ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དགུ་པ།སྨན་མིང་རྒྱ་མཚོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
གུང་དང་དབྱི་དང་སྙུག་སྟག་རྣམས།།ཕྱོགས་མཐུན་བཅུད་ལྡན་གདོན་ནད་སེལ།།ཁ་ཤས་གདོན་སེལ་གློ་བ་ཡིས།།གློ་རྣག་སེལ་བའི་སྨན་དུ་བཤད།།འཕྱི་བའི་ཤ་ཡིས་གྲང་རླུང་སེལ།།གྲུམ་པ་ཏེ་ལོ་སྲེ་མོང་གསུམ།།གདོན་ནད་ཆུ་སེར་སྐེམ་པ་ཡིན།། རྒོད་གཡག་ཤ་རུས་རླུང་སེལ་མཆོག།འབྲི་གཡག་དེ་དང་ཕྱོགས་མཐུན་དྲོད།།ལུག་ཤ་བད་ཀན་ཞི་ཞིང་བཅུད།།ར་ཤ་བསིལ་ལ་ཚ་བར་འཕྲོད།།ཕག་ཤ་བསིལ་ལ་ཚད་འབྲས་སེལ།།བོང་བུའི་ཤ་ཡིས་རླུང་ཀུན་ཕན།།ཁྱིམ་གཡག་ཤ་ཡང་དྲོད་དུ་གཏོགས།།རྒྱ་དང་ཁ་ཤ་ཤ་བ་དང༌།།གཉན་གཙོད་རྣ་བ་གླ་བ་དང༌།།རི་དྭགས་ཤ་རྣམས་ཕལ་ཆེར་སྙོམས།།རྐྱང་དང་རྟ་ནི་ཕྱོགས་མཐུན་ཡིན།།མ་ཧེ་བ་མེན་བཅུད་བྱེད་ལ།།ཆུ་བསིལ་བཅུད་ལྡན་ཡོན་ཏན་མང༌།།བྱི་ལས་རོ་ཙ་བྱེད་པ་སྟེ།།སྤྱང་ཁུས་མ་ཞུ་སེལ་བའི་མཆོག།ད་བྱིད་སྐྱིན་གོར་ཁུ་བ་གསོ།།རྩངས་པ་དེ་དང་ཕྱོགས་མཐུན་ནོ།སྡིག་སྲིན་མཁལ་མའི་ཆུ་སེར་འདྲེན།།ཉ་ཤས་རྨ་སྐྲན་དུག་ལ་ཕན།།གསེར་སྦྲུལ་གཉན་ནད་ཐམས་ཅད་སེལ།།ལྕགས་སྦྲུལ་མིག་ནད་ཐམས་ཅད་སེལ།།སྦྲུལ་གཞན་ཤ་སྐྱེད་དྲོད་དུ་བྱེད།།བྱ་རྒོད་གདོན་རྣམས་སྨན་ཡིན་ལ།།གོ་བོའི་གྲེ་བས་མ་ཞུའི་སྨན།།ཁྲ་གླག་བཅུད་ལྡན་འབྱུང་པོ་སེལ།།ནེ་ལེ་འོལ་བ་དེ་ཕྱོགས་མཐུན།།འུག་པ་སྲིན་བྱ་གདོན་སེལ་ལ།།རྨ་བྱ་བྱ་ཝང་གྲང་བ་སེལ།།དུག་ནད་ཅན་གྱིས་བསྟེན་མི་རུང༌།།རྦབ་ཟེར་ཤིང་རྟ་སོ་བྱ་སོགས།།ཁུ་བྱུག་ཕུ་ཏིག་ནེ་ཙོ་དང༌།།ཕུག་རོན་ཁྱིམ་བྱ་གོང་མོ་དང༌།།སྲེག་པ་གུ་ལིང་ཆུ་སྲེག་དང༌།།བྱེའུ་སྣ་ཚོགས་ཤ་རྣམས་ཀྱིས།།སྤྱིར་ནི་ལུས་ཡང་རྩལ་སྟོབས་བསྐྱེད།།སོ་སོའི་ཡོན་ཏན་འདིར་མ་བརྗོད།།ཕུ་ཤ་གདོན་སེལ་ཕོ་རོག་དང༌།།ཁྭ་ཏ་གདོན་དང་མཁྲིས་ལ་ཕན།།སོ་བྱ་ཆུ་འགག་སེལ་བ་སྟེ།།ཁྲུང་ཁྲུང་ངང་ངུར་ཆུ་སྐྱར་མོ།ཆུ་བྱ་ཕལ་ཆེར་བསིལ་བ་ཡིན།།ཀ་ལན་ཏ་ཀས་རོ་ཙ་བྱེད།།རི་བོང་ཀླད་པས་དམར་ནད་སེལ།།ཐོག་རུས་དེ་དང་མཚུངས་པ་ཡིན།།འབྲུག་རུས་མགོ་ནད་རུས་དུག་སེལ།།རུས་སྦལ་རུས་པས་མཛེ་ལ་ཕན།།སྲེ་ལོང་རླུང་མཁྲིས་ཐམས་ཅད་སེལ།།མགོ་རུས་ཕལ་གྱིས་རླུང་སྲིན་སེལ།།མཇུག་ཆུང་མཁལ་སྐེད་ནད་རྣམས་སེལ།།རྐང་རྣམས་ཡན་ལག་ནད་ལ་ཕན།།དེ་བཞི་རུས་བཅུད་རྣམ་བཞི་ཡིན།། བྱ་མ་བྱི་ཡིས་མོ་ནད་སེལ།།བྱང་བ་རྩ་སྦྱོང་གཙོ་བོ་སྟེ།།སྦུར་མགྱོགས་དེ་ནི་གྲོགས་སུ་བཟང༌།།གཞན་ཡང་སྡོམ་སྡིག་ལ་སོགས་པའི།།སྲོག་ཆགས་ཕྲ་མོ་ཀུན་ལ་ཡང༌།།ནུས་པ་སོ་སོར་དཔག་མེད་ཀྱང༌།།སྙིགས་དུས་སེམས་ཅན་སྡིག་ཅན་གྱིས།།རིག་ན་གནོད་དོགས་མ་བཤད་དོ།སྦྲུལ་ཆེན་མཁྲིས་པའི་ནད་རྣམས་འཇོམས།།རྨ་བྱའི་མཁྲིས་པས་ཀླུ་ནད་སེལ།།དོམ་མཁྲིས་རྩ་ཚད་མིག་ལ་ཕན།།གཡག་རྒོད་མཁྲིས་པས་གྲང་ནད་སེལ།།ཉ་མཁྲིས་ཚད་པ་རྨ་ཚད་སེལ།།ཕག་མཁྲིས་ཚ་སེལ་མིག་ལ་ཕན།།བྱི་བའི་མཁྲིས་པས་རྨ་རླུང་སེལ།།གཞན་ཡང་སྔར་བསྟན་སྲོག་ཆགས་རིགས།།ཕལ་གྱིས་རྨ་གསོ་ཚད་པ་སེལ།།སོ་སོའི་ནུས་པ་འདིར་མ་བརྗོད།།དུག་སྦྲུལ་རྭ་ནི་སྨན་གྱི་མཆོག།དུག་དང་སྲིན་ནི་འཇོམས་པར་བཤད།།བསེ་རུ་དཀར་པོས་དུག་ཚད་སེལ།། ནག་པོས་རྣག་སྐེམ་སྙོམས་པ་ཡིན།།ཁ་ཤའི་རྭ་ཡང་རྣག་སྐེམ་སེལ།། རྒྱ་རུ་བུ་འབྱིན་བསིལ་སྙོམས་ཡིན།།ཤ་རུ་ཆུང་ངུས་རྣག་སྐེམ་སེལ།། ཆེན་པོས་དམུ་ཆུ་སྐེམ་པ་དང༌།།རྨ་རྒན་འབྲས་ལ་བསྲེགས་བཏང་མཆོག།གཙོད་རུས་འཁྲུ་བ་གཅོད་པ་སྟེ།།དགོ་བའི་རྭ་ཡང་དེ་དང་མཚུངས།།གཉན་གྱིས་ནད་རྣམས་སྤྱི་ལ་ཕན།།མ་ཧེའི་རྭ་ཡིས་འོར་ནད་སྐེམས།།མཛོ་རུས་རྔ་བྲན་དུག་ལ་ཕན།།གླང་ཐུག་རྭ་ནི་མགོ་ཆག་ཕན།།ལུག་ཐུག་རྭ་ཡིས་མོ་ནད་ཕན།།རྒོད་གཡག་གཡག་ཐུག་རྭ་ཡིས་ནི།།རྨ་འབྲས་ཕོལ་མིག་ནད་ལ་ཕན།།ར་རུ་བསིལ་བའི་ཕྱོགས་སུ་གཏོགས།།སྐྱིན་ཀྱང་དེ་དང་ཕྱོགས་མཐུན་ནོ།།གནའ་བའི་རྭ་ཡང་ཚད་པར་ཕན།།ཆུ་གླང་རྭ་དང་དེ་དང་