ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དགུ་པ།སྨན་མིང་རྒྱ་མཚོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
སུ་རུ་དེ་དང་ཕྱོགས་མཐུན་དྲོད།།སྤེན་མ་མ་ཞུ་གློ་ནད་སེལ།།ཚེ་ཡི་སྨུག་པོ་སྐྲངས་རྣམས་འདུལ།།ཇ་ཤིང་ཚད་པ་ཀུན་ལ་ཕན།།ཤིང་སྔོན་གྱིས་ཀྱང་ཚད་པ་འཇོམས།།སྐྱེར[སྐྱི]ཚེར་འབྲས་བུས་གག་པ་སེལ།། ཡུག་ཤིང་ཚད་པ་སྙོམས་པར་བྱེད།།སྨག་ཤིང་རྨ་གསོ་ཆུ་སེར་དྲེན།། སྨྱུག་མས་མཁལ་མའི་ཟུངས་འཛིན་བྱེད།།འདི་བཅུ་རྙེད་སླ་ཀུན་ཏུ་རྒྱུག།ལྷོ་ཤིང་ཕུར་མས་རྣག་ཆུ་སྐེམས།།མཛོ་ཚེར་ཙན་དན་དམར་པོ་མཚུངས།།གཡེར་མའི་ཤིང་གིས་རྩ་ལམ་སེལ།།གླ་ཚེར་བ་ཡང་བསིལ་བར་གཏོགས།།གསོམ་དང་རྒྱ་ཤིང་ཐང་ཤིང་གསུམ།།བསིལ་སྙོམས་ཕྱོགས་སུ་གཏོགས་པ་ཡིན།།ཐང་ཆུས་རྨ་ཡི་ཆུ་སེར་སེལ།།ལ་ཧའི་ཤིང་གིས་གློ་ཚད་སེལ།།བཙོད་ཀྱིས་རྒྱུ་ལོང་ཚད་པ་སེལ།།ཤིང་མངར་སྨིན་མོས་ཚད་པ་སེལ།།དེ་ལྟར་བཅུ་གསུམ་བསིལ་སྙོམས་རིགས།།གཞན་ཡང་འབྲས་བུའི་རྩི་སྨན་རྣམས།།ཕལ་ཆེར་ཤིང་ལས་འབྱུང་མོད་ཀྱི།།དེ་རྣམས་འོག་ཏུ་བརྗོད་པར་བྱ།།
 
ས་བཅད་ལྔ་པ།རྩི་སྨན་གྱི་སྡེ་ཚན།
 
རྩི་སྨན་རྒྱལ་པོ་ག་བུར་ཏེ།།ཀཉྩག་བུར་རྒྱས་ཚད་སེལ།།ཤེལ་ནི་རྩུབ་ཤིང་དེ་དང་འདྲ།།སྟག་ཟིལ་སེར་མཉེན་ཁྲག་མཁྲིས་སེལ།། མང་ནི་རླུང་ལྡན་ཚད་པ་འཇོམས།།གུར་ཀུམ་མཆིན་ཚད་ཁྲག་ལ་ཕན།།ཀུ་སུ་མ་ཡང་དེ་དང་མཐུན།།ཛཱ་ཏིས་སྙིང་གི་ཚད་པ་སེལ།།གླ་རྩི་གཉན་ཚད་དུག་ལ་ཕན།།ཅུ་གང་གློ་ཚད་ཀུན་ལ་ཕན།།དེ་རིགས་ས་དང་ཤིང་བྱུང་གཉིས།།ཀ་ཀོ་ལ་ནི་མཚེར་ནད་ཕན།།ཨེ་ལ་ཞེས་བྱ་ཤིན་ཏུ་ཚ།ལི་ཤི་གཟེར་ནད་མཆིན་མཁྲིས་གཟེར།།སུག་སྨེལ་ཕོ་ལོང་གཞི་འཛིན་བྱེད།།བསིལ་དྲོད་སྙོམས་པ་གཉིས་གཉིས་དྲུག།གི་ཝང་ཚད་ནད་ཀུན་ལ་ཕན།།གུ་གུལ་གདོན་ཚད་མ་ལུས་འཇོམས།།དེ་ལྟར་རྩི་ཡི་གཙོ་བོ་བཅུ།།བཟང་ངན་ཡུལ་གྱིས་སུམ་ཅུ་ཡོད།།
 
