ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བརྒྱད་པ།ཚབ་ཡིག་ཡོངས་ཀྱི་བཅུད་བསྔུས་སྨན་དབུལ་སེལ་བའི་ནོར་བུ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
སྡིག་སྲིན་ཚབ།འབུ་སྐྱོགས་དུང་འདྲ་གཏོང་སྟེ།རྒྱུད་ལས་འབུ་སྐྱོགས་སྲིན་སེལ་དམུ་ཆུ་སྦྱོངས།ཞེས་པའམ་ཡང་ན་སྔོ་གསོར་ལྡེམ་པའམ།ཆུ་རུག་གི་རིགས་སུ་འདྲེན་པ་སྦལ་བ་ལག་པར་གྲགས་པ།ཆུ་མིག་དང་ལུ་མའི་ན་བ་ལ་སྐྱེས་པ་དེ་ཡི་ལོ་མ་གཏོང་སྟེ།རྐྱང་བཤད་སྐབས།།གསོར་ལྡེམ་པ་ཡིས་ཆུ་འགགས་སེལ།།ཞེས་པ་གང་རུང་གཏང༌།
སེ་བའི་མེ་ཏོག་ཚབ་ནི།ཤ་མང་སྨུག་པོ་མདོག་ཁམ་སྨུག་གསེར་ཤའི་དབྱིབས་འདྲ་བ་སྤང་ལ་སྐྱེསཔ་དེ་གཞོན་ནུ་གཏོང་སྟེ།འཁྲུངས་དཔེར།མཁྲིས་རླུང་ནད་ལ་བདུད་རྩི་ཡིན།།ཞེས་གསུངས་སོ།
ལྕགས་སྦྲུལ་ཚབ།རྩ་ཨ་བ་བྱང་བལྟས་སུ་སྐྱེས་པ་དེ་བསིལ་སྐམ་བྱས་པ་གཏོང་སྟེ།ལྗོན་ཤིང་ལས།མིག་གི་ནད་ལ་བདུད་རྩི་འདྲ།།ཞེས་དང༌།རང་བྱུང་བ་དང་རྒྱུད་ལས་ཀྱང་དེ་ལྟར་འབྱུང་ཞིང༌།འཁྲུངས་དཔེར།རོ་ནི་ཡིད་ཙམ་ཁ་བ་དང༌།།མིག་ནད་གསོ་བའི་བདུད་རྩི་ཡིན།།ཞེས་གསུངས་སོ།།
བསེ་རུའི་ཚབ་ནི།ཁ་ཤའམ་ཤ་བའི་བོག་རྭ་གཞོན་ནུ་གང་རུང་གཏོང༌།དེ་གསུམ་ནུས་པ་མཉམ་པར་བཤད།
གངས་སྦལ་ལམ་ཤ་ད་བྱིད་ཚབ།ཤ་བའི་བོག་རྭ་གཞོན་ནུ་དེ་རྒྱ་ཡི་བཅུད་ལེན་གྱི་མན་ངག་ཏུ་འབྱུང་ཞིང༌།ཡང་ན་ཕོ་སྲམ་གཞོན་ནུ་ཚང་འཁོར་དུ་མ་ཞུགས་པའི་སྨད་ཤ་ཚིལ་ལྡན་ནམ།ཡང་ན་བྱི་ལ་ཕོ་ཚང་འཁོར་དུ་མ་ཞུགས་པའི་མཇུག་ཏོ་ཚིལ་བཅས་སམ།ཡང་ན་རྒྱ་ཤོད་སྐྱེས་པའི་ར་མཉེ་རྒྱུ་བཟང་ཤིན་ཏུ་ཆེ་བ་ཤ་རྒྱས་མཁྲེགས་པ་དེ་གཏོང་སྟེ།ལྗོན་ཤིང་ལས།ར་མཉེ་ཕོ་མཁལ་མེ་དྲོད་བསྐྱེད།།ཆུ་སེར་སྐེམ་ཞིང་ལུས་རྩལ་ཆེ།ཡི་ག་འབྱེད་ཅིང་བད་མཁྲིས་སེལ།།བཅུད་ལེན་པ་ཡི་མཆོག་ཏུ་འགྱུར།ཞེས་དང།འཁྲུངས་དཔེར།ད་བྱིད་དཀར་པོ་བྱ་བ་ཡིན།།ཞེས་གསུངས་སོ།སྐབས་རེར།ལྕ་གཡུང་རྒྱ་ཤོད་སྐྱེས་པའི་རྩ་བ་དཀར་མཁྲེགས་རྒྱུ་བཟང་རོ་མངར་བ་དེ་ཡང་གཏོང་སྟེ།ལྗོན་ཤིང་ལས།ལྕ་བའི་རྩ་བ་བརྐོས་གདུས་པས།།མཁལ་རྐེད་གྲང་རླུང་སེལ་བ་ཡིན།།ཞེས་པ་ཁནྡ་ཁོ་ན་ཆེས་ལེགས།དེ་དག་ཀྱང་བཅུད་དུ་འགུག་པའི་མན་ངག་སོགས་ལག་ལེན་ཞིབ་ཏུ་ཤེས་དགོས།།
རྒྱ་ཚྭའི་ཚབ།བྲག་གི་ཟེ་ཚྭ་བཟང་པོ་བཞུ་བསྐོལ་ཚད་ལྡན་བགྱིས་པ་དྭངས་སངས་དེ་གཏོང་སྟེ།འདིས་ཆུའི་རྡེའུ་འགགས་བཤིག་ཅིང་ཆུ་ལམ་འབྱེད་ནུས་པར་བཤད།ནུས་པས་ལུས་ཟུངས་ལ་འབིགས་ནུས་པར།།
རྒྱ་ཚྭ་བཟོས་མ་ནི།རྗེ་ཟུར་མཁར་དྷརྨ་སྭ་མིས།ཡ་བཀྴ་ར་བྲེ་གང་ལ།།རྒྱ་ཚྭ་ཕབས་ལྟར་ཅུང་ཟད་བཏབ།།རྫ་མ་ཁ་རུབ་ལུང་གཉིས་ལྡན།།སྣུམ་བྱུགས་ནང་བླུག་ཁ་ཆོད་བརྡེབ།།དྲོ་ཞིང་ཉི་རླུང་ཕོག་པའི་སར།ལུས་ཕྱེད་དོང་བྲུས་ཤིང་གཉིས་འཛུགས།ལུང་གཉིས་འདོགས་ལ་དོང་ཁ་འགེབ།།ཆར་ཆུ་ནང་དུ་འཆོར་མི་རུང༌།།ཕར་འཇོག་ཚུར་འདོན་ལོ་གཅིག་སྟེ།།སྐར་མ་རྟ་ལ་གཉིས་ཀ་གཏུགས།།སྟོད་ཧོར་རྒྱ་ཚྭའི་བཟོ་ཐབས་སོ།ཞེས་འབྱུང་ངོ༌།།
རྒྱམ་ཚྭའི་ཚབ།རང་བྱུང་བས།བྱང་ཚྭ་ལྷད་མེད་རྒྱམ་ཚྭར་མཚུངས།།ཞེས་སོ།།
ལྕེ་མྱང་ཚྭའི་ཚབ།ལན་ཚྭ་དམར་དྭངས་རོ་མངར་ཤས་ཡོད་པ་དེས་ངེས་པར་ཆོག་པ་ཀུན་གྱིས་བཞེད།
ཝ་ཚྭའིབ་ཚབ།ས་ཕུག་ངོས་ཆགས་པའི་བ་ཚྭ་དཀར་པོས་ཆོག་པར་བེེ་སྔོན་ལས་གསུངས།
ཁ་རུ་ཚྭ་བཟོས་མ་ནི།དྷརྨ་སྭ་མིས།བྱང་ཚྭ་ལྷད་མེད་ཆ་དྲུག་ལ།།བུལ་ཏོག་ཕྱེད་དང་གཉིས་ཀྱི་ཆ།།ཀོང་བུར་བླུག་ལ་སོལ་མེས་བཞུས།།རྒྱ་ཚོས་བཟང་བོ་ཐུན་གསུམ་དང༌།།གཡག་རྒོད་རྭ་གཞོབ་ཆ་བཞི་དང༌།།དར་མཚུར་ཆ་གཅིག་ཞིབ་བཏགས་ལ།།ཆུ་བསྐོལ་ནང་བཏབ་དྭངས་མ་བསིང༌།།གོང་གི་ཚ་ཞུན་ཞུ་བར་བླུགས།།འདི་ནི་ཁ་རུ་ཚྭ་ཡིན་ནོ།ཞེས་གསུངས་སོ།ཡང་ན་ལོ་སྟོང་འདས་པའི་ཁང་རྙིང་གི།གྱང་ས་སྣུམ་ལྡན་ལྕེ་འབིགས་པ།།སྨུག་པོ་རྙིང་ནས་ཚུར་ཞིག་ཡོང༌།།དེ་ཉིད་བྲེ་གང་ཆང་བྲེ་བཞིར།།བཏབ་ལ་བསྐོལ་ཞིང་ཞག་གཅིག་སོང༌།།དྭངས་མ་བསིང་བ་བསྡུས་པ་ནི།།དྲོད་བསྐྱེད་སྦོ་སྒྲེག་བད་རླུང་འཇོམས།།ཞེས་གསུངས་པ་དེས་ཀྱང་རུང་ངོ༌།།
རྩབ་རུ་ཚྭ་བཟོས་མ་ནི།དྷརྨས།བྱང་ཚྭ་སྔོ་དྭངས་ཆ་བཞི་ལ།།ཚ་ལ་མཚུར་དཀར་བུལ་ཏོག་གསུམ།།ཆ་རེ་གདབ་ལ་གོང་བཞིན་བཞུ།།འདི་ནི་རྩབ་རུ་ཚྭ་ཡིན་སྐོ།ཞེས་སོ།
རྭ་ཚྭ་ནི།དྷརྨས།གཡག་རྒོད་ར་ལུག་གནའ་བའི་རྭ།ཆ་མཉམ་སྲོལ་བསྲེགས་ཕྱེ་མ་དང༌།།བྱང་ཚྭ་ལྷད་མེད་ཆ་མཉམ་པ།།རང་ནུབ་ཙམ་གྱི་བ་ཞོར་བཙོ།ཚ་ལ་རྒྱ་ཚྭ་བུལ་ཏོག་ནི།།ཁ་ཚར་བཏབ་ལ་ཟན་ལྟར་དྲིལ།།གནའ་རྭ་སྲབ་མོའི་ནང་དུ་བཅུག།ཁ་གཏིང་བྱེ་མས་ལེགས་པར་བསྡམས།།མེ་མུར་ནང་དུ་ཞག་གསུམ་སྦ།།དེ་ནི་རྭ་ཚྭ་བྱ་བ་ཡིན།།ཞེས་སོ།།
ཐལ་ཚྭ་ནི།ཇི་སྐད་དུ།བེ་དང་སེང་ལྡེང་ལ་སོགས་པའི།།ཚེར་ཅན་ཤིང་གི་ཚེར་མ་དང༌།།ལྤགས་པ་བསྲེགས་ཐལ་བཞི་ཆ་དང༌།།སྦྱར་བའི་ཐལ་བ་སུམ་ཆ་རྣམས།།ཐལ་འཇམ་དཔངས་སོར་ལྔ་ཙམ་བྱ།།གཡོ་མ་ཐགས་ངན་སྟེང་དུ་བཀོད།།ཁྲིའུའི་སྟེང་བཞག་གནམ་དུ་འདོགས།ཞབས་སུ་སྣོད་གཅིག་རྒྱུན་དུ་བཟེད།།ཆུ་གཙང་ཐལ་འཇམ་མ་འཁྲུགས་བྲན།།མར་ནག་འདྲ་བའི་ཐིགས་པ་བྱུང༌།།གོང་བཞིན་གདུས་པ་ཐལ་ཚྭའོ།།ཞེས་སོ།ད་ལྟ་ནགས་ཀྱི་ཤིང་སྡོང་ཁོག་མེ་ཡིས་ཚིག་མལ་ལ་ཆགས་པའི་ཐང་ཚྭ་ཡང་འདི་ཡི་རིགས་དམན་པ་སྟེ་ནུས་པ་མཚུངས་སོ།།
