ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བརྒྱད་པ།ཚབ་ཡིག་ཡོངས་ཀྱི་བཅུད་བསྔུས་སྨན་དབུལ་སེལ་བའི་ནོར་བུ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ལེའུ་བརྒྱད་པ།ཚབ་ཡིག་ཡོངས་ཀྱི་བཅུད་བསྔུས་

སྨན་དབུལ་སེལ་བའི་ནོར་བུ། 
དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད།
 
ས་བཅད་དང་པོ།སྤྱིར་བཤད་པ།
 
ཨོཾ་ཨ་ཐྰ།སྟོན་པ་སྨན་བླ་གསུང་སྐྱེས་སྡེ་བཞིའི་འཁོར།ཨོ་རྒྱན་རྗེ་དང་སྨན་རྒྱལ་གཡུ་ཐོག་མགོན།།བརྒྱུད་འཛིན་རྒྱ་བོད་མཁས་པའི་ཚོགས་ཀུན་ལ།།མི་ཕྱེད་དད་པས་སྤྱི་བོས་འདུད་བྱས་ཏེ།།འདིར་ནི་དཔལ་ལྡན་རྒྱུད་དང་མཁས་པའི་གཞུང༌།།རྒྱ་བོད་མཁས་པའི་སྔོ་འབུམ་མན་ངག་སྐོམ།མཐའ་འཁོབ་དབུལ་བོའི་འཚོ་སྨན་ཉེར་མཁོ་རུ།།སྐྱེས་ཚད་སྨན་དུ་སྦྱོར་བའི་འཕྲུལ་འདི་སྤེལ།།དེ་ཡང་རྒྱུ་དྲུག་ཚོགས་པའི་འཚོ་མཛད་ཀྱི་སྨན་པ་རྣམས་ལས།རྒྱལ་པོ་སོགས་ཆེ་དགུའི་སྨན་པ་ལྟ་བུའམ།མིན་ཀྱང་འབྱོར་བ་དང་ལྡན་ཞིང་རྒྱུད་དོན་ཤེས་པ་ལག་ལེན་ལ་ནང་བྱན་ཚུད་པ་དག་གིས་ནི་ཕྱི་མ་འཕྲིན་ལས་རྒྱུད་ཉིད་ལས་གཙོ་བོར་བསྟན་ཅིང༌།རྒྱ་བོད་སྐྱེས་མཆོག་སྔ་ཕྱི་ཐམས་ཅད་ཀྱི་གཞུང་རྣམས་ནས་ཞིབ་རྒྱས་སུ་བསྟན་པ་ལྟར་ཞི་བྱེད་སྨན་གྱི་སྦྱོར་བ་སྡེ་ཚན་བརྒྱད་དང༌།དེ་རྣམས་ལས་ཆེད་ཁྱད་པར་དུ་འཕགས་པ་རིན་ཆེན་ཚ་གྲང་གི་རིལ་བུ་སོགས་ཀྱི་སྦྱོར་བ་རྣམས་ཚུལ་བཞིན་ཉམས་སུ་བསྟར་བ་ནི།ནད་སེལ་ལྷའི་བདུད་རྩི་ལྟ་བུ་དངོས་སུ་ཡིན་ཏེ།ཇི་སྐད་དུ།ཞི་བྱེད་སྡེ་བརྒྱད་རིན་ཆེན་སྦྱོར་བ་རྣམས།།གསོ་བྱའི་ནད་ལ་སེལ་འགའ་མེད་ཀྱང༌།།ཞེས་པ་ལྟར་ཡིན་ལ།འོན་ཀྱང་དགོས་པ་ཁྱད་