ས་བཅད་དྲུག་པ།ཤིང་སྨན་སྔོ་སྨན་ཐང་
སྨན་བཅས་ཀྱི་སྡེ་ཚན།
 
ཤིང་ཀུན་རླུང་ནད་ཐམས་ཅད་འཇོམས།།བྷོ་ཀ་ཏ་ཡིས་དངུལ་ཆུ་འཆིང༌།།རུ་རྟ་དཀར་ནག་གཉིས་པོ་ཡིས།།ཚད་འཁྲུགས་གཉན་ནད་སྲོག་རླུང་སེལ།།ཨུཏྤལ་མཆིན་པའི་ཚད་པ་འཇོམས།བསེ་ཡབ་བད་ཀན་སེལ་བ་སྟེ།།སེ་འབྲུས་བད་རླུང་ཀུན་ཞི་སྙོམས།།བྱེ་མས་མཁལ་ནད་རྩ་ཚད་སེལ།།ག་གོན་བསམ་སེའི་ནད་ལ་ཕན།།ཨུ་རི་[ཤི]རས་ཀྱང་སྣོད་ནད་སེལ།།འདི་བཅུ་ཀུན་ལ་ཤེས་པར་རིགས།།སྤོ་བོ་སོན་ཆས་ནད་ཀུན་སྐྱུགས།།གསེར་གྱི་ཕུད་བུས་སྟོད་དུ་འདྲེན།། གསེར་གྱི་མེ་ཏོག་མཁྲིས་པའི་སྨན།།ཁུ་བ་ཁའོ་དེ་དང་མཚུངས།། ཡུང་བ་གཞང་འབྲུམ་སེལ་བའི་གཙོ།ཤིང་མངར་གློ་ཚད་རླུང་ལ་ཕན།།ཙི་ཏྲ་ཀ་ཡིས་མེ་དྲོད་བསྐྱེད།།ཤང་ཀ་སྤུས་པས་ཤེས་རབ་སྐྱེ།སླེ་ཏྲེས་འདུ་བ་སྙོམས་པར་བྱེད།།ཀཎྡ་ཀ་རི་དེ་འདྲ་བཅུ།།ཤིན་ཏུ་སྦྱོར་ལ་དེ་འདྲ་གཅེས།།སོ་མ་རཱ་ཛས་མཛེ་ནད་སེལ།།ཏིལ་དཀར་ཏིལ་ནག་རླུང་ནད་སེལ།།དུག་ཉུང་མཁྲིས་ནད་གཉེན་པོ་སྟེ།།ཟི་ར་དཀར་ནག་སྲོག་རླུང་འཇོམས།།ཐལ་ཀས་གཟའ་དང་ཆུ་སེར་འདྲེན།།ཀུན་གྱིས་ཆུ་སེརའདུས་པ་སྙོམས།།ནཱ་ག་གེ་སར་པུཥྤ་དང༌།།པདྨ་གེ་སར་གསུམ་པོ་ཡིས།།གདོན་སེལ་དབང་པོའི་ནད་སེལ་བཅུ།།གླ་གོར་གློ་ནད་བད་ཀན་ཕན།།མཁལ་མ་ཞོ་ཤ་རིགས་གསུམ་དང༌།།ཨ་འབྲས་སྲ་འབྲས་འཇམ་འབྲས་གསུམ།།མཁལ་ནད་གྲང་ནད་ཀུན་ལ་ཕན།།གྲང་ནད་ཀུན་འཇོམས་ན་ལེ་ཤམ།།ཉེས་པ་གསུམ་སེལ་པི་པི་ལིང༌།།བད་རླུང་སེལ་བ་སྒ་སྐྱ་མཆོག།དོང་གྲ་གློ་རྣག་གྱེན་དུ་འདྲེན།། འདི་བཅུ་བད་རླུང་འཇོམས་པའི་མཆོག།བ་ཤ་ཀ་ཡིས་ཁྲག་ནད་སེལ།།བ་ལེ་ཀ་ཡིས་ཁྲག་འཁྲུགས་སྙོམས།།གླ་སྒང་གློ་བའི་ཚད་པ་འཇོམས།།ལི་ག་དུར་གྱིས་དུག་ཐབས་འཇིག།ཀ་པེད་རྒྱུ་ལོང་ཚད་འཁྲུ་སེལ།།བྷ་བུ་ལུ་ཡིས་གློ་ཚད་སེལ།།ཤུ་དག་དཀར་པོས་ཤ་ཆེར་བསྐྱེད།།ནག་པོས་གཉན་ཚད་གྱེན་དུ་འདྲེན།།ནིམ་པ་ཚ་ནད་ཀུན་ལ་ཕན།།རྒུན་འབྲུམ་བྱིས་པའི་གློ་ནད་སེལ།།སྟོད་ཀྱི་ཚད་སེལ་སྨན་མཆོག་བཅུ།།ཀོ་བྱི་ལ་ཡིས་དུག་ཚད་སེལ།།ལྡུམ་སྟག་གླང་ཆེན་དེ་དང་མཚུངས།།ཤང་རྐང་བུམ་པ་ཨ་ལྗང་སྔོ།།བྱ་འཕུར་ལེབ་དང་སུ་མི་སྨན།།དཔའ་བོ་དཀར་སེར་དམར་པོ་གསུམ།།འདི་བཅུ་དུག་ཚད་ཐམས་ཅད་འཇོམས།།རྐྱང་བ་གཉིས་གསུམ་གང་ཚོགས་སྦྱར།བྱི་ཏང་ག་དང་མ་རུ་རྩེ།།ལ་ལ་ཕུད་རྣམས་སྲིན་ལ་ཕན།།འབྲས་བུས་ཡ་མའི་ནད་རྣམས་ཕན།།ལང་ཐང་རྩེ་ཡང་དེ་བཞིན་ནོ།གཡེར་མས་ཆུ་སེར་རྩ་སྲིན་སེལ།།དྭ་རྒོད་རྩ་བས་སྲིན་ནད་སེལ།།འབྲས་བུ་མ་ནུ་དེ་དང་འདྲ།།ཟིམ་ལྷམ་ཁྲག་འཁྲུགས་ནད་ལ་ཕན།།བྷི་ཏ་རྩ་སྲིན་རླུང་སྲིན་སེལ།།དེ་ལྟར་སྲིན་རྣམས་སེལ་བ་བཅུ།།ཁྱུང་སྡེར་དཀར་སྨུག་དུག་སེལ་ལ།།གོ་བྱེ་སྨུག་པོ་སེལ་བའི་མཆོག།འུ་སུ་གླང་ཐབས་སྒང་སེལ་མཆོག།གླང་མགོ་གྲང་ཆུ་སེལ་བའི་མཆོག།སྒ་ཏིག་ཚ་ཆུ་སེལ་བའི་མཆོག།རྒྱུས་པ་གསོ་བ་ཨ་བྷི་མཆོག།དན་རོག་སྦྱོང་བྱེད་གསོད་བྱེད་མཆོག།ཀླུ་ཡི་གཉེན་པོ་ཀླུ་དུག་ཡིན།།ཤི་ལ་མི་ཊ་རྡོ་སྐྲན་འཇིག།དེ་ལྟར་མཆོག་གི་སྨན་བཅུའོ།།ཨ་རུ་ར་ལ་རིགས་བདུན་ཡོད།།བཅུད་ཀྱིས་ལེན་པ་ཤ་ཆེན་ཏེ།།དྲི་དང་བཤལ་ལ་སྙུང་པོ་མཆོག།རྣམ་རྒྱལ་འཇིགས་མེད་གདོན་ལ་བསྔགས།།འཚོ་བ་གཙང་བ་འཕེལ་བ་གསུམ།། ཐ་མ་ཤེས་བྱ་དེ་རྣམས་སོ།བ་རུ་ར་དང་སྐྱུ་རུ་དང༌།།འདུས་པའི་ནད་རྣམས་སེལ་བར་བྱེད།།སྙིང་ཞོ་ཤ་ཡིས་སྙིང་ནད་སེལ།།དོང་ཁས་སྨུག་པོ་སྦྱོངས་པར་བྱེད།།ཨེ་རནྡ་ཡིས་ནད་རྣམས་འཁྲུ།།པདྨ་རྩ་ལོས་ལུས་ཟུངས་བསྐྱེད།།མ་ནུ་རུ་རྟས་འདུ་བ་སྙོམས།།པ་ཏྲས་བད་ཚད་འཇོམས་པར་བྱེད།།པུཥྤར་རྩིབ་ལོགས་གཟེར་བ་འཇོམས།།ཤུ་ཟུར་ནུས་བ་དེ་དང་མཚུངས།།བཅུ་གཅིག་འདུས་པ་སོ་སོར་མངར།། མེ་ཏོག་གསུམ་པས་གག་པ་སེལ།།དྷར་སྨན་ཚད་པ་འདར་བུ་འཇོམས།། སྐྱུར་རྩི་ཆེན་པོས་བད་ཀན་སེལ།།གྷིར་ར་ཀུ་བ་དངུལ་ཆུ་འཆིངས།།ཞུ་མཁན་ཁ་ཡི་ནད་རྣམས་སེལ།།རམས་ནི་གདོན་གྱི་ནད་ལ་ཕན།།ད་ཏྲིག་འཁྲུ་གཅོད་དབུགས་ནད་སེལ།།ར་ཏི་ལྡོང་རོས་དུག་ཞི་བྱེད།།ཟ་ཁྱབ་དམུ་ཆུའི་ནད་ལ་ཕན།།ཤིང་ཁ་ཡིས་ཀྱང་དུག་ལ་ཕན།།སྣ་ཚོགས་ནུས་ལྡན་བཅུ་ཡིན་ནོ།རྩ་བའི་དུག་ཆེནལྔ་བོ་ནི།།ཆ་དུ་བ་དང་སྲང་གི་དང༌།།ཀཱ་ལ་ཀུ་ཊ་ནྰིལ་དང༌།།སེར་པོ་དང་ལྔ་བོང་ངའི་རིགས།།གཉན་སེལ་ནད་རྣམས་འཇིག་པར་བྱེད།།ལང་གས་མི་ཡིས་དངུལ་ཆུ་འཆིངས།།དྷ་དྷུ་ར་ནི་སྲིན་ཀུན་ཕན།།འོལ་མོ་སེ་ཡིས་མཁལ་ནད་སེལ།།བྷི་མ་འདན་ཏི་བྷོ་ག་ཏི།།ཉེ་བའི་དུག་ལྔ་ཡོན་ཏན་ཅན།།ལིང་གི་ལྔ་ནི་དག་པར་བྱེད།།བྷི་ར་ར་ཙ་ཙུད་བྱེད་དེ།།ཨུ་པ་ལིང་ག་ལས་རྣམས་འགྲུབ།།བྷི་ཤུ་ཀྲ་མ་སྙ་ར་ཧི།།དཔའ་བོ་གཅིག་པུ་རལ་བ་དམར།བྷི་ཧཾ་དང་ནི་ལ་ཧུ་ལུ།།ཟིག་ཐིག་བཅུ་པོ་དངུལ་ཆུ་འཆིངས།།གདོན་བསྲུང་ནད་རྣམས་ཞི་བར་བྱེད།།
 
ས་བཅད་བདུན་པ།སྔོ་སྨན་དང་ལོ་ཏོག་ལས་
བྱུང་བའི་སྨན་གྱི་སྡེ་ཚན།
 
དེ་ནས་སྔོ་རྣམས་བཤད་པར་བྱ།།པྲི་ཡང་ཀུ་ཡིས་མཆིན་ཚད་སེལ།།ཅུ་གང་སྒོག་སྐྱས་གློ་ནད་སེལ།།གོ་སྙོད་སྙིང་ཚད་གློ་ནད་སེལ།། སྙ་ལོས་རྒྱུ་ལོང་ཚད་པ་སེལ།།བྲེ་ག་མཁལ་མའི་ནད་ཀུན་ཕན།།་འདི་ལྔ་བཟང་པོ་ལྔ་དང་མཚུངས།།བོང་ང་དཀར་པོས་རི་མས་རྣམས་སེལ།། དམར་པོས་དུག་ཚད་སེལ་བ་ཡིན།།སེར་པོ་དེ་དང་རྗེས་སུ་མཐུན།།ཡུ་གུ་ཤིང་དང་གླང་རུ་གཉིས།།ཕག་གླང་ཞེས་བྱ་དུག་ཀུན་འཇོམས།།པར་པ་ཏ་ཡིས་ཁྲག་ཚད་སེལ།།ཧོང་ལེན་དེ་དང་འདྲ་བ་ཡིན།།ཁུར་མོང་ཞོ་ཅན་དབྱིག་དུག་སེལ།།སྤང་རྩི་དོ་བོས་དུག་ཚད་སེལ།།བྲག་སྐྱས་སྦྱར་དུག་སྡུད་ཅིང་གསོད།།སྤྲེལ་མཇུག་དུག་ཚད་ཀུན་ལ་ཕན།།ཁྱི་མཇུག་དངུལ་ཆུ་དུག་གསོད་བྱེད།།མཐིང་མཇུག་མགོ་བའི་ལྷ་བ་འདེགས།།སྟག་མཇུག་རུས་པའི་ནད་རྣམས་སེལ།། ཁྱུང་མཇུག་རུས་ཚད་བྱེར་བ་སྡུད།།འདི་བཅུ་སྦྱར་ན་དུག་ཀུན་ཕན།།ཚད་པ་གསར་རྙིང་ཐམས་ཅད་སེལ།།རྒྱ་ཏིག་ཚད་པ་ཀུན་ལ་ཕན།།སུམ་ཏིག་ཆེ་བས་རྣག་རྣམས་སྐེམས།།ཆུང་བས་རྒྱུ་ལོང་ཁྲག་རྣམས་སྐེམས།།ལྕགས་ཏིག་ཟངས་ཏིག་དངུལ་ཏིག་གསུམ།།རུས་ཚད་སེལ་ཞིང་མགོ་ལ་ཕན།།ལྡུམ་ཏིག་རྩ་ཚད་མ་ལུས་སེལ།།རྒྱལ་བའི་སྤྱན་གྱིས་རྣག་ཁྲག་སྐེམ།།དབང་ཕྱུག་མིག་གིས་དུག་ཚད་སྡུད།།ལུག་མིག་གདོན་ཚད་ནད་ལ་ཕན།།འདི་རྣམས་ཚད་པ་ཐམས་ཅད་སེལ།། མིང་ཅན་ཚད་པའི་ལྷོག་པ་སེལ།།བོད་ཀྱི་གུར་ཀུམ་གཉན་ཚད་སེལ།། མེ་ཏོག་གུར་ཀུམ་དེ་དང་འདྲ།།སྟག་ཤ་དཀར་ནག་གཉིས་པོ་ནི།།གཉན་ཚད་ཆུ་སེར་སྐེམ་པའི་མཆོག།ཁྱི་ལྕེ་ནག་པོས་གཉན་སྐྲངས་སེལ།།དཀར་པོས་དུག་ཚད་མཛེ་ནད་འཇོམས།།སྤང་སྤོས་ཚ་སྐྲངས་འདུལ་བར་བྱེད།།གཉན་ཐུབ་དྲི་ཆེན་གཉན་ནད་འཇོམས།མུ་མེན་རྡ་བ་དེ་དང་འདྲ།།འདི་བཅུས་གཉན་ཚད་འཇོམས་པ་ཡིན།། ཤང་དྲིལ་དཀར་པོས་ནད་ལ་ཕན།།དམར་པོ་དྲི་ཅན་གདོན་ཚད་ཕན།།སྔོན་པོས་གློ་རྣག་ཞི་བར་བྱེད།།སེར་པོ་ཚད་པ་ཀུན་ལ་ཕན།། དྲག་པོ་རལ་བས་གཟལ་ནད་སེལ།།ཟིན་ཏིག་དེ་མཚུངས་མིག་ལ་ཕན།།བྱརྒོད་སུག་པ་དེ་དང་འདྲ།།གཡུ་སྡོང་གསེར་མགོས་གདོན་ཚད་ཕན།།ཨ་བྱག་ཆེན་པོསནད་རྣམས་འཇོམས།།སྔོ་རྣམས་འབྱུང་ནད་ཞི་བར་བྱེད།།འདི་བཅུ་གདོན་ཚད་སྤྱི་སྨན་ཡིན།།གཡའ་ཀྱིས་མཁྲིས་པ་ཞི་སྦྱོང་བྱེད།།རེ་སྐོན་པ་ཡིས་ཁྲག་ཚད་འཇོམས།།སྟོང་རི་མཁྲིས་སྨན་མཁྲིས་ཚད་སེལ།།རྩྭ་མཁྲིས་ནག་དང་དཀར་བ་གཉིས།། རྩ་གསོ་མཁྲིས་པའི་ནད་ལ་ཕན།།ཁྲག་རྐང་ལྕགས་ཀྱུས་ཚད་པ་སེལ།། གངྒྰ་ཆུང་དང་ག་བུར་མཚུངས།།རྒུ་དྲུས་སྣོད་ཚད་འཇོམས་པ་ཡིན།། བཅད་འབྱོར་རྩ་ཆད་མཐུད་པར་བྱེད།།ཆག་སྦྱོར་རུས་པ་སྦྱོར་བར་བྱེད།།འདི་ཀུན་ཁྲག་མཁྲིས