ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་བརྒྱད་པ།ཚབ་ཡིག་ཡོངས་ཀྱི་བཅུད་བསྔུས་སྨན་དབུལ་སེལ་བའི་ནོར་བུ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
མ་ནུ་པ་ཏྲའི་ཚབ་ནི།མེ་ཏོག་ལུག་ཆུང་བྱ་སྟེ་འཁྲུངས་དཔེར། ནུས་པས་རིམས་དང་སྨུག་པོ་སེལ།།ཞེས་དང་རྒྱུད་ལས།ལུག་ཆུང་རིམས་དུག་སྨུག་པོ་རྩ་ཚད་སེལ།།ཞེས་གསུངས།སྐབས་རེརགནྡྷ་ལྷ་དྲ་ཞེས་པ་འཇུག་སྒོ་མང་ཡང་ངོ་བོ་དངོས་ལ་རིགས་གཉིས་ཀྱི་སྔོ་སྤྲ་བའི་ཐོག་གུ་འདྲ་ཞིང༌།རྐང་རིང་བ།མེ༌ཏོག་སེར་པོ་དར་ཕོད་ཀྱི་དབྱིབས་ལོ་མ་རྒྱ་ཁུར་འདྲ་བ་ཕྲ་ཉམས་ཅན།ཡང་མེ་ཏོག་སྐྱ་སོབ་འདབ་མ་ཟུར་བཞི་ཅན་དྲི་ཞིམ་པ་དཀར་སེར་གཉིས་གཞོན་ནུ་རྨ་ཚུལ་བཞིན་ཕབ་སྟེ་བསྐམས་པ་འདིས་དྲེག་དང་ཆམ་པ་དུག་སྐྲན་རིགས་བད་ཀན་ཚབ་རྣམས་སེལ་བའི་གནྡྷ་ལྷ་དྲར་ཤེལ་ཕྲེང་སྐབས་སུ་བཤད་པ་དེས་ཚབ་རུང་བར་དཔྱད་པས་གྲུབ་བོ།།
པཥྐར་མྰུལའི་ཚབ།སྒ་ཆུང་གསེར་མགོའི་མེ་ཏོག་དེས་རུང་སྟེ།འཁྲུངས་དཔེར།ནུས་པས་བད་ཀན་མཁྲིས་ནད་དང༌།།དུག་རིགས་ཚབ་སེལ་བར་བྱེད།།ཅེས་སོ།།ཟུར་བས།པུཥྐར་མྰུ་ལ་ཁམས་འདིའི་རུ་རྟ་བཞེད་དོ་།
ཡུང་བའི་ཚབ་ནི།ཀྱི་ལྕེ་དཀར་པོའི་རྩབ་གཏོང་སྟེ།འཁྲུངས་དཔེར།ནུས་པས་དུག་ཚད་སྣོད་ཚད་སེལ།།གཉན་དང་ལྷོག་པའི་ནད་ལ་མཆོག།ཅེས་གསུངས་སོ།སྐབས་རེར་བོང་ང་སེརཔོ་འང་རུང་སྟེ།འཁྲུངས་དཔེར།དུག་རིགས་ཚད་པའི་ནད་ལ་བསྔགས།།ཞེས་དང༌།བོང་དཀར་ཡང་གཏོང་སྟེ།རྟོགས་བརྗོད་ལས།དུག་རིགས་མཁྲིས་ཚད་འཇོམས་པའི་གཙོ་བོ་ལགས།།ཞེས་གསུངས་སོ།།
ཀོ་བྱི་ལའི་ཚབ།ལྡུམ་ཁྲོག་ཆེན་པའམ་ཀོན་པ་གབ་སྐྱེས་སོག་ལེ་ཁ་དེ་ལོ་མ་དུས་བཏུས་གཏོང་སྟེ།རང་བྱུང་བས།།སོག་ལེ་ཁ་ཡིས་ཁྲག་ཚད་སེལ།།ཞེས་དང༌།དྷརྨ་སྭ་མིས།རང་གི་ནུས་པས་མཁྲིས་ཚད་སེལ།།སྐྲངས་འཇོམས་ཕོ་བའི་ནད་རྣམས་སྐྱུགས།།སྨུག་པོ་མགོ་ནད་སྙིང་ཚད་སེལ།།དུག་ལ་ལྡུམ་སྟག་དངོས་དང་མཚུངས།།ཁྲག་གཅོད་རྨ་གསོ་གཟེར་ལ་ཕན།།ཞེས་དང༌།ཨ་ཕྱག་སེར་པོ་གཞུང་ལ་སྐྱེས་པ་མགོ་ཚོམ་གནོད་སྦྱིན་མིག་ཆེ་བ།སྤྲ་ཆུང་གསེར་མགོར་འབོད་པ་དེས་ཀྱང་རུང་སྟེ།རིན་ཆེན་སྒྲོན་མེར།གཟེར་འཇོམས་མགོ་མང་སྟོད་གཟེར་འཇོམས།།ཞེས་གསུངས།སྐབས་རེར་།།སྲད་དམར་དར་དམར་རྒྱལ་མཚན་འདྲ།།ཞེས་པའི་མེ་ཏོག་གཏོང་སྟེ།།འཁྲུངས་དཔེར།སྨུག་པོ་ཁྲག་གཟེར་རྒྱས་པ་སེལ།།ཞེས་ཀྱང་འབྱུང་ངོ༌།།
དགུ་ཐུབ་པ་ནི།ནག་པོ་དངོས་བེ་ལྗང་ཁྱད་པར་ཅན་མ་བྱུང་ཚེ་ཉུང་སོན་ལོ་དགུ་ལོན་པ་དང༌།ཆར་ཉུང་དམར་པོ་བྱང་བལྟས་སྐྱེས་པ་ལོ་དགུ་ལོན་པའི་ཁཎྡ་གང་རུང་སྟེ་དགུ་ཐུབ་དངོས་ཡིན།
ཁྱུང་སྡེར་དཀར་སྨུག་ཚབ་ནི།སྲོལ་གོང་བ་རིགས་གསུམ་ལས། མཐོ་སའི་བྱེ་ཞིབ་ཏུ་སྐྱེས་པའི་སྐྱ་སོབ་དྲི་བཟང་ཅན་དང༌།སྤང་ཁྲེབ་ཏུ་བརྡལ་ནས་སྐྱེས་པའི་དམར་པོ་དེ་གཉིས་ལ་བྱ་སྟེ།རིན་ཆེན་སྒྲོན་མེར།སྐྱ་སོབ་སྤུ་ལྡན་རྫ་ཞིབ་སྐྱེས།དཀར་པོ་རྐང་སྦུག་བྱ་རྒོད་སུག།མཁྲེགས་འཇམ་དམར་སྨུག་རྐང་སྦུག་ཅན།།མཛོ་མོ་ཨོལ་གོང་དུག་ནད་སེལ།།ཞེས་གསུངས་སོ།།
དཔའ་བོ་དཀར་པོའི་ཚབ།ཨབྷིཥ་རྫ་ཤག་ལ་སྐྱེས་པ་དེ་བྱ་སྟེ།འཁྲུངས་དཔེར།ནུས་པས་དུག་རིགས་ཤ་ནད་སེལ།།ཞེས་སོ།།
དཔའ་སེར་ཚབ།གང་གཱ་ཆུང་གི་པུཥྤ་གཏོང་སྟེ།རྟོགས་བརྗོད་ལས།དུག་རིགས་ཚད་འཁྲུ་འཇོམས་ཤིང་ཚད་པ་གསོད།།ཅེས་སོ།།
དཔའ་རྒོད་ཚབ།ལྡུམ་བུ་ཁྲོག་ཆུང་བ་ས་འཇམ་ལ་སྐྱེས་པའི་ལོ་མ་དུས་བཏུས་གཏོང་སྟེ།རིན་ཆེན་སྒྲོན་མེར།ཁྲོག་ཆུང་དུག་རིགས་ཤུ་ནད་དང༌།།རྨ་དང་ཁྲག་མཁྲིས་ནད་ལ་མཆོག།ཅེས་གསུངས།
སུ་མི་དམར་སེར་ཚབ།ལྡུམ་བུ་བོང་དམར་གྱིས་བྱ་སྟེ།རང་བྱུང་བས།དམར་པོས་དུག་ཚད་སེལ་བ་ཡིན།།ཞེས་སོ།།
ཤུ་མོ་ཟ་ནི་དབུས་ཕྱོགས་བོད་པའི་ཞིང་ལ་སྐྱེས་པའི་ལོ་སྡོང་སྲན་མ་འདྲ་བ་གང་བུ་སུམ་ཚོམ་དབྱིབས་ནར་མོའི་ནང་འབྲས་བུ་གློ་ལེབ་སྲན་མའི་རོ་བྲོ་བ་དེ་ཡིན་ཀྱང༌།ཚབ་ནི་ཤང་དྲིལ་སྔོན་པོ་འམ་སྨུག་པོ་རྫ་ལ་སྐྱེས་པ་དེ་དབྱར་སྟོད་བཏུས་པའི་མེ་ཏོག་གཏོང་སྟེ།རིན་ཆེན་སྒྲོན་མེར།སྔོ་སྨུག་གློ་རྣག་གློ་རྨ་གསོ།ཞེས་སོ།ལ་ལས།རི་སྟོད་སྲད་སེར་སྟག་གི་རྒྱལ་མཚན་འདྲ།།ཞེས་པ་དེའི་རྩ་ལོ་མེ་འབྲས་གཏོང་སྟེ།འཁྲུངས་དཔེར།རྩ་ཚད་རྨ་ཚད་ཁྲག་ཤོར་གཅོད།།ཅེས་པ་རུང་ཙམ།
སྙི་བ་ནི་ཞིང་གསེབ་ལ་སྐྱེས་པ་འཁྲིལ་ཞིང་མེ་ཏོག་དཀར་སྔོན།རྩ་བ་གྲོ་རིལ་ཅན་དེ་ཡིན་མོད།དེའི་ཚབ་ནི།ལུག་མུར་གྱི་རིགས་འདྲ་ཚད་ཆུང་ངུ༌།རྩ་བ་ཕུག་རོན་གྲོ་མ་ཟེར་བ་དེ་གཏོང་སྟེ།རིན་ཆེན་སྒྲོན་མེར།ཞིང་གསེབ་སྐྱེས་པ་ལོ་སྡོང་ཕྲ།།རྩ་བ་ཕུག་རོན་མར་རྐྱལ་གྱིས།།གློ་ཆམ་ནད་ལ་ཐང་མཆོག་ཡིན།།ཞེས་གསུངས་སོ།འདི་ལ་མཁས་ཁ་ཅིག་གིས་ལྡུམ་ཆམ་པ་གློ་གསོད་སྙི་བ་ནག་པོ་ཞེསཀྱང་འདོགས་སོ།།
ཡུངས་ཀར་ཚབ།ཀེ་ཚེའི་འབྲུ་ལ་བྱ་སྟེ།ཤེལ་གོང་ལས།ཀེ་ཚེས་བགེགས་འདུལ་སྐྲངས་དང་ལྷོག་པ་སེལ།།ཞེས་པ་དེའོ།
གོ་བྱིའི་ཚབ།ཤིང་ཕུར་སྨུག་གམ་གླ་རྐང་གི་མེ་ཏོག་ལོ་མ་བཅས་གཏོང་སྟེ།འདི་ཕོ་སྲིན་དང་རིམས་ནད་ལ་ཆེས་བསྔགས་སོ།།
ཤུ་དག་ཚབ།ས་གར་ཡང་ཆུས་མེར་བ་ན་སྐྱེས་པའི་ལོ་མ་གླང་མ་འདྲ་བ་སྙེ་མ་འབྲས་སྙེ་འདྲ་ཞིང༌།རྩ་བ་དཀར་ནུར་ཕྲ་སྙོམས་ཅན་སཱ་ལུ་ལྗང་པའམ་ན་ཆུའི་ལྗོན་པ་ཟེར་བ་དེ་ཡི་ལོ་སྙེ་བཅས་ལ་བྱ་སྟེ།བེེ་སྔོན་ལས།དྲོད་སྐྱེད་གག་ལྷོག་གཉན་རིགས་གདོན་རིགས་ཆུ་སེར་ཇོམས་ཟེར་བ་དེས་ཚབ་རུང་ངོ༌།།
གཡེར་མའི་ཚབ་ནི།བྱི་རུག་ནག་པོ་མཚེར་ལ་སྐྱེས་པའི་སྙེ་མ་དེས་རྨ་སྲིན་འཇོམས་པ་དེ་འམ།སྐབས་རེར་ཀེ་ཤིང་ཁཎྡ་པགས་ནད་ཆུ་སེར་ལ་བསྔགས་པ་དེའམ།སྐབས་རེར་ནས་སྔོན་དམར་གསུམ་བསྡུས་ཐང་གིས་གྲེ་བའི་རྩ་ལམ་འབྱེད་པར་གསུངས་པས་གང་རུང་བཏང༌།
བྱང་བའི་ཚབ།ཁུག་རྟའི་བྲུན་སྨུག་མོ་སྟོང་ཐུན་ཏེ་རྐྱང་སེལ་ལས།ཁུག་རྟའི་བྲུན་གྱིས་རྩ་སྦྱོངས་དམར་བཤལ་འཇོམས།།ཞེས་བཤད་པ་དེའོ།སྐབས་རེར་སྲད་ཨ་ལགྟའི་མདོག་ཅན་གྱི་པུཥྤ་ལོ་མ་བཅས་ཆུང་ངུའི་དུས་བཏུས་པས་བྱེད་དེ།འཇམ་དཔལ་བཀྲ་ཤིས་ཀྱི་སྡེ་ཚན་ལྔ་འགྲོལ་དུ།།སྡིགཆེ་བྱང་བ་གསོད་པ་ལས།།ལྡུམ་བུ་སྲད་སྨུག་བཏུ་བ་ལེགས།།ཞེས་གསུངས།འཁྲུངས་དཔེར། ནུས་པས་ཆུ་འགགས་འབིགས་ཤིང་སྦྱོངས།།ཞེས་གསུངས།ཡང་བྱིའུ་སྲད་ཆུང་ངུའམ་བྱིའུ་ཤིང་མངར་ཟེར་བ་དེས་རུང་སྟེ།ལྗོན་ཤིང་ལས།བྱིའུ་སྲད་མས་ཆུ་འགགས་སེལ་བར་བྱེད།།ཅེས་གསུངས།ཡང་ན་ཆབ་འདྲེན་སྲད་སྨུགསྲད་དཀར། སྲད་ནགསྲད་སྔོན་ནམ།རྐྱལ་བ་ཆུ་ཐུབ།བྱུ་རུའི་ཕྲེང་ལྡན་མ།བྱིའུ་སྲད་མ།གཟི་མདངས་མེད།ཆུ་མ་རྩི་བཅས་ཆ་མཉམ་སོས་ཀ་སྔ་མོར་བཏུས་པའི་ཁནྡ་གཏོང་སྟེ།ལྗོན་ཤིང་ལས།སྲད་བསྡུས་ཁུ་བས་དམུ་རྫིང་སྦྱོང༌།།ཞེས་གསུངས་པས་གང་རུང་གཏང༌།
མཚལ་དམར་དམར་གྱི་ཚབ།འདམ་བུ་ཀ་རའམ།འབུ་སུ་ཧང་གང་རུང་གཏང༌།
ཅོག་ལ་མ་ཡི་ཚབ།རྡོ་དམར་སྨུག་འོད་ཁྲ་ལེ་བ་དེ་མཚལ་ཡིན་པས་དེ་གཏང༌།
གཡེར་ཤིང་ཚབ།རི་སྟོད་ལ་ཁར་སྐྱེས་པའི་ལུག་ཤོའི་རྩ་བ་བསིལ་སྐམ་གཏོང་སྟེ།རྐྱང་བཤད་སྐབས།ལུག་ཤོས་རྨ་གསོ་འབྲུམ་ནག་ཕྱི་ལ་འཕུད།།ཅེས་པ་དེ་དང་ཡང་སྤང་རྒྱན་སྔོན་པོའི་པུཥྤ་གཏང་སྟེ།འཁྲུངས་དཔེར།ནུས་པས་གྲེ་བའི་འབྲུམ་པ་སེལ་ཞེས་སོ།།
དངུལ་ཆུའི་ཚབ།རྒྱ་མཚལ་ལམ་སེང་ཁན་གང་རུང་གཏང༌། གཉན་ཚད་སྐབས་ཀླུང་གི་བོང་ངའི་ལོ་མ་སོར་གསུམ་དུས་བཏུས་པ་བཏང༌།
རྒུ་དྲུས་ཚབ་ལྡུམ་རྒུ་དྲུས་སེར་པོ་བྱ།
རྒྱ་སྐགས་ཚབ་སྔོ་རྩད་པ་རྩོད་པ་ཞེས་འཕྲེད་དུ་བསྒྲད་ནས་སྐྱེས་པ་དེ་དང༌།ཆེ་བ་འབམ་པོ་འདྲ་བ་རྩད་པ་དཀར་ནག་གམ་ཕོ་མོའི་དབྱེ་བ་ཡོད་པའང་གང་རུང་གཏང༌།
གསེར་སྐུད་ནི།རྒྱ་དཀར་ནག་སོགས་རོང་ཆེན་རྣམས་ཀྱི་བྲག་ལོགས་སུ་གཤིབ་ནས་སྐྱེས་པ་སེར་པོ་སྦུབས་སྟོང་དང༌།སྦོམ་ལ་སྟོང་ལྷེབ་ཡང་ཡོང་བ་དེ་ཉིད་ཀྱི་ཚབ་སྤང་བལ་ལ་བྱེད་དེ་ནུས་པ་མཉམ་པར་བཤད།
གླ་སྒང་ཚབ།ལྡུམ་གླ་སྒང་ཟེར་བ་རྩ་བ་ཧྲིལ་མོ་བ་དེ་ཉིད་དང༌།
ག་དུར་ཚབ།གླ་སྒང་མེ་ཏོག་ལ་བྱ་སྟེ།འདི་ལྕགས་རི་བེེཌྰུརྻ་ལས།ག་དུར་མེ་ཏོག་རྒྱ་ཁ་དམར་པོ་ཞེས་ཀྱང་འདོགས།རིན་ཆེན་སྒྲོན་མེར།ནུས་པས་རིམས་ནད་རིམས་ཚད་སེལ།།རྩ་བ་བོད་སྐྱེས་གླ་སྒང་གྲགས།།ཞེས་གསུངས།བེེ་རོ་ཙཱ་ནས་ག་དུར་གླ་སྒང་དོན་གཅིག་ཡིན།།ཞེས་གསུངས་པ་འདི་ཡིན།དངོས་ནི་དབྱིབས་རྩ་བ་ཆག་མོན་འདྲ་ཞིང༌།ཅུང་ཟད་མངར་ལ་སྤུ་ཆེས་རིང་བ།ཕྱི་བྱ་རོག་གི་སུག་པ་འདྲ་བ་ཡོད་པ།ལོ་མ་རིང་ཞིང་དྲིལ་ལྕེ་འདྲ་བ་ས་ལ་བརྡལ་ནས་སྐྱེས་པ།ལྡུམ་ག་དུར་དུ་གྲགས་པ།ར་མོ་ཤེལ་སྨན་གྱིས་ཀྱང་དེ་ལ་ངོས་འཛིན།ཁ་ཅིག་དབྱིབས་ལ་ལྟོས་ནས་རྟ་མོན་ཆེས་ཆེ་བ་དམར་མཁྲེགས་ཀྱི་རྩ་བར་བྱེད་པ་ནི་འཁྲུལ་ལ།དེང་སང་འགའ་རེས་འདི་ལ་བྱེད་པ་ནི་མ་མཁྱེན་པའོ།།
བོང་ང་དམར་པོ་སེར་པོ་དངོས་ཀྱི་ཚབ་ནི།ལྡུམ་བུ་བོངས་རིང་སྣ་རྒྱགས་ཡོད་པ་མེ་ཏོག་དམར་པོ་སེར་པོ་འཆར་ཞིང༌།རོ་མངར་ཁོ་ལོ་མ་སོག་ལེ་ཅན་དེ་ལ་བྱའོ།
