ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བརྒྱད་པ།ཚབ་ཡིག་ཡོངས་ཀྱི་བཅུད་བསྔུས་སྨན་དབུལ་སེལ་བའི་ནོར་བུ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
དོམ་མཁྲིས་ཀྱི་ཚབ་ནི།དྲེད་མོང་གི་མཁྲིས་པ་གཏོང་བ་སྟེ་རིན་ཆེན་སྒྲོན་མེམདོམ་དཀར་མི་ལ་དོམ་དམར་དྲེད།།དོམ་ནག་དངོས་ཡིན་དེ་གསུམ་གྱི།མཁྲིས་པས་རྩ་ཁ་ཐམས་ཅད་སྡོམ།།རུལ་གཅོད་མཁྲིས་སེལ་ཤའུ་སྐྱེད།།ཅེས་གསུངས་པ་དང་ཡང་མཁྲིས་སྣ་ཚོགས་ཚད་ཀྱི་ཁནྡ་གཏོང་སྟེ།མཁྲིས་གདུས་ཁཎྡས་རྩ་ཁ་སྡོམ།།མཁྲིས་པའི་ནད་སེལ་ཤའུ་སྐྱེད།།རྗེ་རང་བྱུང་བས་གསུང་དང་རྐྱུད་ལས་ཀྱང་དེ་ལྟར་འབྱུང་ངོ༌།།ཡང་ན་རྡོ་མཁྲིས་བཟང་པོའང་རུང་སྟེ།སྭ་ཡམ་བྷུས།རྡོ་མཁྲིས་རྩ་སྡོམ་མིག་སེར་འཇོམས།།ཞེས་སོ།།སྐབས་རེར་ལྡུམ་ནག་དོམ་མཁྲིས་སྦྱར་ཏེ།འཁྲུངས་དཔེར། སྔོ་སྨན་དོམ་མཁྲིས་ཞེས་ཀྱང་བྱ།།ནུས་པས་རྨ་གསོ་ཤའུ་སྐྱེད།།ཁྲག་གཅོད་རྨ་ཡི་ཚད་པ་གསོད།།ཅེས་འབྱུང་བས་གང་བབ་བྱའོ།།
གླ་རྩིའི་ཚབ་ནི།རི་བྱང་བལྟས་སུ་སྐྱེས་པའི་ཕུར་ནག་གི་ལོ་མ་རྒྱས་དུས་བཏུས་པ་ཉིད་གཏོང་སྟེ།རྐྱང་བཤད་སྐབས་སུ།ཕུར་མོང་སྲིན་གསོད་གཉན་ལྷོག་ནད་གདོན་འཇོམས།།ཞེས་བཤད་པའི་ཕུར་ནག་ལའང་ཤིང་རིགས་མེ་ཏོག་སྔོན་པོ་ཚོམ་སྐྱེས་ཅན་དང༌།མཁན་རིགས་ལོ་མ་ནག་སིབ་རོ་ཁ་ཞིང་གླ་རྩིའི་དྲི་མནམ་པ་ཅན་བཅས་གཉིས་ཡོད་པའི་ཕྱི་མ་དེའོ།།དེ་གྲུབ་ན་གླ་རྩི་དྲི་ཐོན་ངེས་བསྲེ་རྒྱུ་བྱུང་ན་ལེགས།སྐབས་རེར་བྱ་རྒོད་སྤོས་རི་སྟོད་སྐྱེས་པ་གླ་རྩིའི་དྲི་ཅན་དེས་ཀྱང་རུང་བ་སྟེ།རིན་ཆེན་སྒྲོན་མེར་ནུས་པས་གདོན་དུག་རིམས་ཚད་དང༌།།ཕྱི་ནང་སྲིན་རིགས་འཇོམས་པར་བྱེད།།ལྡུམ་མ་གི་ཏ་ཞེས་བྱ་ཡིན།།དེའི་པུཥྤ་གྲིབ་སྐམ་བྱས་པ་དེའམ་ཡང་ན་གཉན་འདུལ་བ་ཞེས་བྱ་བ་བྱ་རྒོད་སུག་པའི་སྐྱེ་དབྱིབས་རྐང་ཕྲ་གྲུ་བཞི་སྤུ་ཆུང་ཅན་མེ་ཏོག་སྔོ་སིབ་རྒྱ་ཁ་གྱེན་བསྟན།རྫ་ཧྲོབ་ནང་དུ་སྐྱེས་ཤིང་གླ་རྩིའི་དྲོ་བྲོ་བ་དེ་ལྡུམ་ཀསྟུ་རི་སྲིན་པོ་རྐང་གཅིག་ཏུ་གྲགས་པ་དེ་གཏོང་སྟེ།འཁྲུངས་དཔེར།རོ་ནི་ཚ་ཁ་དྲི་མ་ཞིམ།ནུས་པས་ཚད་གཉན་གག་སྲིན་འདུལ།།ཞེས་འབྱུང༌།འདི་བདུད་རྩི་གངས་ཤམ་པ་དང་མ་ནོར་བ་གཅེས་སོ།།དེ་བས་གསུམ་པོ་སྐབས་བསྟུན་བྱ།།
ཨུཏྤལ་དམར་སེར་གཉིས་ནི།མེ་ཏོག་ལྕང་ཤོག་སེར་པོ་དང༌།ཨ་དར་དགེའུ་དར་དང༌།ཨུཏྤལ་སྔོན་པོ་རྩ་རི་སྡེ་དགེ་དགེ་རྒྱལ་རི་སོགས་ལ་སྐྱེས་པ་པུཥྤ་མཐིང་མདོག་ལ་ལོ་སྡོང་སྤུ་ཅན་འདི་རྣམས་ལས།ཟུར་མཁར་ཁུ་དབོན་སོགས་ཀྱིས་སྔ་མ་གཉིས་དམར་སེར་དུ་འདོད།སྔོན་པོའི་ཚབ་ལུག་མིག་སྔོན་པོ་རྒྱལ་པོའི་སྤྱན་ཅན་གཏོང་སྟེ་རང་བྱུང་བས།ལུག་མིག་སྨུག་པོ་རིམས་ཚད་སེལ།ཞེས་གསུངས།ཨུཏྤལ་དཀརཔོ་ནི་ཀོང་པོར་སྐྱེས་པའི་ཆུ་སྐྱེས་པད་དཀར་དང་ངོ་བོ་གཅིག་པར་མཁས་པ་ཁ་ཅིག་བཞེད་དོ།།
ནཱ་ག་གེ་སར་ཚབ་ནི།ཏང་ཀུ་དཀར་པོ་ཆེ་བའི་པུཥྤ་དེ་གཏོང་སྟེ།འཁྲུངས་དཔེར།དཀར་པོས་སྙིང་ཚད་དུག་ནད་སེལ།།ཞེས་གསུངས།ཁ་ཅིག་སྒང་ཁར་སྐྱེས་པའི་རྟག་ངུ་འོད་ལྡན་གན་དཀར་གྱི་མེ་ཏོག་ལ་བྱེད་པ་ནི་མི་འཐད།
པད་མ་གེ་སར་གྱི་ཚབ་ནི།ཨུཏྤལ་ལ་རིགས་དཀར་སྔོ་སེར་དམར་བཞི་ཡོད་པའི་དམར་པོ་ཨདར་དགེའུ་དར་གྱི་པུཥྤ་ལ་བྱ་སྟེ།རིན་ཆེན་སྒྲོན་མེར།དམར་པོས་མཆིན་ཚད་ཁྲག་ཚད་སེལ།།ཞེས་གསུངས།སྐུ་ཞབས་སི་ཏུས།ཀོང་པོར་སྐྱེས་པའི་མེ་ཏོག་དེར་རིགས་མཚུངས་པདྨ་གེ་སར་ཚབ་ཏུ་འཐད་ཚེ་གསུང་སོ།།
ན་ག་པུཥྤའི་ཚབ་ནི།རྫ་སྤང་མཚམས་སུ་སྐྱེ་བའི་ཨ་ཀྲོང་སྤོ་ཐོའི་རིགས་མེ་ཏོག་དཀར་དམར་ཉག་མིག་ཅན་སིབ་སིབ་པོ་རྩ་བ་རྩྭ་ཤད་ལྟ་བུ་དེ་གཏོང་སྟེ།རིན་ཆེན་སྒྲོན་མེར།རྫ་སྤང་མཚམས་སྐྱེ་སྤོ་ཐོའི་རིགས།།དཀར་དམར་མདངས་ལྡན་མེ་ཏོག་བཀྲ།རྩ་བ་ཕྲ་འབྲེལ་རྒྱུས་པ་འདྲ།།