བའོ། །གཞུང་གི་དོན་ནི་རང་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པས་མཁན་མོ་བྱས་ཏེ་གཞན་རབ་ཏུ་འབྱིན་པ་དང་བསྙེན་རྫོགས་བྱེད་པ་ལའོ་་་་་་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །འཁོར་ཉེ་བར་འཇོག་པའི་སྐབས་སུ་ཐུན་མོང་གི་བསླབ་བྱ་ནི། འཁོར་དང་འཁོར་མང་ཉེར་འཇོག་གི་གནང་བ་སྦྱིན་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་གནང་བ་བྱིན་པའི་དགོས་པ་ནི། གནང་བ་མ་ཐོབ་པར་འཁོར་དང་འཁོར་མང་ཉེ་བར་འཇོག་ན་ལྟུང་བྱེད་དུ་འགྱུར་བ་ལས་གནང་བ་བྱིན་པས་་་་་་འཁོར་དང་འཁོར་མང་ཉེ་བར་བཞག་ཀྱང་ལྟུང་བ་མི་འབྱུང་བ་དང་། ཁྱོད་ཀྱིས་འཁོར་དང་འཁོར་མང་ཉེ་བར་འཇོག་གསུང་ན། ངས་ཀྱང་ཉེ་བར་འཇོག་ཏུ་ཅིའི་ཕྱིར་མི་རུང་ཞེས་དྲན་ནས་བཅས་པའི་རྒྱ་རལ་བར་འགྱུར་བ་ལས་ལས་ཀྱི་ཚེགས་བྱིན་པས་་་་་་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་གནང་བ་སྦྱིན་པ་ནི། མཁན་མོར་འོས་པའི་མཚན་ཉིད་དང་ལྡན་པ་ལ་སྟེ། བཙུན་པའི་ཡན་ལག་ཏུ་བསྙེན་རྫོགས་ཀྱི་སྡོམ་པ་དག་པ་དང་། བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་གཉིས་ལོན་པ་དང་། མཁས་པའི་ཡན་ལག་ཏུ་འདུལ་བ་ཤེས་པ་དང་། ཕན་འདོགས་ཀྱི་ཡན་ལག་ཏུ་སྙིང་རྗེ་དང་བཟོད་པ་དང་ལྡན་པ་ལ་སོགས་པ་སྔར་ལྔ་ཕྲུགས་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །དེ་ལྟར་མཁན་མོར་འོས་པའི་མཚན་ཉིད་དང་ལྡན་པ་དེ་དག་གི་སྟེང་དུ་སྦྱིན་པའི་ཡུལ་གྱི་ཐུན་མོང་བ་འདི་རྣམས་བསྣན་ཏེ་་་་་་མཚམས་ཀྱི་ནང་ན་གནས་པ་དང་། ཚོགས་སུ་མ་ཚང་བ་དང་། སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་དང་། རང་གིས་ལན་གསུམ་གསོལ་བ་འདེབས་པ་ལ་གནང་བ་སྦྱིན་ནོ། །གཉིས་པ་རྟེན་གང་གིས་སྦྱིན་པ་ནི། དགེ་འདུན་མ་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་ལ་སོགས་པ་ཕྱག་འཚལ་བ་དང་ཐལ་མོ་སྦྱར་ནས་ཙོག་ཙོག་པོར་འདུག་པ་སྤྱོད་ལམ་བསྟེན་ཏེ་གསོལ་བ་ལན་གསུམ་གདབ་པ་་་་་་དང་། དངོས་གཞི་གསོལ་གཉིས་ཀྱི་ལས་དང་། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་གནང་བ་བྱིན་པ་འཇིག་པའི་རྒྱུ་ནི་མཚན་གྱུར་པ་དང་བབས་པ་དང་ཤི་བ་དང་མཚན་གཉིས་ཅིག་ཅར་བྱུང་བ་ལ་སོགས་་་་་་འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་གསུངས་པ་དང་། ཞིང་མ་ཡིན་པར་གྱུར་པའི་ཕྱིར་ཞེས་དང་པོའི་སྒྲུབ་བྱེད་དང་ཕྱི་མ་རྣམས་ཀྱི་སྒྲུབ་བྱེད་གོ་རིམ་བཞིན་ནོ། །པའོ། །ཡན་ལག་གི་དོན་ནི་འཁོར་དང་འཁོར་མང་པོ་ཞེས་སོ། །འཁོར་ཉེ་བར་འཇོག་པ་འདི་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་དགེ་འདུན་མ་ལ་གནང་བ་མ་ཞུས་པར་འཁོར་ཉེ་བར་འཇོག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་འཁོར་རྗེས་སུ་མི་སྐྱོང་པས་འཁོར་རྣམས་ཚུལ་ཁྲིམས་ཉམས་པར་འགྱུར་བའོ། །གཞུང་གི་དོན་ནི་སྔར་ཉེ་བར་འཇོག་པའི་གནང་བ་མ་ཐོབ་པ་ལ་ལྟུང་བྱེད་འདིར་འགྱུར་རོ། །དེ་ལྟར་གནང་བ་མ་ཐོབ་པའི་དགེ་སློང་མ་དེས་འཁོར་གཅིག་གམ་གཉིས་ཙམ་ཉེ་བར་འཇོག་ནའོ། །ཊཱི་ཀ་ལས་འཁོར་ཉེ་བར་འཇོག་པ་ཞེས་བྱ་བ་ནི་རབ་ཏུ་འབྱིན་པ་དང་བསྙེན་རྫོགས་བྱེད་པ་དང་དགེ་སློབ་མར་བྱེད་པ་དང་གནས་སྦྱིན་པ་ཞེས་བྱ་བ་རྣམ་པ་བཞིའོ་ཞེས་གསུངས་སོ། །འཁོར་མང་པོ་ཉེ་བར་འཇོག་པ་འདི་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་འདོད་ཆེན་གྱིས་འཁོར་མང་པོ་ཉེ་བར་བཞག་ནས་ཆོས་མི་སྟོན་གདམས་ངག་མི་སྟེར་བས། དེ་དག་མ་དུལ་མ་ཞི་མ་བསྲུངས་པར་གྱུར་པ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །གཞུང་གི་དོན་ནི་འཁོར་ཉེ་བར་འཇོག་པ་ལས་ཅིག་ཤོས་འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་ནི། འཁོར་མང་པོ་སྟེ་འཁོར་གསུམ་ཡན་ཆད་ཉེ་བར་འཇོག་ནའོ། །དེའང་འཁོར་མང་ཉེར་འཇོག་གི་གནང་བ་མ་ཐོབ་པའི་དགེ་སློང་མས་འཁོར་གསུམ་ཡན་ཆད་ཉེ་བར་འཇོག་ན་ལྟུང་བྱེད་དུ་འགྱུར་རོ། །ཉེ་བར་འཇོག་པ་ནི་རྣམ་པ་བཞི་སྟེ་སྔ་མ་བཞིན་ནོ། །འཁོར་མང་པོ་ཞེས་པ་ནི་གསུམ་ཡན་ཆད་ལ་མང་པོའི་སྒྲ་འཇུག་ཅིང་། འགྲེལ་ཆུང་ལས་སློབ་མ་དང་ཉེ་གནས་མང་དུ་འཆང་ན་ལྟུང་བའོ། །གོང་མ་ནི་སློབ་མ་གཅིག་གཉིས་ཙམ་ལ་བྱའོ་ཞེས་བཤད་དོ། །ལོ་བཅུ་གཉིས་མ་ལོན་པ་བསྙེན་རྫོགས་བྱེད་པ་དང་། ལོ་ཉི་ཤུ་མ་ལོན་པ་བསྙེན་རྫོགས་བྱེད་པ་འདི་གཉིས་འཆད་དོ། །འདི་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པ་དང་། གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར་རྫོགས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་བསྙེན་རྫོགས་མི་རན་པ་ལ་བྱས་པས་གཞན་གྱི་རྒྱུད་ཆུད་ཟོས་པའོ། །གཞུང་གི་དོན་ནི་བུད་མེད་ཁྱིམ་སོ་བཟུང་བ་་་་་་མངལ་དང་བཤོལ་ཟླ་དང་བཅས་ཏེ་ལོ་བཅུ་གཉིས་མ་ལོན་པ་བསྙེན་རྫོགས་བྱེད་ན་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །བུད་མེད་ཁྱིམ་སོ་བཟུང་བ་ལས། གཞན་གཞོན་ནུ་མ་ནི་ལོ་ཉི་ཤུའི་མདུན་རོལ་ཏུ་བསྙེན་པར་རྫོགས་པར་བྱེད་ན་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །ཚིགས་ལས་འདས་པའི་ལྟུང་བ་གཉིས་འཆད་དེ། འདི་ལ་གསུམ་ལས། གླེང་གཞི་ནི་སྦོམ་དགའ་མོས་དགེ་སློབ་མའི་བསླབ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་པ་ལས་སོ། །དགག་བྱ་ནི་དགེ་སློང་མའི་སྡོམ་པ་མི་བརྟན་པར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློབ་མའི་བསླབ་པ་མ་བྱིན་པ་ཁྱིམ་སོ་བཟུང་བ་དང་ཁྱིམ་སོ་མ་བཟུང་བ་གཉིས་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་པ་ལའོ། །ཞེས་སྔ་མར་སྦྱར་ཏེ་མཁན་མོ་ལ་ལྟུང་བྱེད་གཉིས་སོ། །འོ་ན་ཚངས་སྤྱོད་ཉེར་གནས་མ་བྱས་པར་བསྙེན་རྫོགས་བྱེད་ན་ལྟུང་བ་ཅིར་འགྱུར་ཞེས་འདྲི་ན། མདོ་རྩ་འགྲེལ་ནས་གསལ་བར་མ་གསུངས་ཀྱང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ལ། མའི་སོ་སོ་ཐར་པའི་འགྲེལ་པ་ལས་ཀྱང་། ཡང་དགེ་སློང་མ་གང་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ་ཞེས་བཤད་དོ། །ལྟུང་བྱེད་དེ་ནི་མའི་སོ་སོ་ཐར་པ་དང་མདོ་རྩ་འགྲེལ་ལས་ནི་མ་བཤད་དོ། །བསླབ་པ་ལ་མ་བསླབས་པ་བསྙེན་རྫོགས་བྱེད་པ་འདིའི་གླེང་གཞི་ནི་དགེ་སློབ་མའི་བསླབ་པ་ལོ་གཉིས་སུ་མ་སྤྱད་པ་དེ་སྦོམ་དགའ་མོས་བསྙེན་རྫོགས་བྱེད་པ་ལ། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་དགེ་སློང་མའི་སྡོམ་པ་མི་བརྟན་པར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློབ་མའི་སྡོམ་པ་བྱིན་དུ་ཟིན་ཀྱང་། དགེ་སློབ་མའི་བསླབ་པ་དེ་ལ་ལོ་གཉིས་སུ་མ་སྤྱད་པ་ཉིད་བསྙེན་པར་རྫོགས་པར་བྱེད་པ་ལའོ་ཞེས་སྔ་མར་སྦྱར་ཏེ། མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །བསླབ་པ་ལ་བསླབས་པ་བསྙེན་རྫོགས་མི་བྱེད་པ་འདིའི་སྤྱི་དོན་ལ་གླེང་གཞི་ནི་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་ཉེ་གནས་དག་དགེ་སློབ་མའི་བསླབ་པ་ལ་ལོ་གཉིས་སུ་བསླབས་ནས། དེས་དེ་དག་བསྙེན་རྫོགས་མི་བྱེད་པ་ལས་སོ། །དགག་བྱ་ནི་ཆོས་ལ་སེར་སྣར་འགྱུར་བའོ། །གཞུང་གི་དོན་ནི་ལོ་གཉིས་སུ་དགེ་སློབ་མའི་བསླབ་པས་སྤྱད་ཟིན་པ་ཉིད་བསྙེན་པར་རྫོགས་པར་འདོད་པ་དེ་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་མི་བྱེད་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །་་་་་རྐྱེན་མ་ཚང་བའི་ཕྱིར་བསྙེན་རྫོགས་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་ཊཱི་ཀ་ལས་སོ། །ཆོས་འཚོང་བའི་ལྟུང་བྱེད་འདིའི་གླེང་གཞི་ནི་སྦོམ་དགའ་མོ་ལ་དགེ་སློབ་མས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ཞུས་པ་ན། གལ་ཏེ་ཁོ་མོ་ལ་གོས་བྱིན་ན། དེའི་འོག་ཏུ་ཁྱོད་བསྙེན་རྫོགས་བྱའོ་ཞེས་སྨས་པ་ལས་སོ། །དགག་བྱ་ནི་ཆོས་འཚོང་བ་ལས་ལོག་འཚོ་དང་ལྡན་པར་འགྱུར་བའོ། །གཞུང་གི་དོན་ནི། གལ་ཏེ་ཁོ་མོ་ལ་ཁྱོད་བསྙེན་རྫོགས་བྱེད་པའི་བརྔན་པ་གོས་སྦྱིན་པ་་་་་་གོས་ལ་སོགས་པ་སྦྱིན་པ་ལྟ་ན་དེའི་ཕྱིར་ཁྱེད་བསྙེན་རྫོགས་བྱའོ་ཞེས་བསྙེན་རྫོགས་་་་་་སྡོམ་པ་ལེན་འདོད་པ་ལ་་་་་་དེ་སྐད་ཟེར་བ་ལས་་་་་་ཕ་རོལ་པོ་དེས་དོན་གོ་ན་ལྟུང་བྱེད་དུ་འགྱུར་བའོ། །ཊཱི་ཀ་ལས་འདིར་གོས་སྨོས་པ་ནི་མཆོག་ཏུ་གྱུར་པ་རིན་པོ་ཆེ་དང་། ཐ་མར་གྱུར་པ་ཐ་ན་རྐང་པ་མཉེ་བ་ལ་སོགས་པའི་དཔེ་ཡིན་ཏེ། དེ་དག་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་ཞེས་སོ། །་་་་་སྡོམ་པ་གཞན་བླང་བའི་ཕྱིར་དེ་སྐད་ཟེར་བ་དང་ཀློག་ཏུ་གཞུག་པའི་ཕྱིར་དེ་སྐད་ཟེར་བ་ལ་ནི་ཉེས་བྱས་སོ་ཞེས་ཊཱི་ཀ་ལས་སོ། །འདྲིད་པའི་ལྟུང་བྱེད་འདིའི་གླེང་གཞི་ནི་གོའུ་ཏ་མ་སྐེམ་མོ་ལ་བུད་མེད་གཅིག་གིས་བདག་རབ་ཏུ་འབྱུང་འཚལ་ལོ་ཞེས་ཟེར་བ་ན། ཁྱོད་ཀྱིས་ཁྱིམ་རྒྱས་པར་བྱ་བ་སྤོངས་དང་དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བ་དཀའ་བར་མི་འགྱུར་རོ་ཞེས་སྨྲས་པ་དང་། དེས་དེ་སྤངས་ཏེ་འོངས་པ་ན་དེས་དེ་རབ་ཏུ་མ་ཕྱུང་བ་ལས་བདག་ནི་ཁྱིམ་ན་གནས་པ་ཡང་མ་ཡིན་ལ། རབ་ཏུ་བྱུང་བ་ཡང་མ་ཡིན་ནོ་ཞེས་ཁ་ཟེར་བའི་སྐབས་ལས་སོ། །དགག་བྱ་ནི་འདྲིད་པ་སྟེ་གཞན་ལ་གནོད་པའོ། །གཞུང་གི་དོན་ནི། ཊཱི་ཀ་ལས་ཁྱོད་རབ་ཏུ་བྱུང་བར་འགྱུར་བ་མི་དཀའ་འོ་ཞེས་་་་་་རབ་ཏུ་བྱུང་བར་འདོད་པའི་བསམ་པ་སྐྱེ་བ་དང་མཐུན་པའི་ཚིག་ཁྱིམ་པ་མོ་ལ་བསྟན་པས་ཁྱིམ་རྒྱས་པར་བྱ་བ་སྟེ་ཁྱིམ་ན་གནས་པ་ལ་དགོས་པའི་ཡོ་བྱད་རྣམས་སྤོང་དུ་བཅུག་ནས་རབ་ཏུ་མི་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །་་་་་ཊཱི་ཀར་གཞན་གྱིས་འདྲིད་པ་ལ་ནི་ཉེས་བྱས་སོ་ཞེས་སོ། །འཁོར་མང་པོ་གསོག་པ་འདིའི་གླེང་གཞི་ནི་སྦོམ་དགའ་མོས་རེ་རེ་ཞིང་ལོ་རབ་ཏུ་བྱུང་ནས། དེ་དག་ལ་འབོད་པའི་ཚེ། ལོ་གཅིག་པ་ལོ་གཉིས་པ་ལོ་ལྔ་པ་ཞེས་འབོད་པ་དང་། གཞན་གྱིས་སྨྲས་པ། ཅི་ཁྱོད་ཀྱིས་འདི་རྣམས་ཀྱི་མིང་མི་ཤེས་སམ་ཞེས་ཟེར་བ་ན། འདི་སྙེད་ཀྱི་མིང་སུས་ཤེས་པར་འགྱུར་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་མང་པོ་མི་སྐྱོང་བས་སྡོམ་པ་ཉམས་པའི་རྒྱུར་འགྱུར་བའོ། །གཞུང་གི་དོན་ནི་མཁན་མོ་གང་ཞིག་གིས་ལོ་གང་ལ་རབ་ཏུ་ཕྱུང་བའི་ལོ་དེ་ཉིད་ལ་་་་་་སྔར་རབ་ཏུ་བྱུང་ཟིན་པ་དེ་ལས་གཞན་རབ་ཏུ་འབྱིན་ནམ་ལོ་དེའི་རྗེས་སུ་ཕྱི་དེ་ལོ་ལ་གཞན་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །ལོའི་རྗེས་སུ་ལོ་གཉིས་པ་ལ་རབ་ཏུ་འབྱིན་པ་ལ་ཡང་ལྟུང་བྱེད་དུ་འགྱུར་ན། ལོ་དེ་ཉིད་ལྟ་ཅི་སྨོས་པའོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་ལོ་གསུམ་པ་ལ་སོགས་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་སོ། །མ་གནང་བ་སྡུད་པ་འདིའི་གླེང་གཞི་ནི་བུད་མེད་གཅིག་ཁྱིམ་ཐབས་དང་རྩོད་ཅིང་འདུག་པ་ན། སྦོམ་དགའ་མོས་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་སྨྲས་ཏེ། དེས་དེ་རབ་ཏུ་ཕྱུང་བ་དང་ཁྱིམ་བདག་དེ་ཁ་ཟེར་བ་ལས་སོ། །དགག་བྱ་ནི་དེའི་ཁྱིམ་ཐབས་ལ་གནོད་པར་འགྱུར་བའོ། །གཞུང་གི་དོན་ནི། བུད་མེད་བདག་པོས་མ་གནང་བ་སྟེ་ཆུང་མ་རབ་ཏུ་འབྱུང་དུ་ཁྱིམ་ཐབ་ཀྱིས་མ་གནང་བ་ཉིད་རབ་ཏུ་འབྱིན་པ་ལ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །་་་་་འགྲེལ་ཆུང་ལས་བུད་མེད་ཁྱིམ་ཐབ་མེད་པ་ཕ་མས་མ་གནང་བ་རབ་ཏུ་ཕྱུང་ན་ལྟུང་བྱེད་དོ་ཞེས་བཤད་ཀྱང་རང་གི་རྣམ་བཤད་དང་ཊཱི་ཀ་ལས། བདག་པོ་ལ་ནི་ཇི་ལྟར་ཆུང་མ་རབ་ཏུ་ཕྱུང་ན་གཏན་བྲལ་དུ་འགྲོ་བས་གནོད་པར་འགྱུར་བ་དེ་ལྟ་བུ་ལ་སོགས་པ་རབ་ཏུ་བྱུང་ན་གཏན་བྲལ་དུ་འགྲོ་བ་ཙམ་དུ་གནོད་པར་མི་འགྱུར་བས་ཞེས་གསུངས་སོ། །དེས་ན་ཕ་མས་མ་གནང་བ་རབ་ཏུ་ཕྱུང་ན་ཉེས་བྱས་སོ། །སྐྱོན་ཅན་སྡུད་པའི་ལྟུང་བྱེད་བཞིའི་གླེང་གཞི་ནི་སྦོམ་དགའ་མོས་སྨད་འཚོང་མ་རབ་ཏུ་ཕྱུང་བ་དང་། དེས་བུད་མེད་སྦྲུམ་མ་རབ་ཏུ་ཕྱུང་བ་དང་། དེས་བུད་མེད་མྱ་ངན་གྱིས་གདུངས་པ་རབ་ཏུ་ཕྱུང་བ་དང་། བུད་མེད་ཤིན་ཏུ་གཏུམ་མོ་འཐབ་ཀྲོལ་ཅན་རབ་ཏུ་ཕྱུང་བ་ལས་བཅས་སོ། །དགག་བྱ་ནི་འཁྲུལ་པ་མོ་དེ་ཉིད་དང་གཞན་གྱི་སྡོམ་པ་ཉམས་པར་བྱེད་ཅིང་གཞན་རྣམས་མ་དད་པར་འགྱུར་བ་དང་། རབ་བྱུང་སྦྲུམ་མ་ཧ་ཅང་མི་རིགས་སོ། །ཞེས་འཕྱ་བའི་གནས་སུ་འགྱུར་བ་དང་། མྱ་ངན་སངས་པ་ན་སྡོམ་པ་མི་བརྟན་པས་བསྟན་པ་ལ་རྨ་འབྱིན་པར་འགྱུར་བ་དང་། འཐབ་རྩོད་འཕེལ་བས་རབ་བྱུང་མོ་རྣམས་ལ་གནོད་པར་འགྱུར་བའོ། །གཞུང་གི་དོན་ནི། འཁྲུལ་བ་མོ་དང་སྦྲུམ་མ་དང་བུད་མེད་མྱ་ངན་གྱིས་གཟིར་བ་དང་ཙབ་ཀྲོལ་ཅན་རབ་ཏུ་འབྱིན་པ་ལ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་རེ་རེ་ནས་སྔ་མར་སྦྱར་རོ། །འཁྲུལ་པ་མོ་ཞེས་པའི་ལུང་རྣམ་འབྱེད་ལས་སྨད་འཚོང་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ནི་མཚོན་པ་ཙམ་སྟེ་སྨད་འཚོང་ཡིན་ཡང་རུང་མ་ཡིན་ཡང་རུང་སྟེ། སྨད་འཚོང་མ་ནི་མ་ཡིན་ཡང་ཐམས་ཅད་ཀྱི་འཁྲུལ་བ་མོར་སྤྱོད་པ། སྲས་མོ་ལྷ་ལྟོས་ལྟ་བུ་འདོམས་པ་ལྟ་བུའོ།་་་་་།མའི་སོ་སོ་ཐར་པ་ལས་བུད་མེད་འཁྲུལ་མོ་ཞེས་སྤྱིར་གསུངས་ལ། དེའི་འགྲེལ་བ་ལས་བུད་མེད་འཕྱོན་མ་རབ་ཏུ་ཕྱུང་ན་ལྟུང་བྱེད་དོ་ཞེས་བཤད་དོ། །ཙབ་ཀྲོལ་ཅན་ནི་མའི་རྣམ་འབྱེད་ལས་བུད་མེད་གཏུམ་མོ་ཁྲོ་བ་འཐབ་ཀྲོལ་ཅན་ནོ་ཞེས་སོ། །ཊཱི་ཀ་ལས་ཙབ་ཀྲོལ་ཅན་་་་་་ཊཱི་ཀར་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་བ་མ་ཟད་ཀྱི་ནི་བསྙེན་པར་རྫོགས་པར་བྱེད་པ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །་་་་་བུད་མེད་ཙབ་ཀྲོལ་ཅན་བསྟན་པ་ལ་བཞུགས་པ་ནི་ཤིན་ཏུ་ཚ་ལ་མ་ཡིན་པའི་ཕྱིར་ཞེས་ཊཱི་ཀ་ལས་སོ། །སྦྲུམ་མ་བསྙེན་པར་རྫོགས་པར་བྱེད་པ་ནི་ཉེས་བྱས་སོ་ཞེས་གསུངས་པས། འཁྲུལ་པ་མོ་དང་མྱ་ངན་གཟིར་བ་བསྙེན་རྫོགས་བྱེད་ན་ཡང་ཉེས་བྱས་སུ་སྦྱར་རོ། །ཡལ་བར་འདོར་བའི་ལྟུང་བྱེད་བཞིའི་གླེང་གཞི་ནི་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས། དེ་དག་ལ་གདམས་ངག་མི་འབོགས་ཕན་མི་འདོགས་པ་ལས་ནི་དང་པོ་བཅས་སོ། །སྦོམ་དགའ་མོས་ཁྱིམ་ཐབས་བྱེས་སུ་སོང་བའི་ཆུང་མ་རབ་ཏུ་ཕྱུང་བ་ལས། དུས་ཕྱིས་ཁྱིམ་ཐབས་དེ་འོང་པར་ཐོས་ནས་བདག་ཕྱོགས་གཞན་ཞིག་ཏུ་བཀར་དུ་གསོལ་ཞེས་སྨྲས་ཀྱང་། དེས་དེ་མ་བཀར་བ་དང་། ཁྱིམ་ཐབས་དེས་དེ་བཟུང་བ་ལས་གཉིས་པ་བཅས་སོ། །སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་དེ་དག་ལ་བསླབ་པ་རྣམས་སློབ་པར་མི་བྱེད་པ་ལས་གསུམ་པ་བཅས་སོ། །སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་ཉེ་གནས་དག་ཉེ་བར་བཞག་ནས་ན་བ་ལ་ནད་གཡོག་མི་བྱེད་པ་ལས་དེ་དག་མགོན་མེད་པས་སྡུག་བསྔལ་བར་གྱུར་པ་ལས་བཞི་པ་བཅས་སོ། །འདི་རྣམས་ཀྱི་དགག་བྱ་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ལ་གནོད་པར་འགྱུར་བའོ། །གཞུང་གི་དོན་ནི། རང་གིས་རབ་ཏུ་བྱུང་བ་དང་བསྙེན་རྫོགས་བྱས་པ་དག་ལ། ཆོས་སམ་ཟང་ཟིང་གིས་ཕན་འདོགས་དགོས་པའི་དུས་ལ་བབ་ཅིང་། རང་ལ་ནུས་པ་ཡོད་བཞིན་དུ་ཆོས་སམ། ཟང་ཟིང་གིས་ཕན་མི་འདོགས་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །འདིར་བླ་མ་རྣམས་ནི་གདམས་ངག་དང་རྗེས་སུ་བསྟན་པས་ཕན་མི་འདོགས་པ་དེས་གཟུང་དུ་འཆད་ཀྱང་དེར་མ་ཟད་དེ་་་་་་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས་ཕན་མི་འདོགས་ན་ཞེས་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་དང་སྐ་རགས་དང་ལུང་དབོག་པ་དང་ཀློག་པ་དང་རྣལ་འབྱོར་ཡིད་ལ་བྱེད་པས་སོ་ཞེས་གསུངས་སོ། །རང་གིས་དབྱུང་རྫོགས་བྱས་པའི་སློབ་མ་དེ་་་་་་ཉེ་དུས་རབ་བྱུང་ལས་འབེབས་འདོད་པ་ལ་སོགས་པ་བར་ཆད་དུ་འགྱུར་བ་མཐོང་ན་་་་་་བར་ཆད་མེ་ད་པའི་གནས་སུ་མི་འདྲེན་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །རང་གིས་བསྙེན་རྫོགས་བྱས་པའི་སློབ་མ་་་་་་དགེ་སློང་མའི་བསླབ་པའི་ཁྲིམས་རྣམས་ལ་མི་སློབ་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །རང་གིས་དབྱུང་རྫོགས་བྱས་པའི་སློབ་མ་་་་་་ནད་པ་དག་ལ་ནད་གཡོག་མི་བྱེད་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །སློབ་མ་ན་བའི་ནད་གཡོག་མི་བྱེད་ན་ནི་་་་་་མཁན་མོ་ལ་ལྟུང་བྱེད་དུ་གྱུར་པར་མ་ཟད་ཀྱི་གནས་ཀྱི་སློབ་དཔོན་མ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །་་་་་ཉེ་གནས་དང་བཅས་པ་གནས་ཀྱི་སློབ་དཔོན་མས་ཀྱང་ངོ་སྟེ། ནད་གཡོག་མི་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །འདོད་པ་བསྟེན་པའི་ལྟུང་བྱེད་འདིའི་གླེང་གཞི་ནི། སྦོམ་དགའ་མོས་ཁྱིམ་ཐབས་བྱེས་སུ་སོང་བའི་ཆུང་མ་ལ་དྲིས་པ། ཁྱོད་དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན་མོངས་པ་་་་་་མངོན་གྱུར་སེལ་བར་བྱེད། རྒྱ་སྐྱེགས་ཀྱི་ཆང་བུ་བཅངས་པ་ལས་སོ། །དེ་ནས་སྦོམ་དགའ་མོས་རྒྱ་སྐྱེགས་ཀྱི་ཚིགས་མ་མཁན་ལ། རྒྱ་སྐྱེགས་ཀྱི་ཆང་བུ་ཉོས་ཏེ་ཉོན་མོངས་བསེལ་བར་བྱེད་པ་ལས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བའོ། །གཞུང་གི་དོན་ནི། དགེ་སློང་མ་རང་གིས་རང་གི་བསྟེན་བྱའི་ནང་དུ་ཊཱི་ཀ་ལས་་་་་་སོར་གཉིས་ལས་འདས་པར་རྒྱ་སྐྱེགས་ཀྱི་ཆང་བུ་འཛུད་པ་ལ་ལྟུང་བྱེད་དུ་འགྱུར་ཏེ། ཆང་བུ་འཛུད་པ་འདི་ལ་ཊཱི་ཀ་ལས་ཁུ་བ་འབྱིན་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །་་་་་དེ་ཡང་རང་གི་རྣམ་བཤད་ལས་རྒྱ་སྐྱེགས་ཀྱི་ཆང་བུ་བཅུག་པ་ཙམ་ལ་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །ཁུ་བ་བྱུང་བའི་མཐར་ཡང་ལྟུང་བྱེད་ཁོ་ནར་ཤེས་པར་བྱའོ་ཞེས་གསུངས་སོ། །ཊཱི་ཀ་ལས་རང་གི་འཛུད་པ་ལས་བྱའི། གཞན་འཛུད་དུ་བཅུག་པ་ལ་ནི་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པོར་འགྱུར་རོ། །རྒྱ་སྐྱེགས་ཀྱི་ཆང་བུ་ཞེས་སྨོས་པ་ནི་རྫས་འཇམ་པོ་ཧ་ཅང་མི་འཕྲ་བ་གཞན་དག་གི་དཔེ་ཡིན་ནོ་ཞེས་བཤད་དོ། །མདོ་རྩ་འགྲེལ་ལྟར་ན་རྒྱུན་ལས་བཟློག་ཕྱོགས་སུ་བརྩལ་ན་བསླབ་བྱ་ལས་འདས་པའི་ཉེས་བྱས་སོ། །འདི་ལ་ལུང་ཕྲན་ཚེགས་དང་དེའི་འགྲེལ་པ་ལས་ནི་སྦོམ་པོར་གསུངས་ཏེ།་་་་་ལུང་ལས་དགེ་སློང་མས་ཆུའི་རྒྱུན་ལས་བཟློག་ཕྱོགས་སུ་འདུག་སྟེ་རེག་པས་དགའ་བར་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དེའི་འགྲེལ་བ་ལས་ཀྱང་རེག་པ་བདག་གིར་བྱེད་པ་དེ། མི་ཚངས་པར་སྤྱད་པའི་ཕམ་པ་སྤྱོད་པར་འགྱུར་བའི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བཤད་དོ། །སྦོམ་པོ་བཏགས་པ་བར་དགོངས་སོ། །འདོད་པ་བསྟེན་པ་ལྟར་བཅོས་པ་འདིའི་གླེང་གཞི་ནི་སྦོམ་དགའ་མོས་གསང་གནས་སུ་ལག་པ་བཅུག་ནས་ཉོན་མོངས་པ་ཞི་བར་གྱུར་གྱི་བར་དུ་བཀྲུས་པས་དེའི་གསང་གནས་སྐྲངས་པར་གྱུར་་་་་་ཏེ་པུ་ཤེལ་ཙི་དང་ཙན་དན་ལ་སོགས་པའི་བྱུག་པ་ཉེ་གནས་རྣམས་ལ་བླངས་པ་ལས་སོ། །དགག་བྱ་ནི་སྔ་མ་དང་འདྲའོ། །གཞུང་གི་དོན་ནི། དགེ་སློང་མས་རང་གི་སོར་མོའི་ཚིགས་གཉིས་ལས་ལྷག་པས་རང་གི་མོ་མཚན་གྱི་ནང་འཁྲུ་བ་ལ་ལྟུང་བྱེད་དུ་འགྱུར་བའོ། །་་་་་དྲི་ངན་པ་འཁྲུ་བའི་ཕྱིར་སོར་གཉིས་ཙམ་གཞུག་པ་གནང་བར་ལུང་དང་རང་འགྲེལ་དང་ཊཱི་ཀ་ལས་བཤད་པ་དང་། ཚིགས་གཉིས་འདས་ན་ཉེས་བྱས་ཞེས་མའི་སོ་སོ་ཐར་འགྲེལ་ལས་བཤད་པ་མི