མཚུངས།རྟ་རྨིག་རྟ་བོན་གདོན་ལ་ཕན།།རྭ་དང་མཁྲིས་པ་སུམ་ཅུ་ཡོད།།རྨ་བྱའི་སྒྲོ་ཡིས་སྤུ་དུག་སེལ།།སྒང་ཐུར་དེ་དང་མཚུངས་པ་ཡིན།།འུག་པ་སྒྲོ་ཡིས་གློ་རྣག་འདྲེན།།སོ་བྱའི་མཇུག་སྒྲོས་ཆུ་འགག་སེལ།།གོ་བོས་སྒྲོ་སེར་ཆུ་རྣམས་སྐེམ།།པུ་ཤུད་སྲིན་བྱ་བྱ་རྒོད་རྣམས།།གདོན་ནད་སེལ་བར་ཤེས་པར་བྱ།།སྟག་གི་སྨ་རས་དུག་ལ་ཕན།།བལ་རྩི་བསྐོལ་བས་རླུང་ནད་སེལ།།ར་བལ་མཚེར་བའི་ནད་ལ་ཕན།།ཁྱི་སྤུས་སྐྲངས་པའི་ནད་ལ་ཕན།།གཞན་ཡང་སྤུ་སྒྲོ་མང་ཡོད་ཀྱང༌།།ཤ་དང་ཕྱོགས་མཐུན་དིར་མ་བརྗོད།།མི་རྟ་ཁྱི་གསུམ་མར[]གསར་གྱི།རིལ་མས་དུག་ནད་སེལ་བར་བྱེད།།སྤྱང་བྲུན་གདོན་ནད་སེལ་བ་ཡིན།།ཁྱི་བྲུན་དཀར་པོས་གཉན་ལྷོག་གསོད།།ཕག་རིལ་འབྲུམ་ནག་སྨན་མཆོག་ཡིན།།ཁུག་རྟའི་བྲུན་གྱིས་དམར་བཤལ་ཕན།།ཤིང་སྲིན་བྲུན་གྱིས་སྲིན་ནད་སེལ།།གསེབ་སྔོན་སྦངས་ཀྱིས་ཁྱི་སྨྱོན་སེལ།།འདི་དག་རེ་རེའི་ནད་སེལ་བས།།ཁྱད་པར་ཁོང་དུ་གཏོང་བ་ཡིན།།རྨ་བྱའི་བྲུན་གྱིས་གཉན་ལ་ཕན།།ཤ་ཟན་བྱ་རྣམས་ཀུན་གྱི་བྲུན།།ནུས་པས་གདོན་སྐྲངས་འདུལ་བར་བྱེད།།ཕུག་རོན་རིལ་མ་ལ་སོགས་པ།།འབྲུ་ཟན་བྲུན་གྱིས་གྲང་སྐྲན་འདུལ།།གླ་བ་ཤ་བ་ར་ལ་སོགས།།རྩྭ་ཟན་བྲུན་གྱིས་ཚ་སྐྲངས་འདུལ།།བ་གླང་མཛོ་ལྕི་ལ་སོགས་པ།།གཡུ་བྲུན་ཡན་ལག་ནད་ལ་ཕན།།ཚ་སེལ་རྣམས་ལ་ཆུ་གྲང་སྦྱར།གྲང་བ་རྣམས་ལ་ཆང་རུས་ཁུ།།གཞན་ཡང་སྨན་བཞི་སོ་སོར་སྦྱར།རྒྱས་པར་འདི་ན་མ་བཤད་དོ།བ་རའི་མར་གྱིས་མཁྲིས་པ་སེལ།།འབྲི་ལུག་མར་གྱིས་རླུང་སེལ་ལ།།བ་མེན་མཛོ་མོས་ཉེས་གསུམ་སེལ།།འབྲུ་མར་ཐམས་ཅད་རླུང་ལ་ཕན།།ཤིང་འབྲས་ངོ་བོ་བཞིན་ཞེས་བྱ།།ཞུན་མར་ཀུན་ལ་ཤེས་པ་ཡོད།།འོ་རློན་རྣམས་ཀྱིས་བད་ཀན་སྐྱེད།།བཞོས་ཐོག་ལེགས་བསྐོལ་ནད་ཀུན་ཕན།།རྟ་བོང་འོ་མས་གྲང་བ་སེལ།།ཞོ་ནི་བད་སེལ་ཕྲུམ་དང་ཐུད།།གྲང་བ་སེལ་བའི་དམ་པའོ།།ཆུར་ཁུས་དེ་རྣམས་འཇུ་བར་བྱེད།།དེ་ལྟར་བརྒྱད་བརྒྱ་བཅུ་ཕྲག་གསུམ།།