རོ་ནི་མངར་ཞིང་གློ་ནད་གསོ།།སྤོ་ཐོ་ཨ་ཀྲོང་དཀར་པོར་གྲགས།།ཞེས་གསུངས།འདི་འགའ་རེས་སྤང་གི་གོང་མོ་སྤོ་ཐོ་ལ་བྱེད་ཀྱང་དེ་ནི་བྱི་ཤང་དཀར་མོར་འདོད་ཀྱི་དངོས་གོང་བཤད་དེའོ།གེ་སར་འདི་གསུམ་གཏོང་ཡུལ་སོ་སོ་ཡིན་པས་འདྲ་ཚབ་གཏོང་ལུགས་ཀྱང་དེ་ལྟ་བུ་དགོས།བོད་སྔ་མ་དག་རྒྱ་གར་ཤ་ལ་མ་ལའི་འབྲས་བུལ་འདོད་པ་ནི་ཆེས་ནོར་ཞིང༌།ཚབ་ཀྱང་མི་རུང་ཞེས་སི་ཏུས་གསུངས།
སེ་འབྲུའི་ཚབ་ནི།ཀླུང་ཤོད་སྐྱེས་པའི་སྐྱེར་ཆེན་འབྲས་བུས་སྨིན་ངེས་དམར་པོ་དེས་རུང་བ།འཁྲུངསདཔེར།འབྲས་བུ་ཕོ་བའི་མེ་དྲོད་བསྐྱེད།།བད་ཀན་སེལ་ཞིང་ཡི་ག་འབྱེད།།ཅེས་གསུངས།ཡང་ན་བྱ་ཤིང་ཚེར་མ་ཅན་གྱི་འབྲས་བུ་སྨིན་ངེས་དེ་གཏོང་སྟེ།རིན་ཆེན་སྒྲོན་མེར།བྱ་ཤིང་འབྲས་བུ་རོ་སྐྱུར་མངར།བད་ཀན་སེལ་ཞིང་དྲོད་དུ་འགྲོ།ཞེས་གསུངས།འདི་ལ་ཁམས་འདིར་འབོ་གམ་ཟེར་བ་དེས་ཚབ་རུང་སྙམ་པས་དེ་གཉིས་གང་རུང་གཏོང༌།།
སྒ་དམར་དོང་གྲའི་ཚབ་ནི།དབྱི་མོང་ནག་པོའི་པུཥྤ་ཉི་མར་ཚ་སྐམ་བྱས་པ་སྟེ།འཁྲུངས་དཔེར།རོ་ནི་ཚ་ལ་ཡིད་ཙམ་མངར།། རང་གི་ནུས་པས་དྲོད་བསྐྱེད་ཅིང༌།།སྐྲན་རིགས་འདུལ་ལ་ཆུ་སེར་འདྲེན།།ནག་པོས་དྲོད་སྐྱེད་བད་ཀན་འཇོམས།།གྲང་བ་དྲུངས་འབྱིན་མཁྲིས་པ་སྐྱེད།།ཅེས་གསུངས་སོ།།
པི་པི་ལིང་གི་ཚབ་ནི།མེ་ཏོག་ལྕེ་ཚ་ཀླུང་ཤོད་སྐྱེས་པའི་འབྲས་བུ་བྱ་སྟེ།འཁྲུངས་དཔེར།རོ་ནི་ཚ་ཞིང་ནུས་པ་ཡིས།།གྲང་སྐྲན་དམུ་ཆུ་གག་པ་སེལ།།ཞེས་གསུངས་པས་ཉི་མར་ཚ་སྐམ་དགོས།།
ཕོ་རིས་དང་ན་ལེ་ཤམ་གྱི་ཚབ་ནི།རྒྱ་ཤོད་སྲུབ་ཀའི་འབྲུ་གཏོང་སྟེ།རྒྱུད་ལས།སྲུབ་ཀས་རུལ་གཅོད་དྲོད་སྐྱེད་ཆུ་སེར་འདྲེན།། ཞེས་དང༌།ལྗོན་ཤིང་ལས།ར་སྲུས་ཕོ་སྲིན་ཟུག་གཟེར་འཇོམས།།ཞེས་དང༌།རང་བྱུང་པས༌།སྲུབ་ཀས་གྲང་བ་རྙིང་བ་འཇོམས།།ཞེས་དང༌། འཁྲུངས་དཔེརརོ་ནི་ཁ་ལ་ཤིན་ཏུ་ཚྭ།ནུས་པས་དྲོད་བསྐྱེད་གྲང་སྐྲན་འཇོམས།ཞེས་འབྱུང་བས་ཚ་སྐམ་བྱ།།གྲུབ་ན་རྒྱ་རག་གིས་བཙོ་བསྟིམས་རླངས་པ་མཤོར་བར་བྱ་ལ།ཚ་བ་གསུམ་དང་སྔོ་ཚ་བ་གསུམ་མཉམ་དུ་འགྲོན།སྔོ་ཚ་བ་གསུམ་ལ།དབྱི་མོང་ལོ་མ་དུས་བཏུས།ལྕེ་ཚའི་་པུཥྤ་སྲུབ་ཀའི་ལོ་མ་རྣམས་གཏོང་ངོ།།
སྒ་སྐྱའམ་སྒ་གཤེར་གྱི་ཚབ་ནི།དབྱི་མོང་དཀར་པོའི་མེ་ཏོག་སྟེ།རང་བྱུང་བས།དབྱི་མོང་དཀར་པོས་ལོང་སྐྲན་སེལ།།ཞེས་འབྱུང༌། འཁྲུངས་དཔེར།གྲང་བ་སེལ་ལ་ཚ་བ་སྐྱེད།།ཅེས་འབྱུང་ཞིང་ཚ་གྲང་ཚ་མཉམ་སྐམ་པར་བྱའོ། །
ཤིང་ཚའི་ཚབ་ནི།ལྕ་རྒོད་ཀྱི་རྩ་བ་ལན་ཚའི་རོ་བྲོ་བ་དེ་གཏོང་སྟེ།འཁྲུངས་དཔེར།ལྕ་རྒོད་རྩ་བ་ལན་ཚབ།།ཕོ་མཁལ་གྲང་རླུང་སེལ་བ་ཡིན།།ཞེས་གསུངས་པས་ཚ་སྐམ་བྱས་པ་ལེགས་སོ།
སྤོས་དཀར་གྱི་ཚབ་ནི།ལྷ་ཤུག་གི་ཐང་ཆུ་སེར་འོད་ཁྲ་ལེ་བ་ལོ་གྲངས་སོང་བ་དེ་གཏོང༌།རིན་ཆེན་སྒྲོན་མེར།ལྷ་ཤུག་ཐང་ཆུས་ཆུ་སེར་སྐེམ།།བཏབ་པས་རྣག་ཆུ་ཕྱི་ལ་འབྱིན།།ཞེས་དང༌།ཡང་སྐྱེར་དཀར་རྩ་བའི་ཤུན་པའང་བྱ་སྟེ།རང་བྱུང་པས།སྐྱེར་བའི་བར་ཤུན་ཆུ་སེར་སྐེམ།།མཁྲིས་ནད་ཤ་སེར་མིག་སེར་འཇོམས།།ཞེས་གསུངས་པ་གཏོང༌།
ཐལ་ཀ་རྡོ་རྗེའི་ཚབ་ནི།ཤུག་པ་སྤ་མའི་འབྲས་བུ་སྟེ།ཤེལ་གོང་ལས།སྤ་འབྲུམ་མཁྲིས་པ་འགྲམས་དང་གཞང་འབྲུམ་སེལ།།ཞེས་དང༌།རིན་ཆེན་སྒྲོན་མེར།སྤ་འབྲུམ་ཆུ་སེར་ལྤགས་རྒྱས་སེལ།།ཞེས་གསུངས་པས་དེའམ་སྐྱེར་སེང་ལྡེང་བཟང་པོའང་རུང་སྟེ་དེ་གཉིས་གང་རུང་ངོ༌།།ཁ་ཅིག་ལྡུམ་བུ་རྩ་མིག་གི་འབྲས་བུ་ལ་ཐལ་ཀ་རྡོ་རྗེ་ཟེར་ཡང༌།འདི་གཞུང་ཆེན་རྣམས་ལས་མི་འབྱུང་ལ།རིན་ཆེན་སྒྲོན་མེར།ལྡུམ་བུ་རྩ་མིག་ཞིང་གསེབ་སྐྱེས།།འབྲས་བུ་ཁྱི་ཡི་ཕོ་མཚན་འདྲ།།རྨ་འབྱོར་མཁྲིས་པའི་ཟ་འཕྲུག་སེལ།།བཅུད་བསྡེབས་བྱུགས་པས་རོ་ཙ་བྱེད།།ཅེས་འདི་ལ་ལྡུམ་ཆད་གང་པའང་ཟེར།འདི་སྔོ་ཐལ་ཀ་རྡོ་རྗེ་ཡིན་པར་དེང་སང་བཤད་ལ་ནུས་པའི་ཆ་འགའ་རེ་མཚུངས་ཀྱང་སྔོན་བྱོན་མཁས་དབང་རྣམས་ཀྱིས་འདྲ་ཡིག་ལ་བརྟེན་ནས་གསུངས་པས་མི་ནོར་བར་རུང་སྙམ།།
