ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དགུ་པ།སྨན་མིང་རྒྱ་མཚོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ལེའུ་དགུ་པ།སྨན་མིང་རྒྱ་མཚོ། 

ཀརྨ་རང་བྱུང་རྡོ་རྗེས་མཛད།
 
འགྲོ་བའི་ནད་གསོ་བཅོམ་ལྡན་འདས།།སྨན་གྱི་རྒྱལ་པོ་ཚངས་པ་སོགས།།དྲང་སྲོང་བླ་མ་བརྒྱུད་པ་ལ།།བཏུད་དེ་གུས་པས་ཕྱག་འཚལ་ནས།།རིན་ཆེན་རྡོ་དང་ཆུ་ཤིང་དང༌།།རྩི་དང་སྔོ་ལྡུམ་བྱེ་བྲག་དང༌།།སྲོག་ཆགས་ལས་བྱུང་ཤ་ལ་སོགས།།སོ་སོའི་ནུས་པ་བཤད་པར་བྱ།།ལྷ་ཀླུ་གནོད་སྦྱིན་མིའམ་ཅིའི།།སྤྱོད་པ་བཤད་ཀྱང་ཉེར་མི་འགྱུར།སྨན་གྱི་རྒྱལ་པོ་འགྲམ་བྱེད་སོགས།།མངོན་ཤེས་ལྡན་པའི་སྤྱོད་ཡུལ་ཡིན།འདི་སྙེད་པ་ཡི་ཉེར་མཁོ་བ།།ཅུང་ཟད་བཤད་པས་འདིར་ཤེས་བྱ།།
 
ས་བཅད་དང་པོ།རིན་པོ་ཆེའི་སྨན་གྱི་སྡེ་ཚན།
 
རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག།དགོས་འདོད་ཐམས་ཅད་འབྱུང་བར་ངེས།།ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།།དེ་བཞིན་རྣལ་འབྱོར་ལྡན་པའི་གདུང༌།།མཆོད་ཅིང་ལུས་ལ་བཅིངས་པ་ཡིས།།གདོན་ཀུན་ཕྱོགས་སུ་ཉེ་མི་ནུས།།ནོར་བུ་རིན་ཆེན་བཻཌྰུརྱ།།འོད་ཀྱིས་ནད་ཀུན་སེལ་བར་བྱེད།།ཨིནྜ་ནྰི་ལས་ནད་ཀུན་སེལ།།རྡོ་རྗེས་ཐོག་ཀུན་བཟློག་པར་བྱེད།།པད་མ་རཱ་གས་ནད་ཀུན་འཕྲོགས།།མར་གད་ནད་རྣམས་ཀུན་ལ་ཕན།།བྱི་ལའི་མིག་འདྲས་སྦྲུལ་ཆེན་
① སྨན་མིང་རྒྱ་མཚོ་ཞེས་བྱ་བའི་གཞུང་འདི་ནི་གྲགས་ཆེ་བའི་སྨན་གཞུང་རྙིང་མ་ཞིག་
ཡིན་ལ།འདི་ནི་རིན་པོ་ཆེ་དང་རྩི་ཤིང་སྔོ་ལ་སོགས་པའི་སྨན་གྱི་ནུས་པ་སྟོན་པའི་གཞུང་སྔ་བའི་གྲས་ཡིན་པས་ལོ་རྒྱུས་ཐོག་རང་བྱུང་རྡོ་རྗེའི་སྨན་མིང་རྒྱ་མཚོ་ཞེས་སྨན་པ་རྣམས་ལ་གྲགས་ཆེ།གཞུང་འདིའི་མཛད་པ་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ནི་མངའ་རིས་མང་ཡུལ་གུང་ཐང་གངས་ཞུར་མོའི་འགྲམ་རྩ་ཕུ་རླུང་ཤོར་ཟེར་བར་ཡབ་སྔགས་འཆང་ཆོས་དཔལ་གྱི་སྲས་སུ་རབ་བྱུང་ལྔ་བའི་ཤིང་སྤྲེལ་སྤྱི་ལོ་༡༢༨༤ལོར་འཁྲུངས་ཤིང༌།དགུང་ལོ་བདུན་ལ་མཁན་པོ་ཀུན་ལྡན་ཤེས་རབ་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་རང་བྱུང་རྡོ་རྗེ་ཞེས་གསོལ།།སྐུ་ནར་སོན་ནས་མཁན་པོ་གཞོན་ནུ་བྱང་ཆུབ་དང༌།དགེ་འདུན་རིན་ཆེན་སོགས་མཁས་པ་མང་པོའི་ཞབས་ལ་གཏུགས་ནས་སྨན་རྩིས་གཉིས་ཀར་མཁས་ཤིང་བྱང་ཆུབ་པར་གྱུར།ཀོང་པོ་སོགས་ཡུལ་ཁག་མང་པོར་ཕེབས་ནས་འགྲོ་དོན་མཛད་པ་དང༌།སྨན་གྱི་ནུས་པ་ཕྱོགས་གཅིག་ཏུ་བསྟན་པ་སྨན་མིང་རྒྱ་མཚོ་ཞེས་པ་སྨན་རིགས་བརྒྱ་དང་སུམ་ཅུའི་འཁྲུངས་དཔེ་རྒྱས་ཤིང་ཁུངས་ཐུབ་ཚད་ལྡན་འདི་བརྩམས་གནང་མཛད་པ་དང༌།སློབ་མ་ཡང་གཡུང་སྟོན་རྡོ་རྗེ་དཔལ་སོགས་མང་དུ་བྱུང་བ་ཡིན་ནོ།།
བཟློག།ཆུ་ཤེལ་ཚད་པ་ཞི་བར་བྱེད།།མེ་ཤེལ་གྲང་བའི་ནད་རྣམས་འཇོམས།།ཀར་ཀ་ཀྲ་ཡིས་གཟེར་བ་སེལ།།སྦུར་ལེན་དུག་ཚད་ཐམས་ཅད་འཇོམས།།དེ་ལྟར་རྡོ་ཡི་ནོར་བུ་བཅུ།།བྱ་ཁྱུང་སྐྱུགས་པའི་ནད་ཀུན་ཕན།།དེ་བཞིན་གཡུ་རྙིང་ནུས་པ་མཚུངས།།མུ་མེན་དུག་དང་སྐྲ་དཀར་འཇོམས།།མུ་ཏིག་དུག་སེལ་ཀླད་པ་གསོ།ཁྲ་མེན་གཟལ་ནད་མ་ལུས་སེལ།།བྱི་རུ་འདུས་པའི་ནད་ལ་ཕན།།ཤང་ཀ་ཤི་ལས་གདོན་ནད་བསྲུང༌།།ཕལ་བའི་དུང་བསྲེགས་འདྲིལ་ཀུན་འཇིག།གཟི་རྙིང་མིག་ནད་སེལ་བར་བྱེད།།མཆོང་དང་མར་གད་དེ་དང་འདྲ།།རྡོ་དང་སྲོག་ཆགས་ལས་བྱུང་བཅུ།ལྕེ་སྤྱང་རྭ་ཡིས་ནོར་རྣམས་བསྲུངས།།སྦྲུལ་གྱི་ནོར་བུས་དུག་ལ་ཕན།།ཀུ་ཤ་བྷན་དྷས་རིམས་ནད་སེལ།།གསེར་མེན་དབྱིག་དུག་སྡུད་ཅིང་སེལ།།རེག་ཆོད་སྐྲན་ནད་འཇོམས་པར་བྱེད།།གླ་བའི་ནོར་བུས་སྦྲུལ་དུག་ཕན།།ཉ་སོགས་སྲོག་ཆགས་ཀླད་པའི་ནང༌།།རྡོ་བ་ཆར་འབེབས་སོ་སོར་ཕན།།ཆུ་ཚན་རིང་བསྲེལ་གདོན་ནད་སེལ།།ཉ་ཕྱིས་ཀླད་པ་འཛག་པ་གཅོད།།འཇུ་བྱེད་ཤེལ་རྡོ་དུག་ལ་ཕན།།དེ་ལྟར་ནོར་བུར་གཏོགས་པ་བཅུ།།རོ་བཅུད་རྒྱལ་པོ་དངུལ་ཆུ་ནི།།གཉེན་པོ་གྲོགས་སྦྱར་ནད་ཀུན་སེལ།། ཚེ་རིང་ནད་རྣམས་ཀུན་འགྲུབ་བྱེད།།གསེར་གྱིས་རྒས་པ་རྣམ་པར་འཇོམས།།དངུལ་གྱིས་སོ་ནི་བཟང་པོར་འགྱུར།ལྕགས་ཀྱིས་ཆུ་དང་མཚོན་རྣམས་བཟློག།ཟངས་ཀྱིས་དམུ་རྫིང་སྐེམས་པར་བྱེད།།མཁར་བ་ར་གན་མིག་ནད་སེལ།།ཀླུ་ནི་ནག་དང་དཀར་བ་གཉིས།གདོན་བསྲུངས་སྤུ་རྣམས་ནག་པོར་བྱེད།།འདི་རྣམས་ལྕགས་བརྒྱད་གཉེན་པོ་བཤད།།ཡོན་ཏན་ཀུན་སྟེར་ཤེས་པར་བྱ།།
 
ས་བཅད་གཉིས་པ།རྡོ་སྨན་གྱི་སྡེ་ཚན།
 
དེ་ནས་ཁམས་རྣམས་བརྗོད་བྱ་སྟེ།།ཁབ་ལེན་རིགས་ནི་རྣམ་པ་བཞི།།འགུགས་བྱེད་ལྕགས་རྣམས་འགུགས་པར་བྱེད།།གཅོད་བྱེད་འཚིག་བྱེད་སྐོར་བྱེད་རྣམས།།ལྕགས་ཀུན་ལས་བྱེད་ཁམས་མཆོག་ཡིན།།མཚལ་གྱིས་རྩ་སྦྱོངས་དུག་ནད་སེལ།།གསེར་དངུལ་རྡོ་ཡང་དེ་ཉིད་མཚུངས།།ཟངས་རྡོ་མཐིང་སྤང་ནད་ཀུན་རྒྱུག།རག་རྡོས་མིག་གི་རབ་རིབ་སེལ།།ཏི་ཚ་དམར་ནག་ཆུ་སེར་སྐེམས།ཕ་ཝང་དཀར་པོས་མིག་ལ་ཕན།།ནག་པོ་གྲུ་བཞི་ཁྱི་སྨྱོན་ཕན།།གསེར་ཟིལ་ཟངས་དང་ནུས་པ་མཚུངས།དངུལ་ཟིལ་རྡོ་དུག་སེལ་བར་བྱེད།།ལྡོང་རོས་གག་པའི་སྨན་མཆོག་ཡིན།།བ་བླས་གདོན་ནད་སེལ་བར་བྱེད།།མུ་ཟིས་མཛེ་དང་ཆུ་སེར་སྐེམས།།ནག་པོ་ལྷོག་པའི་ནད་ལ་ཕན།།དམུ་རྫིང་གཉན་ཚད་སེལ་བར་བྱེད།།མཚུར་ནག་རིགས་གསུམ་གང་གིས་ཀྱང༌།།དབྱིག་དུག་སེལ་ཞིང་ཁ་ནད་འཇོམས།།དར་མཚུར་རུས་ནད་ཕལ་ཆེར་འཇོམས།ལྷང་ཚེར་དུག་ནད་ཀུན་སེལ་བྱེད།།ཁམས་བརྒྱད་ཉེ་བཅུད་བཅུར་བཅས་ཡིན།།འདི་རྣམས་སོ་སོར་དུག་བསད་གཅེས།།དེ་ནས་རྡོ་གཞན་ཡོན་ཏན་ནི།།དུང་འདྲས་དངུལ་ཆུ་འཆིང་བར་བྱེད།།སྨུག་པོས་མིག་གདོན་ནད་ཀུན་ཕན།།བྱིའུ་མགོས་མགོ་བོའི་རུས་ཆག་སྦྱོར།སྦལ་རྒྱབ་ཆུ་སེར་ནད་ཀུན་ཕན།།མདུང་རྩེ་དཀར་སྨུག་མིག་ནད་སེལ།།དཀར་པོ་ཆིག་ཐུབ་རུས་ཚད་སེལ།། གངས་ཐིགས་འབྲུམ་པའི་ཆུ་སེར་སྐེམ།།འབྲུག་ཀླད་ཀླད་པའི་ནད་ལ་ཕན།།ཅོང་ཞིས་རུས་པའི་དྭངས་མ་གསོ།།དེ་ལྟར་བཅུ་བོ་མགོ་ཆག་དང༌།།ཆུ་སེར་ནད་རིགས་ཀུན་ལ་ཕན།།རྡོ་ཞོས་སྣོད་ཀྱི་ནད་རྣམས་སེལ།།ཕུག་རོན་སྐེ་ཡིས་ལྕགས་དྲེག་འཇོམས།དཀར་པོ་ལུག་གདོང་སྐྲན་ལ་ཕན།།རྟ་གློ་ཁ་འདྲ་འདྲིལ་རྣམས་བཤིག།སྐྱུང་ཁའི་རྒྱབ་འདྲས་གློ་སྐྲན་ཕན།།སེར་པོ་མཆིན་མཁྲིས་འདྲིལ་རྣམས་སེལ།། གོ་བོའི་རྒྱབ་འདྲས་གྲང་སྐྲན་འཇིག།ཚ་རྡོ་གྲང་ནད་ཕལ་ཆེར་འཇོམས།།རྡོ་སོལ་དབྱིག་གི་དུག་ལ་ཕན།།མུ་ཟི་རྡོ་ཡིས་དམུ་ཆུ་སྐེམས།།འདི་བཅུ་བསྲེག་ལ་བཏང་བར་བྱ།།རྡོ་མཁྲིས་མཁྲིས་པ་མིག་སེར་སེལ།།རྡོ་སྐྱུར་གྲང་བ་བད་ཀན་སེལ།།རྡོ་རྒྱུས་རུས་པའི་ནད་ལ་ཕན།།ལུང་རྡོ་རྩ་ཡི་ནད་རྣམས་ཕན།།བེ་སྣབས་རྨ་ཡི་ནད་ལ་ཕན།། ཆུ་རྡོས་ཚད་པའི་ནད་སེལ་བྱེད།།བྲག་རྡོས་གྲང་བ་སེལ་བ་ཡིན།།རྡོ་ཆུ་དངུལ་གྱི་དུག་ལ་ཕན།།རྒྱ་མཚོ་ལྦུ་བས་གདོན་ནད་སེལ།།ཐོད་ལེ་ཀོར་གྱིས་རྩ་ལམ་སེལ།།འདི་བཅུ་གྲོགས་དང་བསྲེས་པར་གཅེས།།རྡོ་སྤོས་འདུས་པའི་ནད་ལ་ཕན།།དཀར་གོང་སྲིན་ཅན་སོ་སྲིན་སེལ།།རྒྱ་མཚོའི་རྡོ་བས་སྲིན་ལ་ཕན།།སྨུག་གིས་རྨ་ཡི་ཆུ་སེར་སྐེམས།།ཀ་ཤའི་རྡོས་ཀྱང་དངུལ་ཆུ་སྦྱོངས།།དངུལ་ཆུའི་རྡོ་བསྲེགས་ཤ་རོ་གཅོད།། དུག་ཤེལདུག་ནད་སེལ་བ་ཡིན།།འཛེང་གིས་རྨ་རྙིང་སེལ་བར་བྱེད།། ལས་བྱེད་འདུ་བ་སྙོམས་པ་ཡིན།།གཡམ་པ་ཁམས་གང་ཡིན་པར་མཐུན།།སྣ་ཚོགས་ནུས་ལྡན་རྡོ་བ་བཅུ།།གཞན་ཡང་རོ་ནུས་འདྲེས་པ་རྣམས།།ནུས་པས་ནད་རྣམས་ཞི་བྱེད་པ།།མཁས་པས་ཚུལ་བཞིན་སྤྱད་བྱས་ལ།།གཏོང་ལུགས་མཁས་པའི་ཞལ་ལ་དྲིས།།
 
ས་བཅད་གསུམ་པ།ཆུ་སྨན་གྱི་སྡེ་ཚན།
 
དེ་ནས་ཆུ་སྨན་བཤད་པར་བྱ།།མཁལ་ལས་བབས་དང་གང་གཱ་དང༌།།ས་ཕྱོགས་དཀར་ནག་གཙང་ལས་འབབ།།འཚོ་བྱེད་ངོམས་བྱེད་ཡི་གར་འོང༌།།ཚིམ་བྱེད་སེམས་ནི་གསལ་བྱེད་ལ།།སླ་ཞིང་རོ་ནི་གསལ་ལ་ཞིམ།།བསིལ་ཞིང་ཡང་བ་ཡན་ལག་བརྒྱད།།ལྡན་པ་བདུད་རྩི་ལྟ་བུ་ཡིན།།ཆུ་སྐོལ་ཡན་ལག་བརྒྱད་དང་ལྡན།།རླུང་གནོན་བད་ཀན་འབྱིན་པར་བྱེད།།མེ་དྲོད་སྐྱེད་བྱེད་དྭངས་སྙིགས་འབྱེད།།སྐོམ་སེལ་སྐོལ་གྲང་ཉེས་གསུམ་སེལ།།ཆུ་ནི་ཞག་ལོན་ཉེས་གསུམ་བསྐྱེད།། གངས་ཆུ་ཚ་སེལ་གྲང་ནད་བསྐྱེད།།ཤིང་ལྡུམ་མང་བས་བད་ཀན་བསྐྱེད།།ཅོང་ཞིའི་ཆུ་ཡིས་སྨུག་པོ་སེལ།།ཁྲོན་པའི་ཆུ་ཡིས་མཁྲིས་པ་སེལ།།ཆུ་ཚན་རིགས་ནི་ལྔ་ཡོད་དེ།།ཡན་ལག་བརྒྱད་ལྡན་ནད་ཀུན་ཕན།།ཆུ་སྐྱུར་པགས་ནད་བད་ཀན་སེལ།།བ་ཚ་ལྡན་པས་རླུང་ནད་འཇོམས།།ཁ་རུ་ཚ་བྲོ་མ་ཞུ་སེལ།།མུ་ཟི་དྲི་ལྡན་ཆུ་སེར་སྐེམས།།དེ་བཞིན་སྨན་ཆུ་ལྔ་ཡོད་དེ།།རྒྱ་ཚའི་རོ་ལྡན་ནད་ཀུན་ཕན།།སྐྱུར་པོའི་རོ་ལྡན་བད་རླུང་སེལ།།བསིལ་ལ་རོ་ཁ་བད་རླུང་སེལ།།རྭ་གཞོབ་ཕོ་བ་མ་ཞུ་སེལ།།དྲི་ཆུ་མཚུངས་པས་ནད་ཀུན་འཁྱ།ཀུན་གྱིས་སྦྱོངས་དང་སྐྱུགས་པ་ཡིན།།ཁྱད་པར་ཅན་གྱི་ཆུ་རྣམས་ནི།།རྡོ་ཆུ་དུག