① ཚབ་ཡིག་ཡོངས་ཀྱི་བཅུད་བསྡུས་སྨན་དབུལ་སེལ་བའི་ནོར་བུ་ཞེས་བྱ་བའི་གཞུང་འདི་
ནི་དེའུ་དམར་བའི་གསུང་རྩོམ་གཅེས་བཏུས་རིན་ཆེན་ཕྲེང་བ་རུ་བཞུགས་ཀྱང་དེའི་མཇུག་བྱང་དུ།དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་གསུང་ཡིན་མིན་མ་ངེས་ཀྱང༌། དེང་སང་སྔོ་སྨན་གྱི་ནུས་པ་ཞིབ་གཅོད་བྱེད་སྐབས་དཔྱད་གཞི་དང༌།འབྲོག་ཁུལ་སོགས་སྨན་དཀོན་སར་སྨན་སྦྱོར་ལ་མཁོ་ཆེ་བར་སེམས་ནས་བསྒྲིགས་པའོ།།ཞེས་འབྱུང་བ་ལྟར་དེའུ་དམར་བའི་གསུང་ཡིན་མིན་གང་ལྟར་ཡང་ཚབ་ཡིག་གཏོང་བ་ནི་བཙལ་ཀྱང་མི་རྙེད་པའི་སྨན་རྒྱུ་དཀོན་པོ་རིགས་སམ།སྨན་པ་རང་རང་གི་ཡུལ་དུ་རྙེད་དཀའ་བའི་རྩི་སྨན་གྱི་རིགས་དང༌། ཁྲོག་སྨན།སྲོག་ཆགས་ཀྱི་སྨན་འགའ་ཞིག་གི་ཚབ་ཏུ་སྔོ་སྨན་རྙེད་སླ་བ་ཅི་དང་ཅི་གཏོང་བའི་ཚུལ་སྟོན་པ་ཡིན་པས་རྩི་ཤིང་སྲོག་ཆགས་སོགས་སྐྱེ་དངོས་རྒྱུན་ཆད་ལ་ཉེ་བ་རྣམས་སྲུང་སྐྱོབ་དང།སྨན་སྦྱོར་ཁ་ཚང་བ།རོ་ནུས་ཞུ་རྗེས་མཐུན་སྦྱོར་སོགས་ལ་ཞིབ་འཇུག་གི་རིན་ཐང་ལྡན་ནོ།།
 
པར་བ་ཡུལ་མཐའ་འཁོབ་དང༌།དུས་ལྔ་བརྒྱའི་ཐ་མ་འཚོ་བྱེད་པ་སྨན་པའི་རྒྱུ་དྲུག་ཚོགས་ཤིང་རོ་ནུས་ཞུ་རྗེས་སོགས་ཀྱི་འགྲོ་ལྡོག་ལ་མཁས་ཤིང༌།རྒྱུད་དང་མན་ངག་གི་གསང་ཤེས་པ་སྙིང་རྗེ་ཅན་ཡོ་བྱད་ཀྱིས་ལེན་པ་ལྟ་བུ་རྣམས་ཀྱི་དོན་ཆེད་དུ་བསྟན་པ་སྟེ།རྒྱུད་ཀྱི་ལེའུ་བཅུ་གཉིས་པ་སྔོ་ཡི་སྦྱོར་བ་ལས།ལྔ་བརྒྱ་དུས་ཀྱི་ཐ་མར་སླེབས་པའི་ཚེ།།སྐྱེས་ཚད་མཐོང་ཚད་སྨན་དུ་མ་ཁོལ་ན།།ནུས་ལྡན་དཀོན་པས་བཙལ་དུ་ག་ལ་རྙེད།།ཅེས་དང༌།དེའི་དོན་ཡང༌།དབུལ་བོའི་ནད་པ་རྣམས་ཀྱིས་བླུ་མི་ཐེག།མཐའ་འཁོབ་ཡུལ་སདུ་བཙལ་བས་རྙེད་པར་དཀའ།།ཐག་རིང་ཡུལ་དུ་བཙལ་བས་ནད་པ་འཆོར། ཞེས་དང༌།དཔེར་ན་ལྷ་དང་ཀླུ་ཡི་ནོར་བུ་འདྲ།།རྙེད་ཀྱང་དབུལ་བོའི་ནད་པས་ཅི་ལ་ཐེག།དཔེར་ན་ཟོང་མེད་ཚོང་དུས་འཁྱམས་པ་འདྲ།།ཞེས་གསུངས་པ་ལགས།དེ་ལྟར་སྔོ་སྐྱེས་མཐོང་གི་རིགས་ཐམས་ཅད་སྨན་དུ་སྦྱར་རུང་བའི་དགོངས་གཞི་ནི་ཇི་ལྟ་བུ་ཞེ་ན། སློབ་དཔོན་མ་ཁོལ་གྱི་ཡན་ལག་བརྒྱད་པ་ལས།དེ་ལྟར་འགྲོ་བའི་དོན་ཆེན་དང༌།།སྦྱོར་བ་སྣ་ཚོགས་དབང་གིས་ནི།།སྨན་མིན་ཅི་ཡང་ཡོད་མ་ཡིན།།ཞེས་གསུངས་པའི་ཐད་ཀྱི་འགྲེལ་བ་ཟླ་ཟེར་རུ།དེ་ལྟར་འབྱུང་བ་ཆེན་པོ་ལྔ་ལས་བྱུང་བ་འདི་ན་སྨན་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་འགྲོ་བ་དང་འཁོར་བའི་གནས་འདི་ན་སྨན་མ་ཡིན་པར་གྱུར་པའི་རྫས་ཅི་ཡང་ཡོད་པ་མ་ཡིན་ཏེ་གཞན་དུ་ཐམས་ཅད་ཀྱང་སྨན་ཉིད་ཡིན་ནོ།གང་གི་དབང་ཞེ་ན།སྣ་ཚོགས་དང་སྦྱོར་བའི་དབང་གིས་ཞེས་བྱ་བ་སྟེ།དོན་དང་དགོས་པ་དང་རྒྱུའོ།།སྦྱོར་བ་ནི་རིག་པར་བྱ་སྟེ།།དེ་དག་སྣ་ཚོགས་པར་བྱས་པའི་དོན་དང་སྦྱོར་བ་དག་གི་དབང་གིས།རྫས་ཅི་ཡང་རུང་བ་སྟེ་ཐམས་ཅད་ནད་སེལ་བར་བྱེད་པའི་དགོས་པ་ཡོད་པས་སྨན་ཉིད་ཡིན་ནོ།ཞེས་དང༌།རྒྱུད་ལས་ཀྱང༌།དེ་བས་དངོས་དང་སྦྱར་བའི་དབང་གྱུར་ལས།།ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན།།ཞེས་གསུངས་སོ།དེ་ལྟར་ཡིན་མོད་ཀྱང་ནུས་པ་ནི་རྩི་དང་ཐང་སྨན་གྱི་རིགས་རྣམས་ཆེས་ཆེ་ཞིང༌།སྔོ་རྣམས་ནི་ནུས་པ་དམན་ནོ་སྙམ་དུ་འགའ་ཞིག་གི་རྟོག་པ་ལ་འབྱུང་མོད།ཚུལ་བཞིན་དུ་བསྒྲུབས་ན་དེ་ལྟར་མ་ཡིན་ཏེ།རྒྱུད་ལས།འོན་ཀྱང་ནུས་པ་རྩིབས་སྔོ་རང་ཆེ།།ག་བུར་ཉིད་ཀྱང་ཟིལ་གྱིས་གནོན་པར་ནུས།།སྔོ་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད།།ཅེས་དང༌།སྨན་མཆོག་འདི་ཡི་བསིལ་ནུས་ཀྱིས།།ཤིང་བཅུད་ག་བུར་ཉིད་ཀྱང་ཟིལ་གྱིས་གནོན།།ཞེས་སྟོང་ཟིལ་སོགས་བསིལ་སྨན་རྣམས་ཀྱི་ཡོན་ཏན་དང༌།གློ་བའི་རྣག་ཁྲག་འདྲེན་པ་ལ།།འདི་ཡི་གོང་ན་སྨན་གཞན་མེད།།ཅེས་དཀར་པོ་ཡར་འདྲེན་སོགས་འདྲེན་སྨན་རྣམས་ཀྱི་ཡོན་ཏན་དང༌།ཚ་བའི་རིགས་རྣམས་འཇོམས་པ་ལ།འདི་ལས་གཞན་པའི་གྲོགས་པོ་ལྟོས།།ཞེས་བདུད་རྩི་ལོ་མ་སོགས་ཀྱི་ཡོན་ཏན་དང༌།།གཉན་ཚད་འཇོམས་པའི་དཔའ་བོ་ལ།།འདི་ནི་བདུད་རྩི་ལྟ་བུ་ཡིན།།ཞེས་མིང་ཅན་སོགས་ཀྱིས་མཚོན་པ་རྣམས་ཀྱི་ཡོན་ཏན་དང༌།མགོ་བོ་བཅད་ཀྱང་ཁྲག་མི་ཟགས།།རྩ་ཁྲག་སྡོམ་པའི་དཔའ་བོ་ཡིན།།ཞེས་ཀོན་པ་གབ་སྐྱེས་སོགས་ཁྲག་གཅོད་རྣམས་ཀྱི་ཡོན་ཏན་དང༌།ཡན་ལག་ཆད་པའང་མཐུད་གྱུར་ན།།རྨས་འགྲམས་ཙམ་ལ་སྨོས་ཅི་དགོས།།ཞེས་སྟག་ཤས་མཚོན་རྨ་སྨན་རྣམས་ཀྱི་ཡོན་ཏན་དང༌།གཞན་ཡང་དུད་འགྲོས་རྙེད་པའི་བཅད་འབྱོར་ཉི་ཤུ་ངོ་མཚར་བའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བཅས།དེ་ལ་སོགས་པ་རྒྱ་བོད་ཀྱི་ཚད་མའི་ལྷ་དང་དྲང་སྲོང་གིས་མཛད་པའི་འཁྲུངས་དཔེ་ལས་མང་དུ་འབྱུང་བ་རྣམས་ངེས་པའི་དོན་བསླུ་བ་མེད་པ་རྡོ་རྗེའི་ཚིག་ཁོ་ནའོ།རྒྱུ་མཚན་དེ་བས་ན།དེ་ཕྱིར་ས་ལ་སྐྱེས་པའི་སྔོ་རྣམས་ཀུན།།སྐྱེས་ཚད་མཐོང་ཚད་སྨན་དུ་སྦྱར་ཐབས་བསྟན།།ཞེས་གསུངས་པ་བཞིན།།སློབ་དཔོན་མཁས་པ་ཚད་ཐུབ་བསྟེན་ནས།རོ་ནུས་ཞུ་རྗེས་ཀྱི་འགྲོ་ལྡོག་ཚུལ་བཞིན་ཤེས་པ་དག་གིས་ནི།རྒྱུད་ཕྱི་མའི་སྔོ་སྦྱོར་གྱི་མན་ངག་དེ་ཉིད་གཞིར་བཞག་སྟེང་གང་ལ་གང་འཚམ་གྱི་སྔོ་ཡི་སྨན་རྣམས་སྨན་མཁྱེན་མཁས་པ་ཆེན་པོ་གོང་མ་རྣམས་ཀྱི་མན་ངག་གི་ཡིག་ཆ་དང༌།སློབ་དཔོན་མཁས་པའི་མྱོང་བཅོས་ཀྱི་མན་ངག་བཞིན་མདེ་ཁ་བསྒྱུར་ཏེ་གཏོང་བ་ཉིད་ལས།ལ་སྨན་གྱི་ཚ་བ་སོགས་གཏོང་ཞིང་སྨན་སྦྱོར་བྱེད་པ་དེ་ལྟབུ་ག་ལ་དགོས།འོན་ཀྱང་དེ་ལྟར་མི་ཤེས་ཤིང་རྒྱུད་དང་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པའི་སྦྱོར་སྡེ་འཚོ་བྱེད་སྤྱི་ལ་རླུང་ལྟར་གྲགས་པ་རྣམས་ཁོ་ན་ལས།སློབ་དཔོན་མཁས་པའི་མན་ངག་ཁྱད་པར་ཅན་དང༌།རང་གི་བློ་གྲོས་ཀྱིས་དཔྱད་པས་རོ་ནུས་ཞུ་རྗེས་སྤྱི་དང༌།ཁྱད་པར་ངོ་མཚར་བའི་ནུས་པར་གཞིགས་ཏེ་གཏོང་བས་དབེན་པ་རྣམས་ཀྱིས་དེང་སང་ལྗོངས་འདིར་ཕལ་ཆེར་གྱ་གྱུར་རོལ་བ་དག་མཐོང་ངོ༌།།དེ་མིན་རྩི་སྨན་དང་ཐང་སྨན་རྣམས་ལ་འདྲ་ཚབ་གཏོང་བ་ནི་ཕྱག་བཞེས་ཡིན་ལ།དེ་ལ་སྨན་པ་འོལ་སྤྱི་ཙམ་རྟོགས་ཤིང༌།ཞིབ་ཏུ་མ་སྦྱང་བ་ཁ་ཅིག་སྨན་གྱི་དངོས་འགངས་ཆེ་བ་ཧྲག་པོ་ཡོད་པའི་སྙེམས་པས་ཁེངས་ནས་རྩི་དང་ཐང་སྨན་གྱི་རིགས་རྣམས་ལ་ཁོ་རང་དངོས་གཏོང་བ་གཞིར་བཅས་ལ།འདྲ་ཚབ་གཏོང་ཟེར་བ་རྫུན་ཡང་དག་སྨན་པའི་གཟུགས་བརྙན་མུ་ཏོ་བ་དག་བྱེད་པ་ནི་རྒྱུད་དོན་ཁྱད་དུ་གསོད་པའོ་ཞེས་ཟེར་ཞིང་དཔའ་སྐད་ཀྱི་ང་རོ་སྒྲོག་པ་དག་མཐོང་མོད་ཀྱང༌།དེ་ལ་སྤྱིར་རྒྱུད་དང་རྒྱ་གཞུང་ཆེན་མོ་རྣམས་ལས་བྱུང་བའི་ལས་སྒྲུབ་སྐབས་ཀྱི་རྫས་རྣམས་དང༌།བུམ་རྫས།སྤོས་སྦྱོར་གྱི་སྨན་སོགས་འཕགས་ཡུལ་ཉིད་ལས་བོད་དུ་མི་འབྱུང་ཞིང་རྙེད་དཀའ་རིགས་རྣམས་ལ།བོད་སྨན་གྱིས་ཚབ་གཏོང་བ་ནི།སྔོན་བྱོན་གྱི་ལོ་པཎ་མཁས་གྲུབ་རྣམས་ཀྱིས་ཕྱག་བཞེས་ཀྱི་རྒྱུན་རྣམ་དག་ལ་ཡོད་ཅིང༌།དེ་མ་ཟད་གསོ་རིག་གི་སྐབས་སུའང་སྨན་པ་ཚད་ལྡན་འགས་བོད་སྨན་ཚབ་གཏོང་སྲོལ་ཡོད་པ་དང༌།རྗེ་གཡུ་ཐོག་པ་ཆེན་པོ་སྔ་ཕྱི་དང་བོད་སྨན་མཁས་པ་མི་དགུས་ཀྱང་འཕགས་ཡུལ་གྱི་སྨན་ཕལ་ཆེར་བོད་དུ་མི་འབྱུང་བ་ལ།དེ་མཚུངས་ཀྱི་རིགས་རང་ཅག་གི་སྨན་ལ་མིང་འདོགས་གནང་བ་དང༌།མཉམ་མེད་ཇོ་བོ་ཆེན་པོ་དཔལ་མར་མེ་མཛད་ཀྱིས་བརྒྱད་པ་རྩ་འགྲེལ་འཆད་ཀྱང་བོད་དུ་འཕགས་ཡུལ་གྱི་སྨན་མི་བདོག་པས་བཤོལ་དགོངས་ཙ་ན།རྗེ་བཙུན་མ་ཉིད་ནེ་ཙོ་རུ་སྤྲུལ་ནས་ཡེར་པ་ན་བོད་ཀྱི་སྔོ་སྨན་འདི་དང་འདི་ཞེས་བྱ་བ་དང༌།འཕགས་ཡུལ་སྨན་འདི་དང་འདི་མཚུངས་སོགས་ཞིབ་ཏུ་སྨྲས་ཚེ།ཨ་ཡེ་ངེད་རྒྱ་གར་བའི་སྨན་ཐམས་ཅད་དང་འདྲ་མཚུངས་རེ་བོད་ན་འང་ཡོད་པར་གདའ།ད་གསོ་དཔྱད་འཆད་ན་ཕན་ཐོགས་པར་མཆིས།ཞེས་བཀལ་གནང་བར་བཤད་པ་དང༌།རྗེ་ཟུར་མཁར་བ་ངྷརྨ་སྭ་མིའི་མ་ནུའི་དྲིས་ལན་སེང་གེའི་ང་རོ་ལས་ཀྱང༌།གལ་ཏེ་མ་ནུ་སོགས་གང་མ་ཚང་ན་ཚབ་རུང་བའི་སྨན་ནི་གང་མ་ཚང་བ་དེ་དང་རོ་ནུས་མཚུངས་པ་གཞན་བཏང་ལ།འབྱིན་འཇུག་གི་འཕྲུལ་འཁོར་སོགས་གོ་བར་འགྱུར་རོ།།ཞེས་གསུངས་པ་སོགས་རོ་ནུས་ཞུ་རྗེས་ངོ་བོའི་སྒོ་ནས་རིགས་པ་དང༌།ཕྱག་རྒྱུན་རྣམ་དག་གི་ཚབ་གཏོང་བ་ནི་ཚད་ཐུབ་ཐམས་ཅད་ཀྱི་དགོངས་དོན་དངོས་དག་ཡིན་ཞིང༌།ལྷག་ཏུ་ཁམས་ཕྱོགས་འདིར་རྩི་ཐང་ལ་སྨན་གྱི་རིགས་རྣམས་དཀོན་པའི་སྟབས་ཀྱིས་ཆེས་དར་ཆེ་ནའང་སྨན་པ་རྣམས་ཀྱི་རང་གི་བློ་སྒོར་དྲིས་པའི་མི་རེའི་ངག་ནས་རེ་རེ་སྨྲ་བ་ལྟ་བུའི་སྣ་ཚོགས་པར་སྣང་ཞིང༌།ཕལ་ཆེར་རོ་ནུས་ཞུ་རྗེས་ཀྱི་འགྲོ་ལྡོག་གང་ཡང་མི་ཤེས་པར་དབྱིབས་ཀྱི་རྣམ་པ་འདྲ་མཚུངས་ལ་ལྟོས་ནས།ཚབ་བྱེད་པ་ཁོ་ནར་སྣང་ཞིང་འདྲ་ཚབ་ཀྱི་ཡི་གེ་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་མཛད་ཟེར་བ་དང༌།ཟུར་མཁར་བས་མཛད་ཟེར