སོ་མ་ར་ཛའི་ཚབ།ཤིང་ཚར་བ་ཆེ་ཆུང་གང་རེད་ཀྱི་འབྲས་བུ་གཏོང་སྟེ།ཤེལ་གོང་དུ།ཚར་འབྲུམ་ཡན་ལག་ཆུ་སེར་བྱེར་བ་སྡུད།།ཅེས་པ་དེའམ།སྐབས་རེར་ཤིང་སྨྱག་ཤད་ཀྱི་ལོ་མ་པུཥྤ་བཅས་དབྱར་ཉི་ལྡོག་ཁར་བསྡུས་པ་དེ་བྱ།ཤེལ་གོང་སྐབས།སྨྱག་ཤད་རྨ་གསོ་ཆུ་སེར་འདྲེན་པར་བྱེད།།ཅེས་བཤད་པ་གང་རུང་བཏང༌།
བསེ་ཡབ་ཚབ་ནི།ཤིང་སྐྱུར་སེའུ་འབྲས་བུ་སྨིན་ནས་དམར་སྨུག་རོ་ཤིན་ཏུ་སྐྱུར་བ་དེས་རུང་སྲོལ་ནི།འཁྲུངས་དཔེར་མི་འབྱུང་མོད།རིན་ཆེན་སྒྲོན་མེར།སྐྱུར་སེའུ་འབྲས་བུ་དམར་སྨུག་སྤུང༌།།རོ་སྐྱུར་ནུས་པས་བད་ཀན་དང༌།།ཕོ་ནད་སྦྱོང་ཞིང་ཡི་ག་འབྱེད།།ཅེས་གསུངས་པས་རུང་སྙམ།།ལྕུམ་སྡོང་གི་འབྲས་བུ་འམ།སྙིང་པོ་གཞོན་ནུ་གཏོང་སྟེ།འཁྲུངས་དཔེར།རོ་ནི་སྐྱུར་ལ་རྩུབ་པ་ཡིན།འབྲས་བུ་ཟུར་གསུམ་བད་ཀན་སེལ།།ཞེས་དང༌།ལོ་རྐང་རོ་སྐྱུར་བད་ཀན་སེལ།།ཞེས་གང་རུང་གཏོང༌།
མཁལ་མ་གོ་ཡུའི་ཚབ་ནི།བྲེ་གའི་འབྲས་བུ་གཏོང་སྟེ།ལྗོན་ཤིང་ལས།བྲེ་གའི་འབྲས་བུས་མཁལ་ནད་སེལ།།ཞེས་དང༌།ཡང་ན་བྱི་ཚེར་གྱི་པུཥྤ་འམ་ཕ་ལ་འམ་ཙརྨ་གང་རུང་བྱ་སྟེ།རིན་ཆེན་སྒྲོན་མེར། མཁལ་མའི་ནད་དང་ཚད་པ་སེལ།ཞེས་པས་དེ་རྣམས་གང་རུང་གཏང༌།
རྒྱ་སྐྱེགས་ཚབ་ནི།ལ་ཀླ་བཅོས་གྲུངས་བྱ་སྟེ།ཤེལ་གོང་ལས།ལ་ཀྴས་གློ་མཁལ་འགྲམས་ཚད་སེལ་བར་བྱེད།ཅེས་པ་དེའམ།ཡང་ན་སྲད་མར་གྱི་པུཥྤ་རུང་སྟེ།འཁྲུངས་དཔེར།ཁྲག་གཟེར་འཇོམས་ཤིང་ཁྲག་ལམ་མཐུད།།ཅེས་འབྱུང༌།ཡང་རི་སྟོད་ལུག་སྐྱུར་འགའ་རེས་གཏོང་ཞིང༌།འགྲམས་ཚད་ལ་བཟང་གསུངས་པས་བརྟག་པར་བྱ།
