ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བརྒྱད་པ།ཚབ་ཡིག་ཡོངས་ཀྱི་བཅུད་བསྔུས་སྨན་དབུལ་སེལ་བའི་ནོར་བུ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
དྲོད་གསུམ་གྱི་ཛཱ་ཏིའི་ཚབ་ཏུ།རང་བྱུང་བས།གོ་སྙོད་སྙིང་ཚད་རླུང་ནད་སེལ།།ཞེས་གསུངས་པས།ཀླུང་གི་གྲམ་ལ་སྐྱེ་བའི་གོ་སྙོད་འབྲས་བུ་བཟང་སྨིན་དང་སྐབས་རེར་ཏང་ཀུ་ནག་པོ་འམ་མེ་ཏོག་ཀྱང་རུང་སྟེ།འཁྲུངས་དཔེར། རོ་ནི་ཚ་ཞིང་དྲི་བསུང་ཞིམ།།རང་གི་ནུས་པས་སྙིང་ཚད་སེལ།།ཞེས་འབྱུང་བའམ།ཡང་ན་སྟར་གའི་ཚི་གུའི་ནང་མར་དེ་གཏོང་བ་གང་རུང་སྟེ།རང་བྱུང་བས།སྟར་འབྲས་རླུང་ནད་སེལ་བ་ཡིན།།ཞེས་གསུངས་སོ།།
སུག་སྨེལ་ཚབ་ནི།ལྕགས་ཕྲེང་དུ།བྲེ་གའི་འབྲས་བུ་དྲོ་ལ་སྐམ་པར་འདུགཅེས་དང༌།རང་བྱུང་བས།བྲེ་གས་མཁལ་ནད་ཀུན་ལ་ཕན།།ཞེས་འབྱུང་བསརྒྱ་ཤོད་སྐྱེ་བའི་བྲེ་གའི་འབྲུ་བཟང་པོ་དེ།གྲུབ་ན་རྒྱ་རག་ཉུང་ངུར་རླངས་པ་མ་ཤོར་བར་བཙོ་བསྟིམ་གྱིས་དྲོད་ནུས་བཀུག་པར་བྱའོ།།ཡང་ན་སྒོག་རིགས་རྒྱ་བའི་པུཥྤ་ཉི་མར་བཙན་སྐམ་བྱས་པ་གཏོང་སྟེ།འཁྲུངས་དཔེར།རོ་ཚ་ནུས་པས་གྲང་རླུང་དང༌།།ཕོ་མཆིན་མཁལ་མའི་གྲང་ནད་འཇོམས།།ཞེས་འབྱུང་བས་སོ།
ཀ་ཀོ་ལའི་ཚབ་ནི།རྒྱ་ཤོད་སྐྱེ་བའི་ར་མཉེའི་པུཥྤ་བྱེད་པར་སྣང་བ་ནི།རོ་སྐོར་ལས། ར་མཉེ་ཅུང་བསིལ་ནུས་པ་དྲོ།།ཞེས་དང༌།ལྗོན་ཤིང་ལས།ར་མཉེ་ཕོ་བའི་མེ་དྲོད་བསྐྱེད།།མཚེར་གྲང་དྲོད་བསྐྱེད་ལུས་ཡང་བདེ།།ཡི་ག་འབྱེད་ཅིང་བད་མཁྲིས་སེལ།།ཞེས་གསུངས་པས།མྰུ་ལ་པུཥྤ་གང་ཡང་རུང་བ་སླ་ངར་ཉི་མར་ཚ་སྐམ་དགོས།ཡང་ན་ཀླུང་ཤོར་སྐྱེ་བའི་སྤྲུ་ནག་དངོས་ཀྱི་འབྲས་བུ་དྲོད་སྐམ་བྱས་པ་དེ་གཏོང་བ་ནི།རང་བྱུང་བས།སྤྲུ་དཀར་ཁྲག་གཅོད་སྤྲུ་ནག་གིས།།གདོན་གྲང་འདུལ་ཞིང་སྲིན་ལ་ཕན།།ཞེས་འབྱུང་བས་སོ།ཁ་ཅིག་སྤྲུ་དཀར་འབྲས་བུ་ལ་བྱེད་པ་ནི་ནོར་བའོ།
ཨ་རུ་རའི་ཚབ་ནི།རྗེ་ཟུར་མཁར་བས།རྒྱ་གར་ཡུལ་དུ་ཤིང་སྐྱེས་པ།།ཨ་རུ་ར་ཡི་ནགས་ཚལ་འཁྲུངས།།བལ་བའི་ཡུལ་དུ་ཤིང་སྐྱེས་པ།།ཏྲ་ལ་ཧ་ཞེས་བྱ་བར་གྲགས།།བོད་ཀྱི་ཡུལ་དུ་ཤིང་སྐྱེས་པ།།ཀླུ་ཤིང་འོམ་བུ་ཞེས་བྱར་གྲགས།།ཞེས་གསུངས་པས་འོམ་བུའི་མེ་འབྲས་སྡོང་པོ་གང་རུང་དུས་བཏུས་ཚད་ལྡན་གཏོང་སྟེ།ལྗོན་ཤིང་ལས། འོམ་བུས་འདུས་ནད་ཁྲག་ཚད་སེལ།།དུག་ཚད་ཁོང་དུ་འཇོམས་པར་བྱེད།ཅེསདང༌།འཁྲུངས་དཔེར །ནུས་པས་དུག་ཚད་འདུས་པའི་ནད།།རྙིང་ཞེན་ཐམས་ཅད་སྡུད་ཅིག་གསོད།།ཅེས་གསུངས་པ་དང༌།སྐབས་རེར་བྲག་ཞུན་བཟང་པོས་འདུབ་སྤྱི་སྙོམས་བྱེད་པར་བཤད་རྒྱུད་ལས་གསུངས་པ་དེ་དང༌།ཡང་ད་ལྟ་ཕལ་ཆེར་གྱིས།སྤོར་རམ་ལྡུམ་རྡོ་རྗེ་མཆུ་ཞེས་ཀྱང་ཟེར་བའི་རྩ་བ་རོ་བསྐ་མངར་ཁ་སྐྱུར་བཅས་ཡོད་པ་འདི་ཨ་རུའི་ཚབ་ལ་གཏོང་བ་ནི་རྐྱང་བཤད་སྐབས་སྤོར་གྱིས་རིམས་རྙིང་གཟེར་ནད་སྲིན་ནད་སེལ།།ཞེས་དང༌།འཁྲུངས་དཔེར། ཁོང་དུ་བཏང་བས་གཟེར་ཐབས་ནད།། རིམས་རྙིང་ཁྲག་ཐུམ་མིག་ནད་སྲིན།།ཆུ་ཤོར་གློ་ནད་བྲང་རྒྱབ་གཟེར།རྩིབ་ལོགས་གཟེར་དང་ལྷུ་ཚིགས་ལ།།ཆུ་སེར་བབས་དང་འདུས་པའི་ནད།།རོ་སྟོད་གཟེར་དང་ཚད་རྙིང་རིགས།།ཤིན་ཏུ་འབྱོང་དཀའི་ནད་རྣམས་སེལ།།ཞེས་འབྱུང་བས་དེ་གསུམ་སྐབས་བསྟུན་བྱ།
བ་རུ་རའི་ཚབ་ནི།སེ་བ་མདའ་སྒྲོ་མའི་མེ་ཏོག་གམ་སེ་བ་དཀར་པོའི་འབྲས་བུ་བྱུ་རུའི་དམ་འབེ་ལྟ་བུ་དེ་གཉིས་གང་རུང་སྟེ།འཁྲུངས་དཔེར། ནུས་པས་བད་མཁྲིས་མགོ་ནད་སེལ།།ཆུ་སེར་ཚ་བ་སྐམ་ཞིང་དྭངས།།ཞེས་དང༌།མཁྲིས་ནད་སྨུག་པོ་མཆིན་ནད་དང༌།།རླུང་ནད་གསོ་ཞིང་མཆོག་ཏུ་བརྟན།།ཞེས་གསུངས་པ་སྐབས་ཐོབ།སྤ་ཤུག་གི་འབྲུ་ཉིད་གཏོང་སྟེ།རྐྱང་སེལ་སྐབས་སུསྤ་འབྲུམ་མཁྲིས་པ་འགྲམས་དང་གཞང་འབྲུམ་སེལ།།ཞེས་བཤད་པ་འདིས་མཁྲིས་པ་བྱེར་བ་སྡུད་པ་དང།པགས་ལ་རྒྱས་པ་འཇོམས་པར་ནུས་པས་གང་རུང་ངོ༌།།
སྐྱུ་རུའི་ཚབ་ནི།རྒྱུད་ལས།རེ་སྐོན་ཁྲག་སྐེམ་སྨུག་པོ་རྩ་ཚད་སེལ།། ཞེས་དང༌།རང་བྱུང་བས།རེ་སྐོན་པ་ཡིས་ཁྲག་ཚད་སེལ།།ཞེས་གསུངས་པས་རེ་སྐོན་བཟང་བ་གཏོང༌།འདུས་ནད་སྐབས་སུ་རེ་སྐོན་ལ་ལྕུམ་གཞོན་ནུའི་ལོ་རྐང་གྲིབ་སྐམ་བྱས་པ་ཅུང་ཟད་བསྲེས་པ་སྐྱུ་རུའི་ཚབ་ཏུ་གཏོང་སྟེ།འཁྲུངས་དཔེར། ལོ་རྐང་ནུས་པས་བད་ཀན་སེལ།།ཞེས་པའོ།།
ག་བུར་ཚབ་ནི།རྫ་ཤིན་ཏུ་མཐོ་བསིལ་གྱི་ཆབ་ལ་སྐྱེས་པའི་སྟོང་རི་ཟིལ་བའི་མེ་ཏོག་སྔོ་ཁྲ་ཅན་དེ་བསིལ་སྐམ་ཚད་བཏུས་ཀྱིས་བྱེད་དེ།ལྗོན་ཤིང་ལས།མེ་ཏོག་སྔོ་སྨུག་ཡོད་པ་དེ།།ག་བུར་ནག་པོ་ཟིལ་གནོན་ཡིན།།ཞེས་དང༌།འཁྲུངས་དཔེར།ས་པས་ཚད་པ་རྒྱས་པ་འཇོམས།།ཁྲག་མཁྲིས་ཚ་བའི་མེ་དབལ་གསོད།།སྨན་མཆོག་འདི་ཡིས་བསིལ་ནུས་ཀྱིས།།ཤིང་བཅུད་ག་བུར་ཟིལ་གྱིས་གནོན།།ཞེས་གསུངས་སོ།།ཡང་ན།རྗེ་ངྷ་རྨ་སྭ་མིས།སྔོ་སྨེན་བསིལ་གྱུར་ཚོགས་ཚད་ཁཎྡར་བསྡུས།སྦྱོར་བའི་ག་བ་ར་ཚད་རིགས་མཐའ་དག་འཇོམས།། ཞེས་འབྱུང་བ་བཞིན་ཟིལ་བ་སྤུན་བདུན་དང་སྔོ་ཡི་མཛེས་མ་བདུན་རྣམས་ཀྱིས་གཙོས་ནུས་སྟོབས་ཁྱད་པར་ཅན་གྱི་བསིལ་སྨན་ཐམས་ཅད་གདུས་པའི་དུམ་བུ་དེ་ཆེས་ལེགས།ཚབ་རྡུལ་འབྱིན་སྐབས་ག་བུར་ཚབ་ཏུ་སྔོན་མོ་དུལ་དུལ་བྲག་སྐྱེས་ག་བུར་དང་སྤོར་གཉིས་གང་རུང་ལ་བྱེད་པ་ཡིན།
ཙན་དན་དཀར་པོའི་ཚབ།སྟོང་ཟིལ་མེ་ཏོག་དཀར་པོ་ཅན་གྱི་པུཥྤ་དང་པ་ཊ་བཅས་གཏོང་སྟེ།འཁྲུངས་དཔེ་ལས།དཀར་པོས་གློ་བའི་འཁྲུགས་ཚད་སེལ།ཞེས་གསུངས།ཡང་ན་ཤང་དྲིལ་དཀར་སེར་རི་བྱང་བལྟས་སྲིབས་ཀྱི་ཆུ་མགོར་སྐྱེས་པའི་པུཥྤ་བསིལ་སྐམ་བྱས་པ་དེས་བྱ་སྟེ།དཔག་བསམ་ལྗོན་ཤིང་ལས།དཀར་པོས་གློ་འཁྲུགས་སྟོངས་རིམས་སེལ།།ཞེས་དང༌།འཁྲུངས་དཔེར།དཀར་པོས་རིམས་འཁྲུགས་རླུང་ལ་ཕན།།ཞེས་གསུངས།ཡང་ན་རི་བྱང་བལྟས་ཀྱི་ལ་ཁར་སྐྱེས་པའི་ཀྱི་ལྕེ་དཀར་པོ་དེ་རིན་ཆེན་སྒྲོན་མེར།འཁྲུགས་ཚད་སྣོད་ཀྱི་མཁྲིས་ཚད་སེལ།།ཞེས་གསུངས།ཡན་ན་སྲོ་ལོ་དཀར་པོ་རྒྱུ་བཟང་གཏོང་སྟེ།།འདྲ་དཔེ་ལས།མེ་ཏོག་དཀར་དམར་མདངས་དྲི་ཆེ།།ཙན་དན་དཀར་པོའི་དྲིས་གོས་ཤིང༌།།ཚ་བ་ཀུན་དང་གློ་ཚད་སེལ།།ཞེས་གསུངས་པ་འདི་བསིལ་བའི་ཚད་ནི་སྣོད་གཉིས་སུ་ཆུ་མང་ཉུང་འདྲ་བ་རེ་བསྐོལ་ནས་བླུགས།གཅིག་ལ་འདི་བཏབ་པས་གཞན་དེ་ངར་མ་ཆག་དུས་ནས་སྲོ་ལོ་བཏབ་པ་འཁྱགས་པར་འགྱུར་བས་ཚབ་རུང་ངོ༌།།སྐབས་རེར་རི་མཐོའི་རྫ་ལ་སྐྱེས་པའི་ཧོང་ལེན་བཟང་པོས་རུང༌།དེ་རྣམས་སྐབས་ཀྱིས་བརྟག་ལ་གཏང་ངོ༌།།
ཙན་དན་དམར་པོའི་ཚབ།མཛོ་ཤིང་བཟང་པོའི་རྩ་བ་གཞོན་ནུ་དེ་གཏོང་སྟེ།ངྷརྨ་སྭ་མིས།མཛོ་མོ་ཚེར་ཤིང་ར་ཁྲག་མ།།ཙན་དན་དམར་དང་ནུས་པ་མཉམ།།ཞེས་དང༌།རང་བྱུང་བས།མཛོ་ཚེར་ཙན་དན་དམར་པོར་མཚུངས།ཞེས་གསུངས།རྒྱུད་ལས།མཛོ་མོས་ཁྲག་འཁྱག་འཇུ་ཞིང་ཁྲག་ཚད་སེལ།།ཞེས་གསུངས།ཡང་ན་རྒྱ་མེན་གྱི་པུཥྤ་དང་པ་ཊ་འདྲེས་པ་གཏོང་སྟེ།ཤེལ་གོང་དུ།རྒྱ་མེན་ཁྲག་འཁྲུགས་རོ་སྟོད་གཟེར་བ་འཇོམས།།ཞེས་བཤད་པ་དེ་དང༌།ཡང་ན་ལུག་རུ་དམར་པོ་ལ་ཁ་སྐྱེས་པ་དེས་བྱ་སྟེ།འཁྲུངས་དཔེར།དམར་པོས་སྨུག་པོ་ཁྲག་ནད་སེལ།།ཞེས་གསུངས།འདི་ལ་ལྡུམ་མཛོ་མོ་ཁྲག་གསོད་ཀྱང་ཟེར་སྐད།དེ་རྣམས་སྐབས་ཐོབ་འཕྲུལ།
ཀ་རཉྫ་བཤད་སྲོལ་མང་ཡང༌།ངོ་བོ་ཚད་རོང་ཆེན་པོར་སྐྱེས་པའི་འཇམ་འབྲས་རི་མོ་ཅན་ཁམ་ནག་ལྗང་ནག་གཉིས་འབྱུང་བ་དེ་ཡིན་པས།དེའི་ཚབ་ནི་རྒྱུད་ལས།ས་རྫི་ཀ་ཡིས་ཕོ་བའི་མེ་དྲོད་བསྐྱེད།།ཅེས་ནུས་པ་མཚུངས་པར་གསུངས་པས།ས་རྫི་ཀ་རྒྱ་ཤོད་ཀྱི་སྙེ་ནག་མ་ཉིད་ཀྱི་སྙིང་པོ་དེ་གཏོང༌།བྱང་པས་སྒ་དམར་ལ་བྱེད་པའང་ཆེས་ལེགས།
འཇམ་འབྲས་ཀྱི་ཚབ་ནི།ཉེ་ཤིང་རྒྱ་ཤོད་ཀླུང་སྐྱེས་ཀྱི་འབྲས་བུ་སྨིན་ལེགས་འདི།ལྕགས་ཕྲེང་ལས།ཉེ་ཤིང་ཚ་ལ་དྲོ་བས་རླུང་དང་ཆུ་སེར་འཇོམས།ཞེས་དང༌།ལྗོན་ཤིང་ལས།ཉེ་ཤིང་ཆུ་སེར་གྲང་བ་སེལ།།ཚ་བ་རྙིང་པ་སེལ་བ་ཡིན།།ཞེས་གསུངས་པ་དང།སྐབས་རེར་བྲེ་གའི་འབྲུ་བཟང་སླ་ངར་ཉི་མར་བཙན་ཐབས་སུ་བསྐམས་པ་རུང༌།།
སྲ་འབྲས་ཀྱི་ཚབ་ནི།ཀླུང་གི་རྒྱ་ཤོད་སྐྱེས་པའི་ར་མཉེའི་འབྲུ་བཟང་སྨིན་ལེགས་ཏེ།འདི་ནི་ཆུ་སེར་སེལ་ཤིང་རོ་ཙ་བྱེད།།དཔྱི་རྐེད་མཁལ་མའི་དྲོད་སྐྱེད་མཆོག།ཅེས་གསུངས།ཁ་ཅིག་དབྱིབས་ལ་ལྟོས་ཏེ་ཚར་འབྲས་ལ་བྱེད་པ་འཁྲུལ།
ཨ་འབྲས་སམ་ཤ་འབྲས་ཀྱི་ཚབ་ནི།རྒྱ་ཤོད་གཟེ་མའི་འབྲས་བུ་བཟང་པོ་དེ་གཏོང་སྟེ།རོ་སྐོར་ལས།གཟེ་མ་དྲོ་ལ་ཡང་བས་མཁལ་མའི་ནུས་པ་གསོ།།ཞེས་དང༌།ལྗོན་ཤིང་ལས།གཟེ་མ་ར་མགོས་མཁལ་རྐེད་ཀྱི།།གྲང་བ་ཀུན་སེལ་རླུང་སྤྱི་འཇོམས།།ཞེས་གསུངས་པས།དེ་ལྟ་བུའི་ཉེ་ར་གཟེ་གསུམ་རྒྱ་རག་བཟང་པོ་ཉུང་ངུར་རླངས་པ་མ་ཤོར་བར་བཙོས་ལ་ཁུ་བ་རང་ཐིམ་དྲོད་དུ་བཀུག་པ་ཉིད་གཅེས་སོ།