་འགལ་ཏེ། ཆགས་སེམས་ཡོད་པ་དང་མེད་པའི་ཁྱད་པར་རོ། །འདོད་པ་བསྟེན་པ་ལྟར་གནོད་པ་འདིའི་གླེང་གཞི་ནི་སྦོམ་དགའ་མོས་ཉོན་མོངས་པས་ཉེན་ནས་འདོད་ཆགས་ཞི་བར་གྱུར་གྱི་བར་དུ་གསང་བའི་ཕྱོགས་སུ་ཐལ་མོ་བསྣུན་པས་ཅི་ཙམ་ན་སྐྲངས་པར་གྱུར་ཏེ། ན་ནས་ངུ་བར་བྱེད་པ་ལས་སོ། །དགག་བྱ་ནི་ཆགས་པ་འཕེལ་བ་དང་རང་ལ་གནོད་པའོ། །གཞུང་གི་དོན་ནི། དགེ་སློང་མས་རང་གི་མོ་མཚན་་་་་་དེ་ལ་ལག་མཐིལ་གྱི་ཐལ་ལྕག་་་་་་ཆགས་སེམས་ཀྱིས་ཀྱང་རུང་ཆགས་པར་མ་གྱུར་པས་ཀྱང་རུང་སྟེ། ཞེས་ཊཱི་ཀ་ལས་བཤད་དོ། །བསྣུན་པ་ལས་ཞེས་སོ། །བསྟེན་པར་བྱ་བ་འཆོས་པ་འདིའི་གླེང་གཞི་ནི། སྦོམ་དགའ་མོས་འདོམས་ཀྱི་སྤུའི་ལས་བྱས་པ་་་་་་ནི་སྤུ་སྒྲེལ་བ་ཡིན་པར་ཤ་མི་ཡར་སྟོད་པ་གསུང་ཡང་། ལུང་རྣམ་འབྱེད་ལས་སྤུའི་ལས་བྱེད་པ་ཞེས་བྱ་བ་ནི་རྨོངས་འདྲེག་ནས་སོ་ཞེས་གསུངས་སོ། །དེ་བུད་མེད་རྣམས་ལ་བསྟན་ཏེ། ཏིལ་འབྲུས་ཁྲ་བོར་བྱས་པ་སྤེན་རྩེ་ལྟར་འདུག་པ་ལ་བལྟོས། ཞེས་སྨྲས་པ་དང་། འདི་ནི་རབ་ཏུ་བྱུང་བ་དང་འཚམ་པ་མ་ལགས་སོ་ཞེས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་ཆགས་པ་འཕེལ་བའོ། །གཞུང་གི་དོན་ནི་་་་་་དགེ་སློང་མས་རང་གི་མོ་མཚན་དེ་ལ་སྤུ་འཐོག་པར་བྱེད་དམ་བྱེད་དུ་འཇུག་པ་ལའོ་་་་་་ཕལ་ཆེར་བཏོགས་པར་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །ད་ནི་རིག་བྱ་མ་ཡིན་པ་དང་བསྟེན་པའི་ལྟུང་བྱེད་བཅུ་གཅིག་ལས། འགྲེང་བའི་ལྟུང་བྱེད་བཞི་འཆད་དེ། ཁྱིམ་པ་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བའི་གླེང་གཞི་ནི། སྦོམ་དགའ་མོས་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་གཏམ་བྱེད་པ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཉིན་མོ་བརྡ་བྱས་ནས་མཚན་མོ་ཉེས་པར་སྤྱོད་པར་འགྱུར་རོ་ཞེས་ཟེར་བ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མ་གཅིག་པུ་ཁྱིམ་པ་་་་་་འཁྲིག་པ་བསྟེན་པའི་མཐུ་མེད་པའོ། དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདོམ་གང་གི་ནང་ཚུན་ཆད་དུ་ཁྲིམས་གྲོགས་མེད་པར་འགྲེང་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བའི་གླེང་གཞི་ནི་སྦེད་མས་འཆར་ཀ་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་དང་ངོ་ཞེས་པ་དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་སྔ་མར་སྦྱར་རོ། །ཁྱིམ་པ་དང་བླ་གབ་མེད་པ་ན་འགྲེང་བའི་གླེང་གཞི་ནི་སྦོམ་དགའ་མོས་སྐྱེས་པ་ཞིག་དང་ལྷན་ཅིག་བླ་གབ་མེད་པ་ན་འགྲེང་པ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །གཞུང་གི་དོན་ནི་བླ་གབ་མེད་པ་སྟེ་སྟེང་གཡོགས་མེད་པ་ན་སྔ་མ་ཁྱིམ་པ་དང་ལྷན་ཅིག་དགེ་སློང་མས་འགྲེང་བ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་་་་་་འདོམ་གང་དང་ཁྲིམས་གྲོགས་མེད་པ་ལ་སོགས་པ་སྔ་མར་སྦྱར་རོ། །བླ་གབ་མེད་པ་ནི་མཚོན་པ་ཙམ་སྟེ་་་་་་རྩིག་པ་དང་ཡོལ་བ་ལ་སོགས་པའི་སྐྱབས་མེད་པ་ནའོ། །དགེ་སློང་མའི་རྣམ་འབྱེད་ལས་བླ་གབ་མེད་པ་ཞེས་བྱ་བ་ནི་ཐང་ལའོ་ཞེས་གསུངས་ཤིང་། ཊཱི་ཀ་ལས་བླ་གབ་མེད་པ་ཞེས་བྱ་བ་བར་ཆད་མེད་པའི་ཕྱོགས་ན་ཞེས་བཤད་དོ། །དགེ་སློང་དང་བླ་གབ་མེད་པ་ན་འགྲེང་བའི་གླེང་གཞི་ནི་སྦེད་མས་འཆར་ཀ་དང་ལྷན་ཅིག་དབེན་པ་བླ་གབ་མེད་པ་ན་འགྲེང་བ་ལས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གཞུང་གི་དོན་ནི། ཕྱི་མ་དང་ངོ་ཞེས་པ་སྟེ། ཕྱི་མ་དགེ་སློང་དང་ལྷན་ཅིག་བླ་གབ་མེད་པ་ན་དགེ་སློང་མས་འགྲེང་བ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་སྔ་མར་སྦྱར་རོ། །འགྲེང་བའི་ལྟུང་བྱེད་བཞི་པོ་བཤད་ཟིན་ཏོ། །འོ་ན་དགེ་སློང་མས་སྐྱེས་པ་དང་དབེན་པ་ན་འདུག་པ་ལ་ཅིར་འགྱུར་ཞེ་ན། འདུག་པའི་ལྟུང་བྱེད་འདི་དག་ནི་མའི་སོ་སོ་ཐར་པ་དང་མདོ་རྩ་བ་ལས་དངོས་སུ་མ་གསུངས་ཀྱང་། རང་གི་རྣམ་བཤད་དང་ཊཱི་ཀ་ལས་་་་་་འགྲེང་བའི་ལྟུང་བྱེད་བཞི་པོ་ཡུལ་དེ་དག་ལ་ནི་འདུག་པ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་ཏེ། འགྲེང་བ་བས་ཀྱང་འདུག་པའི་་་་་་ཚུལ་དེ་དག་ནི་ཆེས་ལྕི་བ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །དེ་དག་ནི་ལུང་ཞུ་བ་ལས་དངོས་སུ་ཡང་གསུངས་ཏེ། དབེན་པ་ན་འདུག་པའི་ལྟུང་བྱེད་ཀྱི་སྐབས་ཀྱི་ལུང་ཞུ་བ་ལས། དགེ་སློང་མས་སྐྱེས་པ་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་་་་་་ཏེ་སྐྱབས་ཡོད་པ་ན་མཆིས་་་་་་ཏེ་འདུག་ན་ཅིར་འགྱུར། ལྟུང་བྱེད་ཅེས་གསུངས་ལ། ལུང་དགེ་སློང་མའི་རྣམ་འབྱེད་ལས། དགེ་སློང་མ་གང་གཅིག་པུ་སྐྱེས་པ་གཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ན་ལྟུང་བྱེད་དོ། །དགེ་སློང་མ་གང་གཅིག་པུ་དགེ་སློང་གཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ། །དགེ་སློང་མ་གང་གཅིག་པུ་སྐྱེས་པ་དང་ལྷན་ཅིག་བླ་གབ་མེད་པ་དབེན་པར་འདུག་ན་ལྟུང་བྱེད་དོ། །དགེ་སློང་མ་གཅིག་པུ་དགེ་སློང་གཅིག་དང་ལྷན་ཅིག་བླ་གབ་མེད་པ་དབེན་པར་འདུག་ན་ལྟུང་བྱེད་དོ་ཞེས་འདུག་པའི་ལྟུང་བྱེད་བཞི་པོ་གླེང་གཞི་དང་བཅས་པར་གསུངས་སོ། །བཤུབ་ཅིང་སྨྲ་བ་ལས་གྱུར་པའི་ལྟུང་བྱེད་བཞི་འཆད་དེ། འདི་རྣམས་ཀྱི་གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་པའི་རྣ་བར་བཤུབ་ཅིང་སྨྲ་བ་དང་། ཁྱིམ་པས་བཤུབ་ཅིང་སྨྲ་བ་དེ་དགེ་སློང་མ་དེས་ཉན་པ་དང་། སྦེད་མས་འཆར་ཀའི་རྣ་བར་བཤུབ་ཅིང་སྨྲ་བ་དང་། འཆར་ཀས་བཤུབ་ཅིང་སྨྲ་བ་དེ་སྦེད་མས་ཉན་པ་ལས་བཅས་སོ། །དགག་བྱ་དེ་སྔ་མ་གཉིས་ཀྱི་དགག་བྱ་ཆགས་པའི་རྒྱུར་འགྱུར་བ་དང་། ཕྱི་མ་གཉིས་ཀྱི་དགག་བྱ་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་ཁྱིམ་པའི་རྣར་མ་རེག་ཙམ་དུ་རྣ་དྲུང་དུ་བསྙེན་ཏེ་བཤུབ་ཅིང་སྨྲ་བ་ལ་ལྟུང་བྱེད་དུ་འགྱུར་་་་་་དོན་དང་བཅས་པ་དང་དོན་མེད་པའི་ཚིག་གང་སྨྲས་ཀྱང་ལྟུང་བྱེད་དུ་འགྱུར་ཏེ། གློ་ནས་རྣ་བར་བཤུབ་ཅིང་སྨྲ་ན་ཉན་པ་པོའི་དཔུང་མགོའི་ཕྱི་རོལ་གྱི་མཐའ་ལས། སྨྲ་བ་པོའི་ཁའི་སྒོ་འདས་ཏེ་སྨྲ་ན་ལྟུང་བྱེད་དུ་འགྱུར་རོ། །མདུན་རོལ་ནས་བཤུབ་ཅིང་སྨྲ་ན་ཉན་པ་པོའི་སྙིང་ཁའི་རུས་པ་ལས་འདས་ནའོ། །རྒྱབ་ངོས་ནས་བཤུབ་ཅིང་སྨྲ་ན་མཆན་ཁུང་གི་ཐད་ཀ་ནས་ཕྲག་པའི་ཕྱོགས་སུ་འདས་ཏེ་སྨྲ་ན་ལྟུང་བྱེད་དུ་འགྱུར་ཏེ། དེ་རྣམས་ཐམས་ཅད་ཊཱི་ཀ་ལས་བཤད་དོ། །རོ། །ཁྱིམ་པས་བཤུབ་ཅིང་སྨྲ་བ་དེ་ལས་དགེ་སློང་མ་དེས་ཚིག་དེ་ཉན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིའོ་ཞེས་པ་དགེ་སློང་གི་རྣ་བར་དགེ་སློང་མས་བཤུབ་ཅིང་སྨྲ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དེ་ལས་ཀྱང་ངོ་སྟེ་དགེ་སློང་གིས་བཤུབ་ཅིང་སྨྲ་བ་དེ་ལས་ཀྱང་དགེ་སློང་མ་དེས་ཚིག་དེ་ཉན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རིག་པ་ལེན་ཀློག་གི་ལྟུང་བྱེད་གཉིས་ལས། ཁྱིམ་པ་ལས་རིག་པ་ལེན་པའི་གླེང་གཞི་ནི། སྦོམ་དགའ་མོ་སྐྱེས་པ་ལ་ཆགས་ནས་སྤོས་འཚོང་གི་ཁྱེའུའི་གྲོང་དུ་སོང་སྟེ། བཞིན་བཟང་རིག་པ་ཅུང་ཟད་ཀློག་གམ། ཐོན་ཅིག་དང་བསླབ་པོ་ཞེས་སྨྲས་པ་དང་། ཁྱེའུ་དེས་འདི་སྐད་ཅེས། ས་རི་ཕུ། བི་སི་རི་ཕུ། སི་རི། བི་སི་རི། ཕུ་སྭཱ་ཧཱ། ཞེས་སྨྲས་པ་ན་སྦོམ་དགའ་མོས་འདི་སྐད་ཅེས་ཡང་དང་ཡང་དུ་བརྗོད་ཅིག་ཅེས་སྨྲས་པ་དང་། དེ་ཁྲོས་ནས་མགོ་རེག་མོ་ངན་པ་ཞེས་སྤྱོས་པའི་བྱུང་བ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བ་དང་། རབ་བྱུང་གིས་ཁྱིམ་པ་ལ་ཆོས་མཉན་ནས་ཕྱག་འཚལ་བ་ལ་སོགས་པ་བླ་མ་ལ་མ་གུས་པའི་ཀུན་ཏུ་སྤྱོད་པས་་་་་་ཆོས་ལ་མ་གུས་པའི་རྒྱུར་འགྱུར་བའོ། །གཞུང་གི་དོན་ནི། དགེ་སློང་མས་ཆོས་འཆད་པ་པོ་ཁྱིམ་པ་ལས་རིག་པ་གང་ཡང་རུང་བ་ལེན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་རིག་པ་ནི་ནང་རིག་པས་སོ་ཞེས་གསུངས་སོ། །མའི་སོ་ཐར་འགྲེལ་བ་ལས་ཁྱིམ་པ་ལས་གཙུག་ལག་སློབ་ན་ལྟུང་བྱེད་དོ་ཞེས་སོ། །ཊཱི་ཀ་ལས་རིག་པ་གང་ཡང་རུང་བ་ལེན་པ་ཞེས་བྱ་བ་ནི་ནང་རིག་པ་གང་ཡང་རུང་བ་ཞེས་རིགས་སོ་ཞེས་སོ། །ཁྱིམ་པ་ལས་རིག་པ་ཀློག་པའི་གླེང་གཞི་ནི། སྦོམ་དགའ་མོས་སྐྱེས་པ་ཞིག་རིག་པ་ཀློག་ཏུ་བཅུག་སྟེ། ཀྱེ་ནང་རྗེ། ས་རི་ཕུ། བི་སི་རི་ཕུ། སི་རི་པི་རི་ཕུ་སྭཱ་ཧཱ། ཞེས་ཟུངས་ཞིག་ཅེས་ལན་གསུམ་བཏོན་པ་དང་། མི་དེས་སྨྲས་པ། བདག་གིས་ཀུན་ཆུབ་པར་བཟུང་བ་ལགས་སོ། །སྦོམ་དགའ་མོས་སྨྲས་པ། ཡང་དང་ཡང་དུ་ཟུངས་ཞིག་ཅེས་ཡང་དང་ཡང་དུ་བརྗོད་པ་དང་། མི་དེ་ཁྲོས་ནས་མགོ་རེག་མོ་ངན་པ་ཁྱོད་ཀྱང་མ་མཐོང་ཡང་སླ། རིགས་པ་ཡང་མེད་དུ་ཟད་དོ་ཞེས་ཟེར་བའི་བྱུང་བ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །་་་་་སྟེ་ཆགས་པའི་རྒྱུར་འགྱུར་བ་དང་ཆོས་ལ་མ་གུས་པའི་རྒྱུར་འགྱུར་བ་གཞུང་གི་དོན་ནི་འདིར་ཁ་ཅིག་ན་རེ་འདི་ནི་དགེ་སློང་མས་ཁྱིམ་པ་ལ་སྟོན་པར་བྱེད་པ་སྟེ། ལུང་གི་གླེང་གཞིས་ཤེས་སོ་ཞེས་ཟེར་རོ། །་་་་་ཁྱིམ་པ་ལ་ཆོས་སྟོན་པའི་ལྟུང་བྱེད་དང་ཟློས་པའི་སྐྱོན་འོང་ཞེས་གསུང་ཡང་ཟློས་པར་མི་འགྱུར་ཏེ། དེ་ལ་ནི་ཁྲིམས་གྲོགས་མེད་པ་ཡན་ལག་ཏུ་དགོས་ཤིང་ཚིགས་དྲུག་ལས་ལྷག་པ་ཡན་ལག་ཏུ་དགོས་ལ། འདི་ལ་ནི་དེ་དག་ཡན་ལག་ཏུ་མི་དགོས་པས་སོ། །དེས་ན་ཟློས་སྐྱོན་མི་འོང་ཡང་། །སྐྱོན་གཞན་ཡོད་དེ། རབ་བྱུང་གིས་ཁྱིམ་པ་ལ་ཆོས་ཉན་ན་ཕྱག་འཚལ་བ་ལ་སོགས་པ་བླ་མ་ལ་མ་གུས་པའི་ཀུན་ཏུ་སྤྱོད་པ་རྣམས་མ་གྲུབ་སྟེ། དེ་ལྟར་མདོ་རྩ་ལས་ཁྱིམ་པ་འབྱུང་ཁུངས་སུ་གསུངས་པ་དང་འགལ་ལ། ལུང་གི་གླེང་གཞི་ལས་ཁྱེད་ཟེར་བ་ལྟར་བྱུང་ཡང་། གླེང་གཞི་དང་བཅས་པ་འབྲེལ་བའི་ངེས་པ་མེད་དོ་ཞེས་གསུངས་སོ། །འོ་ན་གང་ཞེ་ན་བླ་མ་རྣམས་ནི་འདི་ལྟར་གསུང་སྟེ། ལས་ཞེས་བྱ་བ་ནི་འབྱུང་ཁུངས་ཀྱི་སྒྲ་ཡིན་་་་་་ཏེ་རི་ལས་གསེར་འབྱུང་ས་བོན་ལས་མྱུ་གུ་འབྱུང་ཞེས་པ་ལྟ་བུ་ཡིན་ལ་ཁྱིམ་པ་དེ་ལས་ཞེས་ཁྱིམ་པ་འབྱུང་ཁུངས་ཀྱི་སྒྲས་བརྗོད་བྱུང་བས་ན། ནང་རིག་པའི་ཚིག་ཀློག་པར་བྱེད་པ་པོ་ཁྱིམ་པ་དེ་ལས་རིག་པ་དེ་ཀློག་པ་ལ་ཉན་པ་པོའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །དེ་ལྟར་ན་སྔ་མ་ནི་ནང་རིག་པའི་དོན་བཤད་པ་ལེན་པ་སྟེ། དགེ་སློང་མས་དོན་གོ་ན་ལྟུང་བྱེད་དོ། །འདི་ནི་ནང་རིག་པའི་ཚིག་ཀློག་པ་ཉན་པ་སྟེ་དགེ་སློང་མས་ཚིག་ཐོས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །རྨ་བཅིངས་པ་འགྲོལ་དུ་འཇུག་པའི་གླེང་གཞི་ནི་གཙུག་དགའ་མོའི་དཔུང་བར་ཕོལ་མིག་བྱུང་ནས། དེ་སྨན་པ་ལ་འཆིང་དུ་བཅུག་ནས་བཅིངས་ཟིན་པ་དང་ཧ་ཅང་དམ་ཆེས་སོ་ཞེས་སྨྲས་སོ། །ལྷོད་པར་བྱས་པ་ལ་ཧ་ཅང་ལྷོད་ཆེས་སོ། །ཞེས་ཏེ་ལྟར་འཆིང་དུ་བཅུག་ཅིང་འགྲོལ་དུ་བཅུག་སྟེ། ཆགས་སེམས་ཀྱིས་ཡང་དང་ཡང་དུ་དེ་ལྟར་བྱས་པ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མས་སེམས་ཉོན་མོངས་པ་ཅན་གྱི་རྒྱུ་ཐབས་ཀྱི་་་་་་རང་གི་ལག་པ་སོགས་པའི་ནི་རྨ་བཅིངས་ཤིང་སྐྱེས་པ་་་་་་འཁྲིད་པ་བསྟེན་པའི་མཐུ་ཡོད་པའི་ལས་འགྲོལ་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །བུ་འཚོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་ཁྱིམ་བདག་གི་ཆུང་མ་ལ་བུ་བཙས་པ་ན། སྦོམ་དགའ་མོས་ཁྱེའུ་དེ་བླངས་ཏེ་ཆུ་དྲོན་གྱིས་བཀྲུས། མིག་ཏུ་མིག་སྨན་བླུགས། ས་ཞག་གིས་ཐིག་ལེ་བྲིས།་་་་་གནོད་པ་བསྲུང་བའི་ཕྱིར་སྒོའི་ས་ལས་དཔྲལ་བར་ཐིག་ལེ་གསུམ་བྱས་ཞེས་མའི་སོ་ཐར་འགྲེལ་བ་ལས་བཤད་དོ། །མི་མ་ཡིན་གྱི་གནོད་པ་བསྲུང་བའི་ཕྱིར་རོ། །སྦྲང་རྩི་དང་མར་གྱིས་བསྙོད་པ་ལས་སོ། །དགག་བྱ་ནི་བྱིས་པ་ལ་སྲེད་པའི་ཉོན་མོངས་པ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མས་རང་གི་བུ་ཆུང་ངུ་ལས་གཞན་པའི་བུ་འཚོ་བ་སྟེ། ཁྱེའུ་དང་མ་ནིང་དང་བུ་མོ་དག་འཚོ་ཞིང་རྩེ་བ་ལ་སོགས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་སྦེད་མས་གཞོན་ནུ་འོད་སྲུངས་ལྟ་བུ་རང་གི་བུ་ཆུང་ངུ་འཚོ་བ་ལ་ཉེས་པ་མེད་དོ།་་་་་།ཁྱིམ་བདག་ལ་མ་དྲིས་པར་ཁམ་གཞན་དུ་མཚན་འདའ་བའི་གླེང་གཞི་ནི་དགེ་སློང་མ་རབ་ཏུ་མང་པོ་ལྗོངས་རྒྱུ་ཞིང་འདོང་པ་ན། ཐ་ག་པའི་ཁྱིམ་དུ་ནུབ་མོ་བྲང་བཏབ་སྟེ་འདུག་གོ །དེའི་འོག་ཏུ་མུན་སྲོས་པ་དང་ཁྱིམ་བདག་དེ་འོངས་ནས། དེས་དགེ་སློང་མ་དེ་དག་མ་མཐོང་མ་ཐོས་པར། དེས་ཆུང་མ་དང་ཀུན་ཏུ་སྤྱོད་པ་དེ་དགེ་སློང་མ་གཞོན་ནུ་ཞིག་གིས་ཚོར་ནས་གད་མོ་བགད་པ་དང་། ཁྱིམ་བདག་དེ་ཁྲོས་ཏེ། དགེ་སློང་མ་དེ་དག་ནམ་ཕྱེད་ནས་སྒོར་བཏོན་པ་ལས་སོ། །དགག་བྱ་ནི་གཞན་གྱིས་བསླབ་པ་དང་འབྲལ་བའི་རྒྱུར་འགྱུར་བའོ། །གཞུང་གི་དོན་ནི་་་་་་དགེ་སློང་མས་ཁྱིམ་བདག་ལ་མ་དྲིས་པར་་་་་་རྟ་ཕྱུགས་ཀྱི་ལྷས་མ་མགྲོན་ཁང་ལ་སོགས་པ་ཁྱིམ་གཞན་དུ་མཚན་མོ་འདའ་བར་བྱེད་པ་ལས་སོ་ཞེས་སོ། །མཚན་མོ་མ་བརྟགས་པར་འདའ་བའི་གླེང་གཞི་ནི་དགེ་སློང་མ་རྣམས་ལྗོངས་རྒྱུ་བ་ན་ཁྱིམ་བདག་གཅིག་ལ་གནས་བརྙས་ཏེ་ནུབ་མོ་དེ་ན་འཁོད་པ་ལས། མཚན་མོ་ཆར་བབ་ནས། དེ་དག་ཕུགས་ལོགས་སུ་ཕུར་ཏེ་ཞུགས་པ་དང་། དེ་ན་སྐྱེས་པ་སྔར་ཞུགས་པ་ཞིག་ཡོད་པ་དེས་དགེ་སློང་མ་གཟུང་བ་ན། དེ་དག་གིས་ཁུས་བཏབ་བོ། །དེ་ནས་དགེ་སློང་མ་་་་་་གཞན་རྣམས་ཀྱིས་དེ་ལ་་་་་་ཞུ་བ་གསོལ་བ་བྱས་ཏེ་་་་་་བཟུང་བ་དེ་བཏང་བ་ལས་སོ། །དགག་བྱ་ནི་སྔར་དང་འདྲ་འོ།་་་་་སྟེ་གཞན་གྱིས་བསླབ་པ་དང་འབྲལ་བའི་རྒྱུར་འགྱུར་བ། །གཞུང་གི་དོན་ནི་་་་་་དགེ་སློང་མས་མཚན་མོ་་་་་་གནས་འདིར་སྔར་ནས་སྐྱེས་པ་མ་ཞུགས་སམ་ཞེས་མ་བརྟགས་པར་སྐྱབས་་་་་་མུན་ཁུངས་དང་ནག་ཐིབས་ལ་སོགས་པ་ཡོད་པར་་་་་་མཚན་མོ་འདའ་བར་བྱེད་པ་ལའོ་་་་་་ལྟུང་བྱེད་དུ་འགྱུར་རོ། །ཞེས་སོ། །གནས་ཁང་དུ་མཚན་མོ་འདའ་བའི་གླེང་གཞི་ནི་སྦོམ་དགའ་མོས་སྐྱེས་པ་ལ་བརྡ་བྱས་ཏེ་སྐྱེས་པ་དེ་དབྱར་ཁང་གི་གནས་ཁང་དུ་འོངས་པ་ན། དེ་དགེ་སློང་མ་རྣམས་ཀྱིས་འཕྲིགས་ཏེ་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་སྔར་དང་འདྲའོ། །གཞུང་གི་དོན་ནི་གནས་ཁང་དུ་ཞེས་སྨོས་པ་ནི་མཚོན་པ་ཙམ་སྟེ། ཊཱི་ཀ་ལས་སྟེང་གཡོགས་པའི་ཕྱོགས་གཞན་ཡང་ཁ་ན་མ་ཐོ་བ་འདྲའོ་ཞེས་གསུངས་ཏེ། སྟེང་གཡོགས་དང་བཅས་པའི་གནས་དེར་དགེ་སློང་མ་གཞན་མེད་པར་དགེ་སློང་མ་གཅིག་པུ་མཚན་མོ་འདའ་བར་བྱེད་པ་ལས་ལྟུང་བྱེད་དུ་འགྱུར་རོ། །མལ་ཁྲི་ལ་སོ་སོར་་་་་་ལོངས་སྤྱོད་ཅིང་གནས་པ་བཏང་བའི་གླེང་གཞི་ནི། དགེ་སློང་མ་འཆི་ལྟས་མ་དང་ཉེ་བའི་འཆི་ལྟས་མ་གཉིས་ཁྲི་གཅིག་ལ་ཉལ་ཏེ་སྐྱེས་པ་དང་བུད་མེད་འཁོད་པ་བཞིན་དུ་རྒོད་པ་དང་འཕྱར་གཡེང་དང་ལུས་ཀྱི་ཙབ་ཧྲལ་བྱེད་པ་ལ་དགེ་སློང་མ་རྣམས་འཕྱ་བར་བྱེད་པ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །གཞུང་དོན་ནི། དགེ་སློང་མས་དགེ་སློང་མ་གཞན་དང་ཁྲི་གཅིག་ལ་ལྷན་ཅིག་ཤ་མཐང་རེག་པ་དང་བཅས་ཤིང་མཚན་མོ་ཉལ་བ་ལ་སྐྱ་རེངས་འཆར་བ་ན་ལྟུང་བྱེད་དུ་འགྱུར་རོ། །ཁྲི་གཅིག་ལ་ཉལ་བ་མ་ཡིན་ཡང་སྟན་གདིང་བ་གཅིག་ལ་ཉལ་ན་ཡང་སྟེ། ལུང་རྣམ་འབྱེད་ལས་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་གདིང་བ་གཅིག་ལ་བར་དུ་མ་བཅད་པར་ཉལ་ན་ལྟུང་བྱེད་དོ་ཞེས་ཀྱང་གསུངས་སོ། །བྱི་དོར་ལས་གྱུར་པ་བརྒྱད་ལས་དང་པོ་ལྔའི་གླེང་གཞི་ནི་སྦོམ་དགའ་མོས་རང་གི་ལུས་ཀྱི་དྲིལ་ཕྱི་དགེ་སློང་མ་བྱེད་དུ་བཅུག་པ་དང་། དུར་ཁྲོད་བསྟེན་པ་འདི་དྲིལ་ཕྱི་བྱས་ཏེ་ཅི་བྱ་ཞེས་ཟེར་རོ། །དེས་སྨྲས་པ། པགས་པའི་མདོག་འདི་འཚེར་ཞིང་གསལ་བར་བྱས་པ་དང་། བརྒྱན་པོ་པ་དང་ནལ་ཕྲུག་རྣམས་ཀྱི་སྙིང་འགས་པར་འགྱུར་རོ་ཞེས་སྨྲས་པ་ལས། དགེ་སློང་མ་རང་གི་ལུས་ལ་དགེ་སློང་མ་དྲིལ་ཕྱི་བྱེད་དུ་འཇུག་པ་བཀག་པ་དང་། དེ་ནས་དགེ་སློབ་མ་དང་དགེ་ཚུལ་མ་དང་ཁྱིམ་པ་མོ་དང་། མུ་སྟེགས་མོ་དྲིལ་ཕྱི་བྱེད་དུ་འཇུག་སྟེ། སྔ་མ་སྔ་མ་བཀག་པ་དང་། ཕྱི་མ་ཕྱི་མ་བྱེད་དུ་བཅུག་པ་ལས་སོ། །དགག་བྱ་ནི་བྱ་བ་སོ་སོ་དང་འབྲེལ་ནས་རྒྱགས་པ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མས་རང་གི་ལུས་ལ་འདག་རྫས་ཀྱིས་དྲིལ་ཞིང་ཕྱི་བའི་ལུས་ཀྱི་དྲིལ་ཕྱི་དགེ་སློང་མ་གཞན་བྱེད་དུ་འཇུག་པ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། ཁྱིམ་པ་མོ་དང་མུ་སྟེགས་མོ་བྱེད་དུ་འཇུག་ན་རེ་རེ་ལ་ལྟུང་བྱེད་རེ་རེ་སྟེ་ལྟུང་བྱེད་ལྔའོ། །བཀྲུ་བཤལ་བྱེད་དུ་འཇུག་པའི་གླེང་གཞི་ནི་་་་་་འདི་ནི་ལུང་ན་མི་སྣང་ཡང་མའི་སོ་སོ་ཐར་འགྲེལ་ལས་དགེ་སློང་མ་བཅུ་གཉིས་སྡེ་དེ་དག་གིས་སྨྲས་པ། མར་དང་བག་ཕྱེ་དང་ཏིལ་གྱིས་བསྐུ་བ་ནི་བཅོམ་ལྡན་འདས་ཀྱིས་མ་གནང་བས། ཆུས་དྲག་ཏུ་བསྲུབ་ཅིང་བཀྲུས་ལ་ལུས་འཇམ་ཞིང་དཀར་པར་བྱའོ་ཞེས་ལུས་ལ་ཆུས་བསྲུབ་ཅིང་དྲག་ཏུ་འཁྲུ་བར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མས་རང་གི་ལུས་ལ་ཆུ་འབའ་ཞིག་གིས་དྲི་མ་བཀྲུ་བཤལ་བུད་མེད་གཞན་བྱེད་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རྫས་དྲི་ཞིམ་པོ་བསྐུད་པའི་གླེང་གཞི་ནི་སྦོམ་དགའ་མོས་ལུས་ལ་དྲི་ཞིམ་པོས་བསྐུད་པར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །གཞུང་གི་དོན་ནི་་་་་་ཙན་དན་ལ་སོགས་པ་རྫས་དྲི་ཞིམ་པ་དག་གིས་དགེ་སློང་མས་རང་གི་ལུས་བསྐུད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །འབྲུ་མར་གྱི་ཚིགས་མས་བསྐུད་པའི་གླེང་གཞི་ནི་སྦོམ་དགའ་མོས་ཏིལ་གྱི་འབྲུ་མར་གྱི་ཚིགས་མས་ལུས་ཕྱི་བར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །གཞུང་གི་དོན་ནི་འབྲུ་མར་གྱི་ཚིགས་མ་དགེ་སློང་མ་རང་གི་ལུས་ལ་བསྐུད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཆུ་ལ་ལོངས་སྤྱོད་པའི་གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་ཁྱིམ་བདག་གི་ཆུང་མ་མང་པོ་དང་ལག་པ་སྒྲེལ་ནས་འབབ་ཆུ་ཨ་ཛ་ར་བ་ཏིར་ཞུགས་ནས་ལུས་ཁྲུས་བྱེད་པ་ན། གཅིག་ལ་་་་་་མའི་སོ་ཐར་འགྲེལ་ལས་མོ་མཚན་ལ་གཅིག་མཛུབ་མོ་འཛུགས་ཤིང་། རྩེ་བར་བྱེད་ཅིང་ལུས་ཀྱི་ཙབ་ཧྲལ་བྱེད་པ་ལས་སོ། །དགག་བྱ་ནི་རྒོད་བག་འཕེལ་བའོ། །གཞུང་གི་དོན་ནི། དགེ་སློང་མས་བུད་མེད་དང་ལྷན་ཅིག་ལག་པ་སྦྲེལ་ཏེ། ཆུའི་ནང་དུ་ཞུགས་ནས་ཁྲུས་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་ལྟེ་བར་སོན་ན་དངོས་གཞིའོ་ཞེས་སོ།་་་་་།སྐབས་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས་ཁྲུས་ནི་གཉིས་ཏེ། དབང་སྐུར་བའི་ཁྲུས་དང་། འཇུག་པའི་ཁྲུས་ལས་དོན་འདི་ལ་ནི་འཇུག་པའི་ཁྲུས་ལ་བྱ་བར་དགོངས་པའོ། །ཞེས་སོ། །འཆོས་པ་ལས་གྱུར་པ་དྲུག་ལས། སྐྲ་ཤད་པ་བཞིའི་གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་པུ་ཤེལ་ཙིས་སྐྲ་ཤད་པ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་འདིས་ཅི་བྱེད། དེ་དག་གིས་སྨྲས་པ། སྐྲ་མ་འཛིངས་པར་བསྐྱེད་མོད། ཁྱེད་ཅག་ནི་སྐྲ་བསྐྱེད་པ་མ་ཡིན་གྱི། ཉོན་མོངས་པ་བསྐྱེད་དོ་ཞེས་སྨྲས་པ་དང་། དེ་བཞིན་དུ་བཅུ་གཉིས་སྡེས་སོ་མང་དང་། རྩྭའི་ཐུམ་བུ་དང་། དེ་གསུམ་སྦྲག་གཤིབས་པས་སྐྲ་ཤད་པར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མས་སྐྲ་མ་འཛིངས་པར་ལེགས་པར་བཅོས་པའི་ཕྱིར་པུ་ཤེལ་ཙིས་སྐྲ་ཤད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །པུ་ཤེལ་ཙི་ནི་མའི་སོ་སོ་ཐར་པའི་འགྲེལ་བ་ལས་དྲེས་མའི་རྩ་བ་ལས་བྱས་པའོ་ཞེས་སོ། །སྐབས་འདི་ཉིད་ཀྱི་་་་་་དགེ་སློང་མའི་ལུང་རྣམ་འབྱེད་ལས་ཀྱང་པུ་ཤེལ་ཙི་ཞེས་བྱ་བ་ནི་བི་ར་ཎའི་རྩ་བའོ་ཞེས་བཤད་ཅིང་། བི་ར་ཎ་ཞེས་བྱ་བ་ནི་དྲེས་མ་ཡིན་པར་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལས་བཤད་དོ། །དགེ་སློང་མས་སྐྲ་བཅོས་པའི་ཕྱིར་སོ་མང་དང་སྨྱུག་ཤད་དང་་་་་་པུ་ཤེལ་ཙི་དང་སོ་མང་དང་སྨྱུག་བཤད་དང་དེ་དག་གསུམ་ཆར་བསྡུས་པ་ཞེས་བྱ་བ་དེ་དག་གིས་སྐྲ་ཤད་པ་ལ་ཡང་ལྟུང་བྱེད་རེ་རེར་འགྱུར་རོ། །སྐྲ་བརྙན་ཐོགས་པའི་གླེང་གཞི་ནི་སྦོམ་དགའ་མོས་བསམས་པ། བདག་གིས་བྱས་སོ་ཅོག་ཐམས་ཅད་ནི་ཕུལ་དུ་ཕྱིན་པར་བྱས་ཀྱིས། བདག་གིས་སྐྲ་བརྙན་ཡང་ཐོགས་པར་བྱའོ་སྙམ་ནས། གར་མཁན་ལ་སྐྲ་བརྙན་བརྙས། རོལ་མོ་མཁན་ལ་གོས་དང་ལྷམ་ཟུང་གཅིག་བརྙས་ཏེ། སྨད་འཚོངས་ཡོད་པའི་རྟགས་བཙུགས་ཏེ། གནས་གཅིག་ཏུ་བསྡོད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མ་ལ་སྐྲ་བརྙན་གྱིས་ཀྱང་ལྟུང་བྱེད་དུ་འགྱུར་ཏེ། སྐྲ་ཚབ་གྱོན་ནའོ། །ཁྱིམ་པའི་རྒྱན་ཐོགས་པའི་གླེང་གཞི་ནི། ཕྱུག་པོའི་བུད་མེད་དེ་དག་སྐྲའི་བྱི་དོར་བྱེད་པ་ན་རྒྱན་རྣམས་རྒྱན་གྱི་སྣོད་སྤྲོག་མ་དག་ཏུ་བཞག་པ་ན། དེ་སྦོམ་དགའ་མོས་བླངས་ཏེ་རྒྱན་དེ་དག་ཐོགས་པ་དང་། འཕགས་མ་ཅི་མཛད། རྒྱན་གྱིས་མཛེས་སམ་བལྟ་མོད། དེ་ལ་མཛེས་སུ་ཅི་ཡོད་ཅེས་ཁ་ཟེར་བར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །གཞུང་གི་དོན་ནི་ཁྱིམ་པའི་རྒྱན་ཞེས་སྨོས་པ་ནི་ཊཱི་ཀ་ལས་རབ་ཏུ་བྱུང་བའི་རྒྱན་རྣམ་པར་བཅད་པའི་ཕྱིར་ཏེ། ཞི་བ་ལ་དགའ་བའི་རབ་ཏུ་བྱུང་བ་རྣམས་ཀྱི་ཆོས་གོས་ལ་སོགས་པ་དག་ལ་ཡང་རྒྱན་གྱི་བློ་སྐྱེ་བའི་ཕྱིར་རོ་ཞེས་སོ། །དགེ་སློང་མས་ཁྱིམ་པའི་རྒྱན་རིན་པོ་ཆེ་ལས་བྱས་པའི་མགུལ་རྒྱན་དང་གདུབ་བུ་རྒྱན་ཅན་དང་དཔུང་རྒྱན་དང་དོ་ཤལ་དང་སེ་མོ་དོ་དང་མུ་ཏིག་གི་ཆུན་པོ་ལ་སོགས་པ་ཐོགས་ན་ལྟུང་བྱེད་དུ་འགྱུར་ཏེ། ལུང་རྣམ་འབྱེད་ལས་ཐོགས་ན་ཞེས་བྱ་བ་ནི་བརྒྱན་པར་བྱེད་ནའོ། །ཞེས་གསུངས་སོ། །ཊཱི་ཀ་ལས་་་་་་རིན་པོ་ཆེ་ལས་བྱས་པའི་རྒྱན་ཐོགས་པ་འདི་ལ་ནི་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་གཞན་ཡང་འབྱུང་བར་རིག་པར་བྱའོ། །རིན་པོ་ཆེ་མ་ཡིན་པའི་རྒྱན་ལ་ནི་ཉེས་བྱས་སོ་ཞེས་སོ། །རྒྱགས་པ་ལས་གྱུར་པ་གསུམ་གྱི་གླེང་གཞི་སྦོམ་དགའ་མོས་རྒྱལ་རིགས་ཀྱི་་་་་་དགའ་འདུན་ནི་རོལ་མོ་མཁན་ཏེ་སྐྱེ་བོ་རྣམས་དགའ་ཞིང་འདུན་པར་བྱེད་པས་དགའ་འདུན་ཞེས་སོ། །དགའ་འདུན་རྣམས་ལ་གར་སློབ་པར་བྱེད། གར་སྟོན་པར་བྱེད་པ་ལས། གར་བྱེད་པ་དང་བྲོ་བརྡུང་བ་བཀག་ཅིང་། བྲམ་ཟེའི་དགའ་འདུན་རྣམས་སྦོམ་དགའ་མོའི་དྲུང་དུ་སོང་སྟེ། བདག་ཅག་ལ་ཡང་གླུ་སློབས་ཤིག་ཅེས་ཟེར་བ་ན། དེས་དེ་དག་ལ་གླུ་སློབ་པར་བྱེད། གླུ་སྟོན་པར་བྱེད་པ་ལས་གླུ་ལེན་པ་བཀག་གོ །རྒྱལ་རིགས་ཀྱི་དགའ་འདུན་རྣམས་སྦོམ་དགའ་མོའི་དྲུང་དུ་སོང་སྟེ། བདག་ཅག་ལ་ཡང་རོལ་མོ་སློབས་ཤིག་ཅེས་ཟེར་བ་ན། དེས་དེ་དག་ལ་རོལ་མོ་སློབ་པར་བྱེད། རོལ་མོ་སྟོན་པར་བྱེད་པ་ལས་རོལ་མོ་བྱེད་པ་བཀག་པའོ། །དགག་བྱ་ནི་རྒོད་བག་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མ་རང་གིས་བྲོ་བརྡུང་བའམ་གར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་ཐ་ན་སྨིན་མ་བསྐྱོད་པ་ལ་སོགས་པས་ཀྱང་ངོ་ཞེས་་་་་་དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར་གར་བྱེད་དུ་བཅུག་པ་ལ་ཉེས་མེད་ཅེས་མའི་སོ་ཐར་འགྲེལ་ལས་བཤད་དོ། །སོ། །དགེ་སློང་མ་རང་གིས་གླུ་ལེན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་ཐ་ན་ཚིགས་སུ་བཅད་པ་ཙམ་འདོན་པ་ཡང་ངོ་ཞེས་སོ། །དགེ་སློང་མ་རང་གིས་པི་ཝང་ལ་སོགས་པའི་རོལ་མོ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་རོལ་མོ་ནི་ལུང་རྣམ་འབྱེད་ལས་པི་ཝང་དང་གླིང་བུ་དང་རྫ་རྔ་དང་སིལ་ཁྲོལ་ལ་སོགས་པ་ཞེས་སོ། །ལོངས་འཆོས་པ་ལས་གྱུར་པ་གསུམ་ལས། གདུགས་ཐོགས་པའི་གླེང་གཞི་ནི་གཙུག་དགའ་མོ་གདུགས་ཐོགས་ཏེ་བསོད་སྙོམས་ལ་རྒྱུ་བ་ན། དེ་ལ་སྐྱེ་བོ་མང་པོ་གད་མོ་དགོད་ཅིང་ཁྱིམ་བདག་རྣམས་འཕྱ་བ་ལས་སོ། །དགག་བྱ་ནི་ལོངས་པ་འཕེལ་བའོ། །གཞུང་གི་དོན་ནི་་་་་་དར་གྱིས་བརྒྱན་པ་ལ་སོགས་པ་ལོངས་སྤྱོད་དུ་གྱུར་པའི་གདུགས་དགེ་སློང་མས་རང་གི་སྟེང་དུ་ཕུབ་སྟེ་ཐོགས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །མཆིལ་ལྷམ་གྱོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་གཙུག་དགའ་མོས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལས་སོ། །དགག་བྱ་ནི་ལོངས་པ་འཕེལ་བའོ། །གཞུང་གི་དོན་ནི་དགེ་སློང་མས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །་་་་་ཊཱི་ཀ་ལས་ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལ་ཞེས་བཤད་ཅིང་། མའི་སོ་ཐར་འགྲེལ་པ་ལས་དགེ་སློང་མ་གང་མཆིལ་ལྷམ་ཁྲ་བོ་གྱོན་ན་ལྟུང་བྱེད་ཞེས་བཤད་དོ། །ལོངས་སྤྱོད་དུ་གྱུར་པ་མ་ཡིན་པའི་མཆིལ་ལྷམ་ནི་ཡུལ་དབུས་སུ་རྐང་པ་བསྐྱབ་པའི་ཕྱིར་ན་ཉེས་བྱས་སུ་འགྱུར་ལ། གནས་མལ་བསྲུང་འི་ཕྱིར་དུ་ནི་ལྟུང་བ་མེད་དོ། །མཐའ་འཁོབ་ཏུ་ནི་རྐང་པ་བསྐྱབ་པའི་དོན་དུ་ཡང་ཉེས་པ་མེད་དོ། །ཞེས་བླ་མ་རྣམས་གསུང་ངོ་། །ཁྲིའུའི་བསྙེན་བཀུར་ཉམས་སུ་མྱོང་བར་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་། དེས་དགེ་སློང་མ་རྣམས་ལ་ཁོ་མོའི་ཕྱིར་ཕྱོགས་ག་གེ་མོ་ཞིག་ཏུ་ཁྲིའུ་ཤོམས་ལ་འདུག་ཏུ་ཆུག་ཅིང་ཅེས་བསྒོ་ཞིང་། ཡང་གནས་ཁང་གི་ཉེ་འཁོར་དང་ཁྱམས་དང་སྒོ་ཁང་དང་ཡང་ཐོག་དང་ཁང་སྟེང་ག་གེ་མོ་ཞིག་ཏུ་ཁྲིའུ་ཁྱེར་ལ་ཁོ་མོ་འདུག་ཏུ་ཆུག་ཅིག་ཅེས་ཟེར་བ་ལས་བཅས་པ་ཡིན་ཞེས་མདོ་རྩ་བའི་ཊཱི་ཀ་ལས་བཤད་དོ། །སྐབས་འདི་ཉིད་ཀྱི་ལུང་ལས་དགེ་སློང་མ་རྣམས་སྟེགས་བསྐྱེད་དུ་བཅུག་ཅིང་། སྟན་ཁྱེར་ལ་གནས་ག་གེ་མོ་ཞིག་ཏུ་ཐིང་ཞིག་ཅེས་བསྒོ་བར་བྱེད་པ་ལས་བསླབ་པ་འདི་བཅས་པར་གསུངས་སོ། །དགག་བྱ་ནི་ལོངས་པ་འཕེལ་བའོ། །གཞུང་གི་དོན་ནི་ཊཱི་ཀ་ལས་ཁྲི་ཆུང་དུ་ནི་ཁྲིའུ་ཞེས་བྱ་ཞེས་བཤད་ཅིང་། ཁྲིའུ་དེ་ལ་བདག་ཉིད་འདུག་འཇུག་པའི་བསྙེན་བཀུར་ཁྲིའུ་ཡང་དང་ཡང་དུ་ཤོམ་དུ་འཇུག་པ་ཉམས་སུ་མྱོང་བར་བྱེད་པའི་དགེ་སློང་མ་ལྟུང་བྱེད་དུ་འགྱུར་རོ། །སྐབས་འདི་ཉིད་ཀྱི་འགྲེལ་ཆུང་ལས་ནི་དགེ་སློང་མ་ཁྲིའི་ཐོག་ན་འདུག་ལ། ཁྲིའི་ཕ་རོལ་ཚུ་རོལ་ནས་སློབ་མ་ལ་སོགས་པ་གཞན་གྱིས་ཐེག་ཅིང་སྤྱོད་ན་ལྟུང་བའོ་ཞེས་བཤད་ཅིང་། རྒས་པ་སྦྱོར་མི་བཟོད་པའམ་ནད་པ་ཞིག་ཆོས་འཆད་པ་ཡིན་ན་ལྟུང་བ་མེད་དོ་ཞེས་ལུང་དགེ་སློང་མའི་རྣམ་འབྱེད་ལས་བཤད་དོ། །ཐུགས་ཐུབ་ཏུ་ཕྱིས་གནོན་བྱེད་པའི་གླེང་གཞི་ནི་སྦོམ་དགའ་མོ་བསོད་སྙོམས་ཀྱི་ཕྱིར་ཁྱིམ་དུ་ཞུགས་ཏེ་བྲམ་ཟེའི་སྟན་ལ་འདུག་གོ །བྲམ་ཟེ་དེ་འོངས་པ་ན། སྦོམ་དགའ་མོ་སྟན་དེའི་སྟེང་ན་འདུག་པ་མཐོང་ནས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་མ་དད་པར་འགྱུར་བའོ། །གཞུང་གི་དོན་ནི་དགེ་སློང་མས་ཁྱིམ་གཞན་དུ་བདག་པོས་མ་བསྒོ་བར་ཁྱིམ་པའི་སྟན་ལ་འདུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །སྟན་ནི་ནང་ཚངས་ཅན་དང་གླིངས་པ་ལ་སོགས་པ་ཡིན་གྱི། རྩྭ་དང་སོག་མ་ལ་སོགས་པ་འདུག་པའི་ཆེད་དུ་ཕྱི་རོལ་ཏུ་བཤམས་པ་དེ་དག་ལ་མ་བསྒོ་བར་འདུག་ཀྱང་ལྟུང་བ་མེད་དེ། ཐུགས་ཐུབ་མ་བྱས་པའི་ཕྱིར་རོ། །རྩྭ་དང་སོག་མ་ལ་སོགས་པ་ལ་་་་་་དེའང་མ་བཤམས་པ་ལ་རྩ་འམ་ལོ་མ་ལ་སོགས་བརྩེགས་ཏེ་འདུག་པ་དེ་ལས་རང་གིས་ཕབ་ནས་བཏིང་སྟེ་འདུག་ན་ནི་་་་་་མ་བསྒོ་བར་སྟན་ལ་འདུག་པའི་ཉེས་བྱས་སོ། །ཁྱིམ་དེར་་་་་་སོག་མ་ལ་སོགས་པ་ཡིན་ཡང་རས་ཀྱིས་གཡོགས་པའི་སྟན་ལ་འདུག་པའི་དོན་དུ་་་་་་ཁང་བའི་ཕྱི་རོལ་ཏུ་བཤམས་པ་ལ་ནི་མ་བསྒོ་བར་འདུག་ན་ཉེས་བྱས་སོ། །ཁྱིམ་དེར་་་་་་སོག་མ་ལ་སོགས་པ་རས་ཀྱིས་གཡོགས་པ་དེ་ཡང་ཁྱིམ་པས་་་་་་མ་བཤམས་་་་་་པར་དགེ་སློང་མ་རང་གིས་བཤམས་པ་ལ་ནི་ཁྱིམ་པས་་་་་་མ་བསྒོ་བར་འདུག་ན་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །་་་་་ཐུགས་ཐུབ་ཤིན་ཏུ་ཆེ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཊཱི་ཀ་ལས་བཤད་དོ། །དེ་རྣམས་ཐམས་ཅད་ཊཱི་ཀ་ལས་བཤད་དོ། །་་་་་ཐུགས་ཐུབ་ཏུའོ་ཞེས་བྱ་བ་ནི་བཙན་ཐབས་སུའོ་ཞེས་ཊཱི་ཀ་ལས་སོ། །ཐུགས་ཐུབ་ཏུ་ཕྱིས་གནན་བྱེད་པའི་ལྟུང་བྱེད་དུ། ཁྱིམ་པ་ལ་ལོག་ཐབས་བྱེད་པའི་གླེང་གཞི་ནི་ཁྱིམ་པ་མོ་མང་པོས་སྦོམ་དགའ་མོ་ལ་འཕགས་མ་ཆོས་བཤད་དུ་གསོལ་ཞེས་ཞུས་ནས། ཁྱིམ་པ་མོ་རྣམས་ཀྱིས་སྟན་བཤམས་པ་ལ་དེ་འདུག་ནས་ཁ་རྩིག་པ་ལ་གཏང་དེ། ཉན་ཐོས་ཀྱི་མདོ་རྣམ་པ་བཞི་པོ་ལུང་རིང་པོ་དང་། ལུང་བར་མ་དང་། ལུང་གཅིག་ལས་འཕྲོས་པ་དང་། ཡང་དག་པར་ལྡན་པའི་ལུང་དང་བཞི་ལས་་་་་་མདོ་རིང་པོ་འཆད་པ་ན། ཁྱིམ་པ་མོ་དེ་རྣམས་འདི་སྙམ་དུ་སེམས་ཏེ། དགེ་སློང་མ་རྣམས་ཀྱི་ལས་ནི་ཀླགས་པ་དང་དྲན་པར་བྱ་བ་འདི་ཁོ་ནར་ཟད་ཀྱི། བདག་ཅག་ནི་ཁྱིམ་གྱི་བྱ་བ་ཉམས་པར་འགྱུར་རོ་སྙམ་ནས་དེ་དག་ལངས་ཏེ་སོང་ངོ་། །དེ་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་དེས་སྨྲས་པ་འཕགས་མ་སུ་ལ་ཆོས་འཆད་པ་ཡིན། དེས་སྨྲས་པ་ཁྱིམ་བདག་གི་ཆུང་མ་རྣམས་ལའོ། །དེ་དག་ནི་སྐྱོ་ནས་སོང་ལགས་སོ། །དེ་ནས་་་་་་སྦོམ་དགའ་མོས་ཀྱང་སྟན་བོར་ཏེ་སོང་བ་དང་། སྟན་དེ་རྐུན་པོས་ཁྱེར་བ་ལ་ཁྱིམ་པ་མོ་དེ་རྣམས་ཁ་ཟེར་བར་བྱེད་པ་ལས་སོ། །དགག་བྱ་ནི་ཁྱིམ་པ་མོའི་ལོངས་སྤྱོད་ལ་གནོད་པའོ། །གཞུང་གི་དོན་ནི་དགེ་སློང་མས་ཆོས་འཆད་ཅིང་ཁྱིམ་པ་ཆོས་ཉན་དུ་གཞུག་པའི་གནས་སྐབས་སུ་ཁྱིམ་པའི་སྟན་གདིང་བ་ལ་དགེ་སློང་མས་ལོངས་སྤྱོད་པ་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་འགྲོ་བ་ལ་འདོམ་བཞི་བཅུ་རྩ་དགུ་འདས་ན་ལྟུང་བྱེད་དུ་འགྱུར་རོ། །ཁྱིམ་པ་མོའི་བཟོ་སྟོན་པ་ལས་གྱུར་པ་ལ་གསུམ་སྟེ། སྐུད་པ་འཁལ་བ་དང་། ཁྱིམ་གྱི་བྱ་བ་བྱེད་པ་དང་། རྗེན་པ་འཚོད་པའོ། །དང་པོ་ལ་གཉིས་ཏེ། སྐུད་པ་འཁལ་བ་དངོས་དང་། སྐབས་སུ་ལྟུང་བྱེད་གཞན་གཉིས་བསྟན་པའོ། །དང་པོ་ནི་སྐུད་པ་འཁལ་བ་ལའོ་ཞེས་སོ། །འདིའི་གླེང་གཞི་ནི་གཙུག་དགའ་མོ་ཁྱིམ་དུ་བསོད་སྙོམས་དུ་སོང་སྟེ། བསོད་སྙོམས་བྱིན་ཅིག་ཅེས་སྨྲས་པ་ན། བདག་སྐུད་པ་འཁལ་བས་གློ་བ་བྲེལ་ལོ་ཞེས་ཟེར་བ་དང་། ཁྱོད་སོང་ལ་བསོད་སྙོམས་ལོང་ལ་ཤོག་ཅིག་དང་ཁོ་མོས་སྐུད་པ་བཀལ་ལོ་ཞེས་དེས་བསོད་སྙོམས་ཀྱི་ཕྱིར་སྐུད་པ་བཀལ་བ་ལས་སོ། །་་་་་དེ་ནས་དུས་གཞན་ཞིག་ན་སྐྱེ་རྒུའི་བདག་མོ་ཆེན་མོས་ཁྱིམ་དེར་བསོད་སྙོམས་བླངས་པ་ན། འཕགས་མ་སྐུད་པ་ཁོལ་ཅིག་དང་། དེའི་བར་དུ་བསོད་སྙོམས་ཁྱེར་ཏེ་འོང་ངོ་ཟེར་བ་ལ། སྨྲས་པ་ཁོ་མོ་ཁྱིམ་པ་མོར་གྱུར་པ་ན་འཁལ་མ་མྱོང་ན། ད་རབ་ཏུ་བྱུང་ནས་འཁལ་ལམ་ཞེས་ཟེར་བ། དགག་བྱ་ནི་དོན་དང་བྱ་བ་མང་བའོ། །གཞུང་གི་དོན་ནི་དགེ་སློང་མས་སྐུད་པ་འཁལ་བ་སྟེ་བལ་འཁལ་བ་ལས་ལྟུང་བྱེད་དུ་འགྱུར་རོ། །དེའང་གོས་ཀྱི་རྒྱུ་གང་ཡང་རུང་བ་ཁྲུ་གང་ཡན་ཆད་ལྡང་བ་བྱ་བའི་ཕྱིར་སྐ་རགས་ལས་གཞན་པའི་ཆེད་དུ་བལ་འཁལ་ན་འཕང་ལ་དཀྲིས་པ་ལན་ཅིག་རྫོགས་ནའོ། །རྣམ་འབྱེད་ལས་གོས་རྒྱུ་བདུན་པོ་དག་ལས་གང་ཡང་རུང་བའོ་ཞེས་་་་་་བལ་གོས་དང་ཤ་ནའི་གོས་ལ་སོགས་པའི་རྒྱུ་རུང་བ་བདུན་པོ་གསུངས་མོད་ཀྱི། དེ་ནི་དཔེ་ཙམ་དུ་ཟད་དེ། ཊཱི་ཀ་ལས་རུང་བ་མ་ཡིན་པའི་སྐུད་པ་འཁལ་བ་ལ་ཡང་དངོས་གཞིར་འགྱུར་ཏེ་བཟོ་སྟོན་པའི་ཉེས་པར་འདྲ་བའི་ཕྱིར་རོ་ཞེས་སོ། །སྐབས་སུ་ལྟུང་བྱེད་གཞན་གཉིས་བསྟན་པ་ནི། ཚོགས་ཀྱི་གོས་བདག་གིར་བྱེད་པ་དང་ཟས་འཚོང་བ་གཉིས་སོ། །འོ་ན་བཟོ་སྟོན་པ་ལས་གྱུར་པའི་ལྟུང་བྱེད་གསུམ་གྱི་བར་སྐབས་འདིར་ལྟུང་བྱེད་གཞན་གཉིས་པོ་འདི་དག་སྨོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཡང་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དུ་འབྲེལ་བའི་ཕྱིར་དང་། རྣམ་པར་སྒྲུབ་པར་འདྲ་བའི་ཕྱིར་ཞེས་གསུངས་ཏེ། དེའི་དོན་ནི་སྐུད་པ་འཁལ་བ་ནི་རྒྱུ་ཡིན་ལ། དེ་ལས་གོས་འབྱུང་བས་གོས་བདག་གིར་བྱེད་པ་འབྲས་བུ་ཡིན་པའི་ཕྱིར་དང་། དེའི་འོག་ཏུ་ཟས་འཚོང་བ་བསྟན་པ་ནི། ཚོགས་ཀྱི་གོས་བདག་གིར་བྱེད་པ་དང་ཟས་འཚོང་བ་གཉིས་ནི་རྙེད་པ་སྒྲུབ་པའི་རྣམ་པར་འདྲ་བའི་ཕྱིར་རོ། །དེ་ལྟར་སྐབས་བསྒྲུབས་ནས་ཚོགས་ཀྱི་གོས་བདག་གིར་བྱེད་པའི་གླེང་གཞི་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རྨེ་གབ་རྗེས་སུ་གནང་ངོ་ཞེས་སྦོམ་དགའ་མོས་བཙུན་མོ་འཕྲེང་ལྡན་མ་ལ་སྨྲས་པ་དང་། བཙུན་མོས་གོས་སྣ་ཚོགས་ཀྱི་སྒྲོམ་དག་སྦོམ་དགའ་མོ་ལ་གཏད་ནས་གོས་འདི་རྣམས་དགེ་སློང་མའི་ཚོགས་ཐམས་ཅད་ལ་བྲིམས་ཤིག་ཅེས་བསྒོའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号