སེང་ཕྲོམ་ཚབ་ནི།ཤིང་མ་གལ་ཟེར་བ་ལྕང་ཆེན་དབྱར་བ་འདྲ་བ་བོངས་རིང་ལོ་མའི་རྒྱབ་སྤྲ་བ་ཡོད་པ་མེ་ཏོག་སྙེ་མ་མེད་པ་དེ་ཉིད་ཀྱི་ལོ་མ་བྱེད་པར་སྣང་བ།རིན་ཆེན་སྒྲོན་མེར།རང་གི་ནུས་པས་རྨ་གསོ་ཞིང༌།།རྩ་འགྲམས་མཁལ་ཚད་ལའང་མཆོག།ཅེས་འབྱུང༌། ཡང་ཤིང་བྲ་མའི་ལོ་མ་བཏང་སྟེ།འཁྲུངས་དཔེར།རོ་ནི་ཁ་ལ་ནུས་པ་བསིལ།།ཤ་ཚད་རྩ་ཚད་ཐམས་ཅད་སེལ།།ཞེས་གསུངས་པས་གང་རུང་གཏོང༌།
འབྲི་མོག་གི་ཚབ་ནི།སྲོ་ལོ་དམར་པོའི་རྩ་བ་དམར་དཀར་ཁྲོ་ལེ་བ་དེ་གློ་འགྲམས་གློ་རྣག་གློ་ཚད་ལ་བསྔགས་པར་འཁྲུངས་དཔེར་གསུངས་པས་ལེགས།
ཟི་ར་དཀར་པོའི་ཚབ་ནི།ལྡུམ་ཟི་ར་དཀར་པོ་གོ་སྙོད་ལྟ་བུ་དེ་ཡིན་པར་བེ་སྔོན་ལས་གསུངས་ཤིང།ཡང་ན་གོང་མོ་སྤོ་ཐོའི་རྩ་བ་གཏོང་སྟེ།རྐྱང་སེལ་སྐབས།བྱི་ཤང་དཀར་མོས་གློ་བའི་ཚད་པ་སེལ།།ཞེས་པ་དེའམ་ལ་ལས་སྔོ་སྤྲིན་ལྕགས་ཀྱུའི་འབྲས་བུ་བྱེད་པའང་རུང་ཙམ།
ཟིར་ནག་པོའི་ཚབ།བོད་སྐྱེས་འབྲས་བུ་ནག་པོ་ཟུར་གསུམ་པ་གང་བུ་ཅན།ལོ་མ་སྣུམ་ལ་ཆེ་བ།མེ་ཏོག་སྔོ་ཆུང་ཅན་བེ་སྔོན་ལས་བཤད་པ་དེ་བྱུང་ན་དང༌།ཡང་ན་ལྡུམ་ཟི་ར་སེར་པོར་གྲགས་པ་མེ་ཏོག་སེར་ནག་ཅན་ཁྲེབ་སྐྱེས་དེས་གློ་མཆིན་གཉིས་ཀའི་ནད་སེལ་བར་རིན་ཆེན་སྒྲོན་མེར་བཤད་པ་དེའམ།སྐབས་རེར་རྩིའུ་ཆེ་བ་རྒྱ་ཤོད་དུ་སྐྱེས་པའི་པུཥྤ་གཏོང་སྟེ།རིན་ཆེན་སྒྲོན་མེར།དར་འབྱར་རྩིའུ་འཇིབ་རྩི་ཆེ།།རྒྱ་ཤོད་ཉིན་སྐྱེས་དྲོད་དུ་འགྲོ།།མཆིན་པའི་གྲང་བ་སེལ་བར་བྱེད།།ཅེས་པ་བཅས་གང་མོས།
ལ་ལ་ཕུད་ཀྱི་ཚབ་ནི།ལྡུམ་རར་སྐྱེས་པའི་ལྡུམ་ལ་ལ་ཕུད་དུ་གྲགས་པ་དྲི་ངད་ཆེས་ཆེ་བ་དེའམ།ཡང་ན་དབྱི་མོང་ཟ་བྱེད་ནག་པོ་ཆུང་ངུའི་འབྲུའི་གང་བུ་དེ་བྱ་སྟེ།འཁྲུངས་དཔེར།ཕོ་བའི་དྲོད་སྐྱེད་སྐྲན་ཀུན་བཤིག།ཅེས་དང༌།བ་ལང་ལྕ་བའི་འབྲུ་ནག་སིབ་དེ་གཏོང་བ་རུང་ཙམ་ཡིན་སྙམ།
འུ་སུའི་ཚབ།འཇིབ་རྩི་མེ་ཏོག་དཀར་ཆེན་ཉིན་སྐྱེས་དེ་ཕོ་ནད་ལ་ཆེས་བསྔགས་པས་དེའི་པུཥྤ་གཏོང༌།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号