་ཀུན་ལ་ཕན།།རྟག་ཏུ་ངུ་ཡིས་མིག་ནད་སེལ།།ཨ་ཝ་དང་ནི་ཨ་འདྲ་གཉིས།།མིག་གསལ་ཞ་རེངས་སེལ་བ་ཡིན།།ཨུག་ཆོས་རྩ་གསོ་རྣ་བར་ཕན།།ཁྲོག་ཆེན་རུ་རྟ་ནུས་པ་མཚུངས།། འཁྲུགས་སེལ་རྣ་བ་འབྱེད་པ་ཡིན།།ཁྲོག་ཆུང་དབུ་ཐོག་འབྲས་བུ་ཡིས།།ཀླད་པ་འཛག་པ་གཅོད་པ་ཡིན།།སུག་པ་དག་བྱེད་རྣ་ནད་སྦྱོང༌།།སྲོ་ལོ་དཀར་པོས་གློ་ཚད་འཇོམས།།དམར་པོས་ཚད་སེལ་ཁ་དྲི་སྦྱོངས།འདི་བཅུ་དབང་པོའི་ནད་རྣམས་སེལ།།འབྲི་ཏས་རྣག་སྐེམ་ཡན་ལག་ཕན།།སོག་ལེ་ཁ་ཡིས་ཁྲག་ཚད་སེལ།།ཡུ་མོ་སྲོལ་གོང་མགོ་ལ་ཕན།།མདེའུ་འབྱིན་བུ་འབྱིན་ཆུ་སེར་སྐེམས།ཀླད་སྲན་ནུས་པ་དེ་དང་འདྲ།།ཆུ་ཆལ་དར་ཡ་རྨ་ཚད་སེལ།།ཆུ་རྩི་དར་ཡ་དུག་ལ་ཕན།།མེ་ཏོག་དར་ཡས་ནད་ཀུན་སེལ།།སེར་ཆེན་རྣག་དང་སྟོང་ཚད་འཇོམས།།ལྟེ་མིག་མགོ་ཡི་ནད་ལ་ཕན།།མགོ་དང་ཡན་ལག་བྱང་ཁོག་ལ།།གང་ཚོགས་ཕན་པ་རྣམ་པ་བཅུ།།སྲད་སེལ་རིགས(ནི)རྣམ་བཞི་ཡོད།།ཚད་པ་བད་ཀན་སྙོམས་པར་བྱེད།།མེ་ཏོག་རྒྱུན་མ་རྣམ་པ་བཞི།།ཁྲག་རོ་འདོན་བྱེད་བསིལ་བ་རྣམས།། ཁྱུང་བཅུད་དཀར་དམར་ཚད་པ་སེལ།།འདི་བཅུ་བསིལ་སྙོམས་གཞན་གྱི་གྲོགས།།འབམ་པོས་ཡན་ལག་སྐྲངས་རྣམས་འཇོམས།།ཀླུ་དུག་ཆུང་ངུས་སྐྲངས་རྣམས་སེལ།།མེ་ཏོག་དཀར་པོས་ཁྲག་འཁྲ་སེལ།།ཆུ་མ་རྩི་ཡིས་སྐོམ་པ་སེལ།།སྤང་རྒྱན་དཀར་པོས་གློ་ཚད་སེལ།།སྔོན་པོ་དེ་དང་ཕྱོགས་མཐུན་བསིལ།།གཡག་རུ་རིགས་གསུམ་ཆུ་སེར་སྐེམ།།རྟ་ལྤགས་སྨུག་པོ་ཚ་སྐྲངས་འདུལ།།ལུམས་དང་ཁོང་བཏང་གང་འོས་བཅུ།།བསིལ་སྡེབས་བརྒྱ་རྩ་བསྟན་པ་དེ།།རེ་རེ་གཉིས་གསུམ་ནད་སྡེབས་ནས།།དོན་སྣོད་ཁྲག་མཁྲིས་གསར་རྙིང་གི།སྦྱར་ནུས་ཤེས་ན་ནད་ཀུན་འཇོམས།།ཟྭ་རྒོད་འབྲས་བུ་དྲོད་ཀྱི་གཙོ།།ཚད་པ་ཀུན་སློང་གྲང་བ་སེལ།།གླང་སྣ་བསིལ་ཀྱང་ཆུ་འགག་སེལ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号