་བ་གཉིས་འདུག་མོད་བླུན་པོ་སྙིང་ཁམས་ཅན་རེས་དེ་དག་ལ་ཁ་གཡར་བ་ཁོ་ནར་སྣང་ཞིང༌།དེ་གཉིས་ཀྱང་ནང་གསེས་མི་མཐུན་པར་འདུགདེ་བས་ན་དབྱིབས་ལ་ལྟོས་པ་མིན་པར་རོ་ནུས་ཞུ་རྗེས་སྤྱི་དང༌།ཁྱད་པར་སྨན་སོ་སོའི་ངོ་བོའི་ནུས་པ་ཁོ་ན་དབང་བཙན་པའི་ལུགས་དགོས་ཤིང༌།དེ་ལའང་རྩི་ཐང་སྔོ་སོགས་ཀྱི་སྨན་དངོས་རྣམས་དང་ཚབ་སྨན་གྱི་ནུས་པ་ཁྱད་མེད་དུ་མཉམ་པ་འམ་མཚུངས་པ་ཕལ་མོ་ཆེར་མི་འོང་མོད།འོན་ཀྱང་ནད་ཀྱི་གཏོང་ཡུལ་སྨན་གྱི་སྦྱོར་བ་དག་ལ་ལྟོས་ཏེ།ནུས་པ་གོ་མ་ལྡོག་པ་གཏོང་ཡུལ་ནད་ཀྱི་འབེན་ལ་སྦྱོར་བ་སྨན་གྱི་མདལ་ཕོག་ངེས་ཤིག་དགོས་པ་ཡིན་པ་དེ་ལྟར་ཡིད་ལ་བཅགས་ནས།
 
ས་བཅད་གཉིས་པ།བྱེ་བྲག་ཏུ་བཤད་པ།
 
ཐོག་མར་བཟང་པོ་དྲུག་ལས་བསིལ་གསུམ་གྱི་ཅུ་གང་ཚབ་ཏུ་རི་ཁ་ལྷོ་བྱང་ལ་བསྟན་པའི་ཕུག་པ་གཏིང་རིང་དུ་ཆགས་པའི་འཇིམ་དཀར་ལ་བོད་སྨན་མཁས་པ་མི་དགུས་དུས་ནས་ཀྱང་ཅུ་གང་དུ་མིང་འདོགས་མཛད།ཡང་ན་རྫ་འཇམ་ལ་སྐྱེ་བའི་པུཥྤ་དཀར་སིབ་འདབ་དཀར་གྱི་རིགས་ཤིན་ཏུ་གྲངས་མང་བ་དེ།རིན་ཆེན་སྒྲོན་མེར། ཅུ་གང་མེ་ཏོག་རྫ་འཇམ་སྐྱེ།མེ་ཏོག་དཀར་སིབ་དྲིལ་བུ་ཁ།།རོ་མངར་གློ་བའི་ནད་ཀུན་སེལ།།རྨ་ཚད་གཅོག་ཅིང་གློ་བ་གསོ།།ཞེས་གསུངས་ཤིང༌།མན་ངག་ཏུ།ཟླ་བའི་བུ་མོས་གློ་ཚད་རིགས་ཀུན་འཇོམས།།ཞེས་པུཥྤ་རྐྱང་བ་གྲིབ་སྐམ་བྱས་པ་དེའམ། སྐབས་འགར་སྲོ་ལོ་དཀར་པོའི་རྩ་བ་གྲིབ་སྐམ་བྱས་པ་གསུམ་གང་རུང་གཏོང༌།