ཚ་ལ་ནི་རྙེད་སླ་མོད།ཚབ་ནི་ཤིང་གླ་ཚེར་གྱི་ཤིང་སྡོང་ངོ་བོའི་ཁཎྡ་དེས་ཁྲག་འཇུ་ཞིང༌།བད་ཀན་སྨུག་པོའི་ཚ་བ་འཇོམས་ནུས་པར་བེེ་སྔོན་ལས་གསུངས་པས་གཏོང་ཆོག
ཟེ་ཚྭ་དང་ཡ་བཀྴ་ར་དང་མཛེ་ཚྭ་དང་བུལ་ཏོག་དང་མཚུར་དཀར་སེར་ནག་གསུམ་རྣམས་རྙེད་སླབས་ཚབ་སོགས་སྨོས་མ་དགོས།
ནི་ལ་ཐོ་ཋའི་ཚབ་ནི།རྒྱ་ཚྭ་རྒྱམ་ཚྭ་ཆ་མཉམ་ཞོ་དང་སྦྱར་བ།ཟངས་སྒོ་ངོས་ལ་བྱུགས་ནས་བརླན་ཡོད་སར་ཞག་གསུམ་བསྙལ་བའི་སྔོན་པོ་དེ་ལ་ནི་ཐོ་ཋའམ།འགའ་ཞིག་གིས་སག་རམ་རྩི་ཟེར་བ་དེས་ངེས་པར་རུང་བའོ།
 
ས་བཅད་གསུམ་པ།མཇུག་དོན།
 
དེ་ལྟ་བུའི་འདྲ་ཚབ་ཏུ་སྨོས་པ་དེ་དག་ཀྱང༌།ལ་ལ་ནུས་པ་ཆ་འདྲ་དང༌།ལ་ལ་ནུས་པ་ཕྱོགས་མཚུངས།ལ་ལ་ཕྱོགས་འགྲོ་ལྟ་བུས་གཏོང་ཚུལ་གྱི་སྒོ་ནས་མགོ་སྨོས་མཚོན་པ་ཙམ་དུ་བགྱིས་པ་སྟེ།སྦྱོར་སྡེའི་འགྲོ་ཡུལ་དང་ནད་ཀྱི་གཏོང་དམིགས་རོ་ནུས་སྤྱི་དང༌།ཁྱད་པར་སྨན་རང་རང་གི་ངོ་བོའི་ནུས་པ་དང༌།སྟོབས་སམ་ཡོན་ཏན་གྱི་ནུས་པ་སོགས་ལ་རྗེས་སུ་དཔག་ཅིང༌།དེར་མ་ཟད་སྨན་གྱི་སྦྱོར་བ་དེར། སྨན་གཉིས་ཟློས་སུ་བྱུང་བ་སོགས་ལའང༌།ཤེས་རབ་ཀྱིས་རྗེས་སུ་དཔག་སྟེ་སྦྱར་དགོས་པའི་ཕྱིར་རྩི་ཐང་སོགས་ལ་སྨན་གྱི་རིགས་རེ་རེ་ལའང་འདྲ་ཚབ་གཉིས་གསུམ་ཙམ་སྨོས་པ་ལེགས་ཤིང་མདོར་ན་ནུས་པ་ཁྱད་པར་ཅན་གྱི་སྨན་དེ་ཉིད་གཏོང་ཡུལ་ནད་སྟེང་དུ་གོ་མ་ལོག་པ་ཅིག་འབྱུང་དགོས་པ་ནི་མདོ་ཚིག་ཡང་དག་པར་བསྡུས་པ་སྟེ།རྩི་ཐང་སྨན་གྱི་རིགས་གང་མ་ཚང་བ་དེ་དང་དེ་ཡི་ཚབ་གཏོང་དགོས་པ་ཉིད་དོ།ཞེས་སྨོ་སོ།།