་ཆུ་བྱི་ཆུ་དང༌།།ཆུ་ཤེལ་ཆུ་དང་གཅོད་པའི་ཆུ།།རེ་རེ་ལ་འང་ལྔ་ལྔ་སྟེ།། དངུལ་ཆུ་འཆིང་བར་བྱེད་པ་ཡིན།།ན་ར་ཀྴ་ར་གུའུ་དང༌།།ཨ་ཤ་ཤུ་ན་ཧ་ཐི་ཏི།།དྲི་ཆུ་ལྔ་ནི་དངུལ་ཆུ་འཁྲུ།།དེ་སོགས་དྲི་ཆུ་མང་པོ་ཡི།། ཡོན་ཏན་དཔག་མེད་འདིར་མ་བརྗོད།།ནད་རྣམས་བསྐྱེད་པར་བྱེད་པའི་ཆུ།།ལྟེང་ཀ་འདམ་རྫབ་ཉ་ལྕིབས་ཅན།།མཚོ་དང་ལུ་མ་རྙོགས་མ་ཅན།།ལྦུ་བ་སྲོག་ཆགས་མང་དང་བྲོ།གྲང་རྗེས་སོ་ཡི་མི་བཟོད་དང༌།།ཆར་གང་དུས་སུ་མ་བབས་དང༌།།དུས་ཀྱི་དང་པོར་བབས་པ་དང༌།།སྲོག་ཆགས་ཆུ་དང་དུག་འདྲེས་དང༌།།བཤང་གཅི་འདྲེས་པའི་ཆུ་རྣམས་ནི།།གལ་ཏེ་འཐུང་ན་ལེགས་པར་བཙགས།།དྭངས་སྙིགས་ཕྱེ་ལ་ལེགས་པར་བསྐོལ།།ལྦུ་བ་བཅད་ལ་བཏུང་བར་བྱ།།དེ་ལྟར་ནད་སེལ་ཉི་ཤུ་ལྔ།།ནད་རྣམས་སྐྱེད་བྱེད་བཅུ་གསུམ་སྟེ།།གཞན་ཡང་སྣ་ཚོགས་རྐྱེན་གྱིས་བསྒྱུར།མཁས་པས་ཞིབ་ཏུ་བརྟགས་ཏེ་བཏུང༌།།
 
ས་བཅད་བཞི་པ།ཤིང་སྨན་གྱི་སྡེ་ཚན།
 
དེ་ནས་ཤིང་སྨན་བཤད་པར་བྱ།།ཨ་གར་ནག་པོས་སྲོག་རྩ་དྭངས།།སྙིང་གི་ཚད་རླུང་ཐམས་ཅད་སེལ།།དུ་རུ་ཀས་ཡང་རླུང་ནད་སེལ།།ཨ་གར་དམར་པོས་རླུང་ཚད་འཇོམས།།སུ་རུ་ཙན་དན་དེ་དང་འདྲ།།ཙན་དན་དཀར་པོ་དྲི་ལྡན་གྱིས།།བཅུད་ལེན་དྲི་མེད་ཚད་རྐྱང་འཕེལ།།དམར་པོས་ཁྲག་རླུང་འཐབ་པ་སེལ།།སྨུག་པོ་ཚད་པ་ཀུན་ལ་ཕན།།དེ་བ་ད་རུས་ཚད་པ་སེལ།།ཨུ་དུམ་ཝ་ར་བཅུད་མཚན་ཡི།།ཨ་ཤད་ཏ་དང་ཤ་གླ་སྒ།།ནྱ་གྲོ་དྷ་དང་མཆོག་སྦྱིན་ཤིང༌།།ཧ་པ་ཀ་ར་རྗེས་ཀམ་ཀ།གྷམ་པ་རི་དེ་ས་མི་ཡི།།ཨ་བམ་གྷ་བ་ལ་ཤ་འདི།།བཅུད་ལེན་ཆེན་པོ་བཅུ་སེལ་ཞིང༌།།གྲུབ་པ་ཡང་ནི་སྟེར་བར་བཤད།།སེང་ལྡེང་མཛེ་དང་ཆུ་སེར་འཇོམས།།ནི་རི་ཀི་ལ་བད་མཁྲིས་སེལ།།གོ་མོས་ལུས་ཟུངས་བརྟས