གུར་གུམ་གྱི་ཚབ་ཏུ།རྗེ་རང་བྱུང་བས།པྲི་ཡང་ཀུ་ཡིས་མཆིན་ཚད་སེལ།།ཞེས་དང༌།འཁྲུངས་དཔེར། རོ་ནི་མངར་ཁ་མཆིན་ཚད་སེལ།།ཁྲག་གཅོད་རྨ་འདྲུབ་ཆུ་སེར་སྐེམ།།ཞེས་གསུངས་པས་རི་ཁ་ལུང་ཉིན་དུ་སྐྱེ་བའི་པྲི་ཡང་ཀུའི་པུཥྤ་གྲིབ་སྐམ་བྱས་པ་དང༌། སྐབས་རེ་ལ།མཚེ་ལྡུམ་བྲག་སྐྱེས་རྨ་ཕབ་སྟེ་བསིལ་སྐམ་བྱས་པ་དེའམ།གུར་ཏིག་ཆེ་བ་འབྱར་བག་ཅན་སྲིབ་ལ་སྐྱེ་བ་རྒྱུ་བཟང་དེའི་མེ་ཏོག་གཏོང་སྟེ།འཁྲུངས་དཔེར།མེ་ཏོག་སེར་པོས་མཆིན་ཚད་སེལ།།མཆིན་པ་རྨ་གསོ་རྩ་ཁྲག་གཅོད།།དེ་ཕྱིར་མཆིན་པ་བཅད་འབྱོར་ཟེར།།ཞེས་འབྱུང་བས་དེ་གསུམ་སྐབས་ཐོབ་གཏོང༌།
ལི་ཤིའི་ཚབ་ཏུ།རྫ་མཐོ་སའི་ཏང་ཀུ་དཀར་པོ་བོངས་ཐུང་བའི་པུཥྤ་དུས་བཏུས་གྲིབ་སྐམ་བྱས་པ་ནི།རང་བྱུང་བས།ཏང་ཀུས་སྙིང་གི་ཚད་པ་སེལ།ཞེས་དང༌།འཁྲུངས་དཔེར །དཀར་པོ་མེ་ཏོག་དཀར་སྨག་ཅན།།སྙིང་སྲོག་ཚ་བ་འཇོམས་པའི་མཆོག།ཅེས་གསུངས་པ་དང།སྐབས་རེར། བ་ལུས་མེ་ཏོག་ཁ་འབུས་ཙམ་པ་དེས་བྱ་སྟེ།རང་བྱུང་བས།ད་ལིས་གྲང་རླུང་ཀུན་སེལ་ལོ།།ཞེས་དང༌། གདམས་པ་སུམ་ཅུ་པ་ལས།ད་ལི་དྲོ་ཞིང་སྐམ་པས་བད་ཀན་སེལ།། གློ་ནད་གཟེར་ཐབས་དང་ག་འགགས་ལ་ཕན།།ཞེས་དང༌།རིན་ཆེན་སྒྲོན་མེར། གློ་དང་སྐྱ་རྦབ་སྲོག་རླུང་སེལ།།ཞེས་གསུངས་པ་སྐབས་ཐོབ་འཕྲུལ།ཁ་ཅིག་རྩྭ་ཨ་ཝའི་པུཥྤ་དང༌།ཉ་བྲིད་ཀྱི་གོང་བུ་སོགས་ལ་བྱེད་པ་ནི་ཆེས་ནོར་ཞིང༌།ཁ་ཅིག་དམུ་རྫིང་ལ་ལི་ཤིའི་འཕྲུལ་སྦྱོང་སྐབས།སྒ་ཏིག་གི་རིགས་འདྲ་བ་རོ་ཁ་བ་མེ་ཏོག་དམར་སྐྱ་དྲི་ཞིམ་ཅན་དེས་ཚབ་བྱེད་མོད་ཀྱང༌།ཕྲན་གྱི་སློབ་དཔོན་གྱིས་འདི་ཤང་དྲིལ་དཀར་པོའི་རིགས་རླུང་ཁྲག་སྟོངས་རིམས་ལ་འགྲོ་ཙམ་ཡིན་པར་མཛད་ཀྱིས་འདི་སྐབས་མི་འཐད།འཕྲུལ་སྦྱོང་སྐབས་སུ།མཆོང་རྩ་གཡུ་འདབ་བྱུ་རུའི་མེ་ཏོག་དངོས་ཉིད་ལི་ཤིའི་ཚབ་བྱེད་ཅིང་པུཥྤ་བསིལ་སྐམ་དང་ལག་ལེན་ཞིབ་པ་ངག་ལས་ཤེས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号