གང་དག་རྒྱུད་དང་མཁས་པའི་མན་ངག་དང༌།།རྒྱ་བོད་ཚད་མའི་གཞུང་བཟང་ལ་འདྲིས་པའི།།སྨན་པའི་རྒྱུད་དྲུག་ཚང་བའི་སྐལ་ལྡན་ལ།།སྨྲ་བ་འདི་ནི་གཅམ་བུ་གྱ་གྱུའི་རྒྱུ།།འོན་ཀྱང་སྐལ་དམན་དང་པོའི་ལས་ཅན་དང༌།།རྒྱུད་དང་ཚད་མའི་གཞུང་སྦྱང་དབེན་རྣམས་ལ།།གྱ་ཚོམ་མ་ལགས་གནད་ཀྱི་གསང་གཏམ་སྟེ།། ཁུངས་མེད་རང་བཟོ་གོམས་རྣམས་འཕྱང་མོ་ཉུག།དེ་སྨད་སྙིགས་དུས་མཁས་པའི་སྣང་བྱེད་ནུབ།།རྨོངས་ཁྱུ་འབྱུང་པོའི་བྱ་ཚོགས་ནར་མར་རྒྱུ།།མི་སྲོག་ཚོད་ལེན་སྐད་ངན་སྒྲོག་དུས་འདིར།། ཕྲན་ཆུང་སྲིན་བུའི་འོད་སྤྲོ་སྐྱེངས་པའི་རྒྱུ།།ལགས་མོད་དགོས་པས་དབེན་ཞིང་ངལ་རྒྱུར་ཟད།།ཚུལ་དེ་ནའང་བློ་གཏད་གྲོགས་མཆེད་འགས།།སྒྲིབ་མེད་དྲན་པའི་ཐག་པ་རིང་བརྐྱངས་ཚེ།ཅུང་ཟད་མཚོན་ཙམ་གླེང་བའི་དགེ་བ་དེས།།སྐྱེ་དགུའི་དུཿཁའི་ཚ་གདུང་རབ་བཅིལ་ཏེ།།ཕན་བདེའི་གནས་ཡུལ་འཕེལ་བའི་ཀུནྡའི་ཚལ།།རྣམ་པར་རྒྱལ་པའི་ཤར་གྱི་ཐིག་ལེ་ཆེ།།ཉེར་འཚེས་ནུབ་མེད་རྒྱུ་རུ་གྱུར་ཅིག་གུ།
(མཁའ་འགྲོ་སྐྱབས།ཤ་བོ་བྲུག་མོ།)
 
བསམ་གཞིགས།
༡སྨན་གྱི་ཚབ་ཡིག་གཏོང་ཚུལ་བསྟན་པ་ལ་དགོས་པ་ཅི་ཡོད།
༢སྨན་གྱི་ཚབ་ཡིག་གཏོང་བའི་རིགས་པའི་གཞི་འཛིན་ས་གང་ཡིན།
༣ཙན་དན་དཀར་པོའི་ཚབ་ཏུ་སྟོང་ཟིལ་མེ་ཏོག་དཀར་པོ་ཅན་ལས་གཞན་གཏོང་ཆོག་གམ།
༤བསེ་རུའི་ཚབ་ཏུ་སྔོ་སྨན་གཏོང་ཆོག་གམ།
༥ཚབ་སྨན་གྱི་ནུས་པ་དངོས་སྨན་ལས་ཆེ་བ་ཡོད་དམ།
༦ཚབ་ཡིག་གཏོང་ཚུལ་མི་ལེགས་པའམ་དགོས་པ་ཆུང་སྙམ་པ་ཡོད་དམ།གང་དག་ཡིན།རྒྱུ་མཚན་ཅི།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号