་པར་བྱེད།།སྟར་གས་རླུང་ནད་སེལ་བ་ཡིན།།ཙམ་པ་ཀ་ཡིས་ཚད་པ་འཇོམས།།དོང་ཁའི་ཤིང་གིས་དུག་ལ་ཕན།།འབྲུག་ཤིང་ཆར་འབེབས་ཀླུ་ནད་སེལ།།ཤིང་འདུས་འདུས་པའི་ནད་སེལ་བྱེད།།ཅལ་སེ་ཤིང་གིས་དུག་ལ་ཕན།། དར་ཤིང་རུས་ནད་ཀུན་ལ་ཕན།།འདི་བཅུ་འབྲུ་ཡི་སྨན་མཆོག་ཡིན།།ཤུག་པས་སྨད་ཀྱི་ཚད་པ་སེལ།།འབྲས་བུ་བདུད་རྩི་བཅུད་དུ་བཤད།།སྤ་མའི་ནུས་པ་དེ་དང་མཚུངས།།ལྕང་མས་དམུ་ཆུའི་ནད་ལ་ཕན།།སྦྱར་བས་བྱེར་བ་སྡུད་པ་ཡིན།།སྤྱི་ཞུར་མགོ་རུས་ཆག་པ་སྦྱོར།།གླང་མས་མོ་ནད་ཚད་པ་སེལ།།སྟག་པས་ལུས་ཟུངས་རྒྱས་པར་བྱེད།།བེ་ཤིང་ཆུ་སེར་འདྲེན་པ་ཡིན།།གྷུ་དང་ཁྲེས་པས་འདུ་བ་སྙོམས།དེ་ལྟར་བཅུ་པོ་ཤིང་སྨན་ཡིན།།གྲུམ་ཤིང་ལས་ནི་སྨག་འབྱུང་སྟེ།།བེ་ནག་འབྲས་བུ་མོན་ཆ་མ།འཁྲུ་བ་གཅོད་པའི་དམ་པ་ཡིན།། སྤོས་དཀར་ཤིང་དང་སྤོས་ནག་གཉིས།།ཆུ་སེར་སེལ་བའི་དམ་པ་ཡིན།།མདུང་ཤིང་ཐང་ཆུས་རྨ་ཀུན་ཕན།།འདྲེ་སྐྲོག་ཤིང་གིས་གཉན་ཚད་སེལ།།དུག་ཁ་མ་ཤིང་འབྲས་(དུག)ནད་སྦྱོང༌།།སྒྲོན་ཤིང་སྐྲན་ནད་ཀུན་ལ་ཕན།།སྟར་ཤིང་དུག་དང་གློ་ནད་སེལ།།རྒྱ་མཐའ་ཚད་པ་སེལ་བར་བྱེད།།ཡོན་ཏན་ཅན་གྱི་ཤིང་བཅུའོ།སྐྱེར་བས་དུག་སེལ་མིག་ལ་ཕན།།སེ་བས་རྩ་སྦུབས་ནད་རྣམས་བསྡུ།།འོམ་བུས་དུག་ཚད་མ་ལུས་འཇོམས།།རྒྱ་ལྕང་བར་ཤུན་སྐྱུག་པའི་སྨན།།ཁྱི་ཤིང་གློ་མིག་བད་ཀན་འདྲེན།།འཕང་མའི་འབྲས་བུས་སྙིང་ནད་སེལ།།བྲ་མའི་ཤིང་གིས་ནད་ཀུན་འཇོམས།།སྐྱུར་ཤིང་བད་ཀན་སེལ་བ་ཡིན།།གྲོ་གས་མགོ་ཆག་ཆུ་སེར་འདྲེན།།སེ་རྒོད་བར་ཤུན་དུག་ཚད་སྡུད།། འདི་བཅུ་བར་ཤུན་བཟུང་བར་བྱ།།ད་ལིས་གྲང་རླུང་ཀུན་སེལ་ལོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号