རྩ་ཁུ་བྱུག་ཙ་རི་སོགས་ནས་འབྱུང་ལ་དེའི་ཚབ།ཁུ་བྱུག་རྫི་ཐོག་ཅེས་ལོ་མ་མེད་པ།རྩ་བ་མ་མསྒོ་ལྕགས་ཟེར་བ་དེ་ཚབ་ཡོང་བར་བེེ་སྔོན་ལས་གསུངས།ཁམས་འདིར།ལོ་མ་སྨུག་ལོའི་དབྱིབས།མེ་ཏོག་དམར་ནག་གྱེན་བཟེད།ཁུ་བྱུག་གཅིན་རྫེའུ་ཟེར་བ་དེའོ།ཡང་ན་རྒྱ་ལྕམ་གྱི་འབྲས་བུ་དང༌།དབྱི་མོང་དཀར་པོ་དང༌།ཀོ་ཋའི་རྩ་ལོ་མེ་ཏོག་བཅས་དེ་རྣམས་གང་རུང་གཏང༌།
སྨན་དཀར་ལ་ཕུག་མ་འབྱོར་ཚེ།རྐང་འབམ་ལ་ལ་ཕུག་གཞོན་ནུ་བཏུས་ཏེ་བཙོ་བཅོས་བྱ་བ་དང༌།ཡང་ན་གསང་སྨན་ཁྲག་ཁྲོག་པ་ཀླུང་སྐྱེས་དར་ཡ་ཀན་གཉིས་གང་རུང་གཏོང་སྟེ།གཏོང་ཐབས་ཞིས་པར་ཞལ་ཤེས་དང།སྔོ་གཉིས་ཀ་རློན་པ་དགོས་ལ།ཚད་ལྡན་བཏུས་སྐམ་ཀྱང་རུང་ངོ།།
ཙབ་མོའི་བཏུང་བ་དངོས་ནི།རྒྱ་གར་གྱི་ཤིང་ཐོག་བི་ཛ་པི་ར་ཏེ།མ་རུ་ལངྒར་ཡང་གྲགས་པ་དེ་སོགས་ཤིང་ཐོག་རོ་སྐྱུར་མོའི་རིགས་ཀྱི་བཏུང་བ་ཡིན་པར་སི་ཏུས་བཞེད།བོད་འདིར་དེའི་ཚབ།འཁྲུ་གཅོད་སྐབས།ཞོ་དྲོད་རྐྱལ་དུ་བཏུམས་ལ་རག་འཐག་ལ་སོང་བའི་སྐྱུར་ལང་བའི་གར་མོ་དེ་གཏང༌།བད་ཀན་ཞི་སྦྱོང་སྐབས་ལྕུམ་གཞོན་ནུ་ཁུ་བ་དང༌།སྦྱོང་ལྕག་སྐབས་སིངས་པོ་དང༌།རླུང་རྩ་རླུང་འབྱར་སོགས་ཀྱི་སྐབས་ཟན་ཆང་དང༌།རྨ་འདུལ་སྐྲངས་འབྱར་སོགས་ལ་སྦང་མ་བྱ་དགོས་པ་བཅས་སྔོན་གྱི་གཞུང་ཚད་ལྡན་རྣམས་ལས་བཤད།
ཆུ་སྲིན་སྡེར་མོའི་ཚབ།སྔོ་སྦལ་བ་ལག་པའམ།ཆུ་སྲིན་སྡེར་སྦུབ་གྲགས་པ་དེས་བྱ་སྟེ།འདི་དྲི་ཆུ་འགགས་པ་དང་སྨད་གྱི་ཚ་བ་སེལ་བར་གསུངས་པས་དེ་འམ།སྐབས་རེར་བྲག་སྤོས་བྲེ་གུ་གསེར་ཐིག་གམ།གཟིག་མཇུག་པ་བཟང་པོ་གྲིབ་སྐམ་བྱས་པས་ཀྱང་རུང་སྟེ།འཁྲུངས་དཔེར།རང་གི་ནུས་པས་མཆིན་ཚད་དང༌།།རྨ་གསོ་རྒྱུ་གཟེར་འཇོམས་པར་བྱེད།།ཅེས་གསུངས།སྐབས་རེར་ལོ་བཙན་བཟང་པོའི་པུཥྤ་གཏོང་སྟེ།རང་བྱུང་པས།ལོ་བཙན་ཚད་འཁྲུ་གཅོད་ཅིང་གསོད།།ཅེས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号