སྙིང་ཞོ་ཤའི་ཚབ་ནི།རི་བོང་གི་སྙིང་དང་ཤིང་འཕང་མའི་འབྲས་བུ་དམར་པོ་དེས་ཀྱང་རུང་སྟེ།རང་བྱུང་པས། འཕང་མའི་འབྲས་བུས་སྙིང་ནད་སེལ།།ཞེས་དང༌།འཁྲུངས་དཔེར། རང་གི་ནུས་པས་སྙིང་ཚད་སེལ།།ཞེས་དང༌།རྒྱུད་ལས་འཕང་མའི་འབྲས་བུས་སྙིང་ཚད་མོ་ནད་སེལ།།ཞེས་འབྱུང་བས་དེ་གཉིས་གང་རུང་དང༌།ད་ལྟ་ཕལ་ཆེར་གྱིས་ཤིང་སོམ་ནག་གི་འབྲས་བུ་ལ་བྱེད་པར་སྣང་ཡང༌།རིན་ཆེན་སྒྲོན་མེམ། སོམ་ནག་འབྲས་བུ་རོ་སྐྱུར་ཞིང༌།།རྨ་སྐམ་མོ་ནད་བད་རླུང་འཇོམས།།ཁམས་ཤིང་ནག་པོའི་རིགས་ཡིན་ནོ།ཞེས་འབྱུང་བས།སྙིང་ནད་ལ་མི་ཕན་པས་མི་རུང༌།།ཁ་ཅིག་དབྱིབས་ལ་ལྟོས་ཏེ།ཕོ་རོག་ནོར་བུའམ་གཡག་སྙིང་ལུག་སྙིང་དུ་གྲགས་པ་ལ་འདོད་པ་དག་ནི་འཁྲུལ་ལོ།།
གླ་གོར་ཞོ་ཤའི་ཚབ་ནི།བྱང་ཐང་སྐྱེས་པའི་སྲད་དཀར་ཆེ་བའི་འབྲས་བུ་སྨིན་བཟང་ལ་བྱ་སྟེ།ལྗོན་ཤིང་ལས།སྲད་མ་དཀར་པོས་ཆུ་འགགས་སེལ།།མཚེར་ནད་རྒྱུ་གཟེར་འཇོམས་པར་བྱེད།ཅེས་གསུངས།ཡང་ན་མཚེ་ལྡུམ་སྤང་སྐྱེས་ཀྱི་འབྲས་བུ་བཟང་པོ་སྟེ།རིན་ཆེན་སྒྲོན་མེར།སྤང་མཚེས་མཚེར་པའི་ཚ་བ་སེལ།།ཞེས་འབྱུང་བས་གང་རུང་ངོ༌།།
མཆིན་པ་ཞོ་ཤའམ་བ་མཁལ་སྨུག་པོའི་ཚབ་ནི།སེ་རྒོད་ཀྱི་འབྲས་བུ་བྱུ་རུའི་དམ་འབེ་ལྟ་བུ་དེས་བྱ་སྟེ།རྒྱུད་ལས།སེ་རྒོད་འབྲས་བུས་དུག་ཚད་མཆིན་ཚད་སེལ།།ཞེསདང།འཁྲུངས་དཔེར། དུག་དང་སྨུག་པོ་མཆིན་ནད་འཇོམས།།ཞེས་གསུངས་པ་དེ་འམ།སྐབས་རེར་པྲི་ཡང་ཀུ་ཆེ་བ་ཀླུང་དུ་སྐྱེ་བའི་པུཥྤ་གཏོང༌།
མཁལ་མ་ཞོ་ཤའི་ཚབ་ནི།རྒྱ་ཤུག་ཆེ་བ་སྨད་ཉག་རོང་སོགས་ཀྱི་ཤུག་པའོ།།འབྲིང་བ་གཙང་འགྲམ་ཤུག་པ་ཁྲོ་ཞལ་ཅན་ཀྱི་འབྲུ།ཆུང་བ་གར་ཡང་སྐྱེ་བའི་ལྷ་ཤུག་འཇམ་པོ།དེ་དག་ལ་དེ་བ་ད་རུ་ཟེར།ཀུན་གྱི་འབྲས་བུ་སྟེ།དེ་གསུམ་གང་རྙེད་གཏོང་བ་ནི།ལྗོན་ཤིང་ལས།ཇི་ལས་མཁལ་མཚེར་ནད་རྣམས་སེལ།།ཆུ་སྲི་ལྒང་བའི་ནད་ལ་ཕན།།ཞེས་དང༌།རོ་སྐོར་ལས།རྒྱ་ཤུག་སྐམ་ལ་ཚ་བས་མཁལ་ནད་སེལ།།ཞེས་གསུངས།ཡང་ན་ཤིང་བྱི་ཚེར་གྱི་འབྲས་བུ་སླ་ངར་ཉི་བསྲེགས་གཏོང་སྟེ།འཁྲུངས་དཔེ་ལས།རོ་ནི་མངར་ལ་ཁ་བ་ཡིན།།ནུས་པས་རིམས་ནད་ལྕི་འཐིབས་དང༌།།མཁལ་མའི་ཚད་པ་སེལ་བར་བྱེད།།ཅེས་འབྱུང་བ་དེའོ།།ཡང་ད་ལྟ་ཕལ་ཆེ་བས་སྲད་མའི་རིགས་གླ་སྲད་འདྲ་རུང༌།མེ་ཏོག་སེར་པོ་ཅན་མཁལ་སྲན་དུ་འབོད་པའི་འབྲས་བུ་མཁལ་མའི་དབྱིབས་སྨིན་ངེས་ཀྱི་སྔོན་པོ་དེ་གཏོང་བ་འདུག་ཀྱང༌།ཡོངས་གྲགས་ཀྱི་འཁྲུངས་དཔེ་རྣམས་སུ་མི་འབྱུང་ཞིང༌།རིན་ཆེན་སྒྲོན་མེར། མཁལ་སྲན་འབྲས་བུ་མངར་བསྐ་ཁ།།མཁལ་སྲིན་འབྲས་བུ་སྐྲངས་པ་ཕན།།བསྟེན་དྲགས་སྐྱུག་ཅིང་ཡི་ག་ལྡོག།ཅེས་འབྱུང་བས་མཁལ་སྲན་གཟེར་ལ་ཕན་ཞིང་བྱུག་ན་རྨ་ལྷོག་སྐྲངས་ལ་ཕན་པར་གསུངས་པ་ཚབ་རུང་ཙམ་ཡིན་ནམ་སྙམ་པས་སླར་ཡང་བརྟག་ཅིང་དེ་དག་སྐབས་ཐོབ་འཕྲུལ།།
གི་ཝང་ཚབ་ནི།བྲག་ཞུན་རིགས་ལྔའི་ནང་ཚན་གསེར་ཞུན་བཟང་པོ་འདི་མཆིན་ཚད་ལ་ཆེས་བསྔགས་པ་དེའོ།།སྐབས་རེར།བྱང་གི་ན་བར་སྐྱེས་པའི་མེ་ཏོག་ལུག་རུ་སེར་པོ་གྲིབ་སྐམ།བ་ལང་མཁྲིས་པར་བཏུལ་བ་སྟེ།ལྗོན་ཤིང་ལས།ལུག་རུ་སེར་པོ་བ་གླང་སྣས།།རྒྱས་པའི་རླུང་ཚད་འབྱེད་པར་ནུས།།ཞེས་གསུངས་པས་རུང་ཙམ།ཡང་སྦྱོར་བའི་གི་ཝང་ཉིད་གཏོང་སྟེ།དེ་ནི་ཇི་སྐད་དུ།ནོར་འཛིན་ཉལ་འགྲོ་འགྲོགས་པའི་དོམ་གྱི་མཁྲིས།།གསེར་མདོག་མཉེན་འཇམ་སྲན་ཚད་ཟླ་བའི་ཆར།ཁྱུ་མཆོག་གིས་གཙོས་རྐང་བཞིའི་མཁྲིས་ཚོགས་གདུས།།ཞོ་ཚད་དབང་པོའི་གྲང་ལྡན་བྱང་སེམས་དམར།།དེ་མཚུངས་རྩི་སྟག་མཚེ་ལྡུམ་ཞོ་མིག་ལྡན།།ཀུན་བསྡུས་འདམ་འཐག་གྲིབ་རྒྱུན་རྟག་འབབ་སྐམ།།སྦྱོར་བའི་གི་ཝང་རིམས་དུག་མཁྲིས་ཚད་རིགས།།ཁྱད་པར་མཆིན་ཚད་འཇོམས་པའི་དཔའ་བོ་ཡིན།།ཞེས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号