ལྷག་པའི་སྨན་ནུས་བཤད་པ་འདི།།གངས་ཅན་རྒྱ་བོད་ཕལ་ན་ཡོད།།མིང་གི་རྣམ་གྲངས་ཡུལ་སྐད་ཀྱི།།དུ་མ་བཤད་ཀྱང་ཕལ་ཆེར་འདུས།།བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱོད།།རྩ་བ་དགུན་ལ་ལོ་མ་དབྱར།མེ་ཏོག་སོས་ཀ་འབྲས་བུ་སྟོན།།ཁམས་རྣམས་རྒྱས་པའི་དུས་སུ་བླངས།།ཤ་རྣམས་དར་བབ་གློ་བུར་བཟང༌།།རིན་ཆེན་རྡོ་ཤིང་ངེས་མེད་བླང༌།།རྐང་བར་བཏང་ན་སྨན་རྟ་གཅེས།།སྔོ་དང་ཁམས་རྣམས་འཇམ་བཙལ་ལ།།དུག་འདོན་གྲོགས་དང་བསྡེབས་ཤེས་ནས།།ནད་རྣམས་མ་ལུས་འཇོམས་པར་བྱེད།།སྙིགས་དུས་ནད་མང་རྩི་སྨན་དཀོན།།དེའི་ཕྱིར་གཞན་ལ་ཕན་སེམས་ནས།།གཞུང་མང་གདམས་པ་དུ་མ་ལ།།གསུང་མང་ཕྱོགས་གཅིག་བསྡུས་པ་ནི།།དྲང་སྲོང་བརྒྱུད་པའི་རྗེས་ཞུགས་པ།།རང་བྱུང་རྡོ་རྗེས་སྦྱར་བ་ཡིན།།འགྲོ་བའི་ནད་རྣམས་སེལ་བར་ཤོག།
སྨན་རྣམས་ཀྱི་ཡོན་ཏན་ཕྱོགས་རེ་བསྟན་པ་ཡིན་ནོ།རེ་རེ་གྲོགས་དང་བསྡེབས་ན་ནད་མང་པོ་འཇོམས་པ་ཡོད་དེ།ཡི་གེ་མང་དོགས་ནས་མ་བྲིས་སོ།ནད་སོ་སོའི་སྦྱོར་བ་གཞུང་དུ་ཤེས་པར་མཛོད་ཅིག།འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིགལུག་ལོ་ཟླ་བ་གཉིས་པའི་ཡར་ཚེས་རྒྱ་མཚོ་སྣང་གི་དགོན་གསར་དུ་སྦྱར་བའི་དགེ་བས་འགྲོ་རྣམས་ནད་ཀྱི་སྡུག་བསྔལ་ལས་ཐར་བར་ཤོག།
(མཁའ་འགྲོ་སྐྱབས)
 
བསམ་གཞིགས།
༡གཞུང་འདིར་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་དག་ལྡན།
༢སྲོག་ཆགས་ཀྱི་སྨན་ལ་གཅེས་པའི་ཡན་ལག་ཚང་དགོས་སམ།
༣སྐྱེས་རྒྱུན་ཆད་པའི་སྨན་རྫས་ཀྱི་ཚབ་ལ་ཅི་ཞིག་གཏོང་དགོས།
༤ཤ་རྣམས་དར་བབས་དང་གློ་བུར་དུ་ཤི་བ་བཟང་བའི་རྒྱུ་མཚན་ཅི།
༥རྩ་བ་དགུན་དང་ལོ་མ་སོས་ཀམེ་ཏོག་དབྱར་ཀའབྲས་བུ་སྟོན་ཁར་བཏུ་དགོས་པར་གསུངས་པའི་རྒྱུ་མཚན་ཅི།
༦སྤྱི་ལ་གཅེས་པའི་སྨན་རྟ་གསུམ་ཞེས་པའི་སྤྱི་དེར་གོ་བ་ཇི་ལྟར་ལེན་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号