ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དགུ་པ།སྨན་མིང་རྒྱ་མཚོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
དབྱི་མོང་དཀར་པོས་ལོང་སྐྲན་སེལ།།ནག་པོ་དེ་དང་མཚུངས་པ་ཡིན།།སྲུབ་ཀས་གྲང་སྐྲན་ཐམས་ཅད་འཇོམས།།ལྕེ་ཚ་བ་ཡིས་གག་པ་སེལ།།དོ་བོས་རུལ་གཅོད་ཆུ་སེར་འདྲེན།།ཤུ་མོ་ཟ་ཡིས་རྣག་རྣམས་སྐེམ།།བྲེ་གས་མཁལ་ནད་གྲང་ནད་སེལ།།སོག་ཁ་རྩ་ནད་མ་ལུས་ཕན།།འདི་བཅུ་ཕན་ཚུན་བསྡེབས་པ་ཡིས།།སྐྲན་འཇིག་ཆུ་སེར་མ་ལུས་འདྲེན།།རྩ་ནད་རྩ་ཆུ་འགག་པ་སེལ།།རྨ་རྒན་ཕོལ་འབྲས་ཀུན་ལ་ཕན།།གྲོགས་སུ་སེ་འབྲུ་རྒྱམ་ཚ་སྦྱོར།འབུ་བུ་ཧང་གིས་མཁལ་མར་ཕན།།སྲད་ནག་དུག་རྣམས་འདྲེན་པར་བྱེད།།སྲད་དཀར་གློ་ཚད་སེལ་བའི་མཆོག།སྲད་སྔོན་སྲད་སེར་གཉིས་ཡོད་དེ།།སྲད་སྨུག་དམུ་ཆུ་དག་ལ་ཕན།།རྒྱལ་མོ་ཆུ་འབྱིན་ཆུ་འབྱིན་གཉིས།།གྲང་ཆུ་ཚ་ཆུ་ཀུན་འདྲེན་མཆོག།བལ་སྲན་ཆུ་འབེབས་འཇིག་པར་བྱེད།།སྲད་མ་དྲི་ཅན་གདོན་ནད་སེལ།།འདི་བཅུ་བསིལ་དྲོད་རྐྱེན་གྱིས་བསྒྱུར།། རླུང་ནད་ཀུན་ལ་སྒོག་སྐྱ་མཆོག།ལོ་མ་དེ་དང་ཕྱོགས་མཐུན་ཡིན།། བཙོང་ནག་རྐང་འབམ་གྲང་བ་སེལ།།གཤམས་དང་ཆབ་བླ་ཆུ་རྒྱུ་དང༌།།བཙོང་དམར་ནུས་པ་དེ་དང་འདྲ།།རྒྱ་བ་འཛིམ་དང་སྙ་སྒོག་གསུམ།།སྲིན་དང་ཆུ་སེར་གྲང་བ་སེལ།།རྨ་ལོ་ཆེ་ཆུང་བཅུད་ལེན་ཡིན།།ལུས་ཟུངས་གསོ་ཞིང་རླུང་ནད་འཇོམས།།ཏ་ལི་དེ་དང་ཕྱོགས་མཐུན་དྲོད།།གོ་རྩེས་བད་ཀན་གྲང་བ་སེལ།།གོ་བྱེ་རྒོད་ཀྱིས་སྲིན་རྣམས་འཇོམས།།ཟངས་རྩི་དཀར་པོས་རྣག་སྐེམ་དྲོད།།འདི་གསུམ་ནུས་པ་ཕྱོགས་མཐུན་ཡིན།།རུག་པ་བྱེ་རུག་སྲིན་ལ་ཕན།།ཐུལ་བ་ཆུ་ཐུལ་སྙོམས་པ་སྟེ།།དུག་ལ་གནས་སྐབས་ལ་ལར་ཕན།།ཤ་བ་རྩི་ཡིས་སྲིན་རྣམས་སེལ།།དེ་ལྟར་དྲོད་ལྡན་སྲིན་གསོད་བཅུ།།འདི་འདྲ་ལུས་ཟུངས་ཐམས་ཅད་སྐྱེད།།དབང་བོ་ལག་པས་དྭངས་མ་བསྐྱེད།།ཨ་ཤོ་གནྡྷས་ཤ་བསྐྱེད་ལ།།ལྕ་བ་གཟེ་མ་ཉེའུ་ཤིང༌།།རམ་མཉེ་རྩ་བ་འདི་རྣམས་ཀྱིས།།བཅུད་ལེན་མཁལ་མའི་གྲང་ནད་སེལ།།ཀོ་བང་ལུས་ཟུངས་འཕེལ་བ་སྟེ།།གྲོམས་གྲང་སེལ་སྨུག་པོ་བསྐྱེད།།སྙི་བས་རྩ་ནད་གྲང་བ་འཇོམས།།འདི་བཅུ་རོ་ཙ་གྲང་བ་སེལ།།དུར་བྱིད་ནད་རྣམས་སྦྱོངས་པ་སྟེ།།ཐར་ནུས་གཉན་རྣམས་སྦྱོང་བ་ཡིན།།ཁྲོན་བུ་སྦྱོང་བྱེད་གྲོགས་ཀྱི་མཆོག།སྔོན་བུས་ནད་རྣམས་ཐུར་ལ་འདྲེན།།ཤོག་ཤིང་སྔོན་པོ་སྦྱོངས་ཀྱི་གྲོགས།།ཆུ་རྩ་ལྕུམ་རྩ་ཆུ་སྤུན་དང༌།།ལ་ལྕམ་པ་ཡི་ལོ་མ་རྐང༌།།དྲོད་ལྡན་བད་ཀན་གྲང་བ་སེལ།།རྩ་བ་བསིལ་སྙོམས་ནད་ཀུན་འཁྲུ།།རེ་ལྕག་གཉན་སྦྱོང་རུལ་བ་གཅོད།།དེ་ལྟར་སྦྱོང་བྱེད་རྣམ་པ་བཅུ།།སྦལ་བ་ལག་པས་ཆུ་འགག་སེལ།།ལོ་བཙན་ཚ་གྲང་འཁྲུ་བ་གཅོད།།ཐ་རམ་ནུས་པ་དེ་དང་འདྲ།།ན་རམ་རམ་བུ་མོན་བུ་གསུམ།།དྲོད་ལྡན་ཁྲག་འཕེལ་འཁྲུ་བ་གཅོད།།ལོ་བཙན་ཆེན་ཤོ་གདོན་ལ་ཕན།།བོང་རྣ་ཡིས་ཀྱང་གྲང་བ་སེལ།།ཟྭ་འདྲ་དྲོད་ཀྱི་ཕྱོགས་ཡིན་ལ།།ཆུ་སྐྱུར་བྱེད་ཅིང་རྒྱུ་རྒན་སེལ།།དེ་ལྟར་འཁྲུ་གཅོད་རྣམ་པ་བཅུ།།མཁན་དམར་གྲང་སྐྲན་འདུལ་བའི་མཆོག།དཀར་པོ་མཁལ་མའི་ནད་ལ་ཕན།།ཨ་ཀྲོང་གློ་མང་སོག་པ་སེལ།།མཁན་ཆུང་གསེར་མགོ་དེ་དང་མཚུངས།།ཨེར་ཤིང་མཁལ་འདྲ་དུག་ལ་ཕན།། སྒང་བུ་དྲིལ་བུས་མཁལ་རླུང་སེལ།།གཡུ་དྲིལ་ནུས་པ་དེ་དང་འདྲ།། ཉི་དགའ་དྲོད་ལྡན་ཆུ་འགགས་སེལ།།ལོ་ཉུང་ལོ་ལྡན་བཅུད་དུ་བྱེད།།མར་ནག་ལོ་འབྲས་གྲང་བ་སེལ།།གློ་མཁལ་གྲང་སེལ་རྣམ་པ་བཅུ།།སྦྲེ་སྨན་ཅུང་བསིལ་ཤ་དུག་ཕན།།བྱེའུ་ལ་ཕུག་དེ་དང་མཚུངས།། རི་ཤོ་སྙོམས་ཏེ་གྱེན་དུ་སྐྱུག།ཤོ་མང་སྐྲངས་དང་སྲིན་ལ་ཕན།།ཉུང་དཀར་གདོན་དང་དུག་ལ་ཕན།།ཆུ་ཕུད་སྨུག་པོ་ཀུན་ལ་ཕན།།ཚན་ཆུང་སྤྲེ་ལོ་མེས་ཚིག་ཕན།།སྤྱང་ཚེར་དཀར་པོ་ནག་པོ་ཡིས།།གྱེན་འདྲེན་འབྲས་དང་སྐྲང་རྣམས་འདུལ།།གྲེས་འབྲས་སྙོམས་ཏེ་སྲིན་ལ་ཕན།།བསིལ་དྲོད་རྐྱེན་གྱུར་སྨན་སྣ་བཅུ།།གླ་བའི་རྩ་དང་རྒོ་བའི་རྩ།།རྒོ་བའི་མེ་ཏོག་མགོ་ལ་ཕན།།སྤྲུ་དཀར་ཁྲག་གཅོད་སྤྲུ་ནག་གིས།།གདོན་གྲང་འདུལ་ཞིང་སྲིན་ལ་ཕན།།སྤྲ་བ་ཆེ་ཆུང་ལུག་བལ་དང༌།།རྒྱབ་སྐྱ་ཁྲག་གཅོད་སྙོམས་པ་ཡིན།།བྱ་རྒོད་སྤོས་ཀྱིས་པགས་ནད་སེལ།།གཡའ་སྲུབ་རོ་ཙ་གྲང་བ་སེལ།།ཁྲག་ལ་ཕན་ཅིང་གྲང་སེལ་བཅུ།།དེ་ལྟར་དྲོད་སྨན་རྒྱལ་བོ་འདི།།ཕན་ཚུན་བསྡེབས་པས་གྲང་ནད་སེལ།།ཀུ་ཤ་ཤ་ཆེར་བསྐྱེད་པ་སྟེ།།རམ་རྩི་སྡིག་པའི་དུག་ལ་ཕན།།སྤུ་ཤེལ་རྩེ་ཡིས་ནད་འཇོམས་ལ།།ཆུ་སྲིན་སྡེར་མོས་རྩ་ཆད་མཐུད།།གང་བ་འཛིན་པ་དེ་དང་མཐུན།།མ་དྲེད་སྨུག་པོ་གླང་ཐབས་སེལ།།སྣོད་འབྲས་བད་ཀན་སྨུག་པོ་ཕན།།འཇག་མ་སྟུག་ཚ་མཁལ་ནད་འཕྲོག།སྨུག་ཆུང་ལྡན་ཡོན་གྲང་བ་སེལ།།འདམ་བུ་ཀ་རས་ཁྲག་ངན་འདྲེན།།དེ་ལྟར་རྩ་ཡི་རིགས་གྱུར་བཅུ།།ཏང་ཀུན་དཀར་ནག་དུག་ཚད་སྡུད།།བྱེ་ཆུང་དཀར་དམར་གྲོ་རལ་དང༌།།བེ་ལྡུམ་དེ་དང་མཚུངས་པ་ཡིན།སུག་འདྲ་དཀར་པོས་གློ་ཚད་སེལ།། ཤིང་ནི་མེས་ཚིག་དུག་ལ་ཕན།།ཨབྷི་ཥ་ཡིས་ཟླ་མཚན་གཅོད།།སྒ་ཤོ་བ་ཡང་བསིལ་བར་གཏོགས།།དོམ་དུག་སྲིན་གྱི་ནད་ལ་ཕན།།རྐྱང་ཤོག་དཀར་པོས་མཛེ་ནད་སེལ།།སེར་པོ་སྔོན་པོས་རུས་ཚད་འབྱིན།། བསིལ་ལ་སྙོམས་པ་རྣམ་པ་བཅུ།།ཨ་བྱག་ཚེར་སྔོན་མགོ་ལ་བསྔགས།། ནད་མ་ནུད་མ་ཁྲག་དུག་སེལ།།ཤ་བ་སྐྱིད་ལྷེན་མིག་ལ་ཕན།།སྤོར་ནག་དུག་ཚད་འབྱིན་པར་བཤད།།མ་མཆིན་དེ་འདྲ་སྦྲུལ་ལ་ཕན།། གངས་ཚན་ཤ་རུ་རྩ་ལ་ཕན།།ན་ག་པ་ལས་རྒས་པ་འཇོམས།།ཕོ་རོག་ནོས་བུས་གློ་རྣག་འདྲེན།།ཕུར་ཆུ་སྲིན་ནད་གསོད་པ་སྟེ།།ལེབ་རྒན་རྩི་ཡིས་གློ་ནད་སེལ།།ཁ་ཤོག་ལོང་གིས་སྲིན་ནད་སེལ།།ལ་ཕུག་གིས་ཀྱང་སྲིན་ལ་ཕན།།སྐྱུང་མོ་ཆུ་སྐྱུར་ལྷོག་པ་སེལ།།ས་རྩེ་བ་ཡིས་འཁྲུ་བ་གཅོད།།སྲན་མའི་མེ་ཏོག་མཁལ་ནད་སེལ།།ལྷ་ཡི་བུ་ཧོས་མཁྲིས་པ་སེལ།།སྤྲ་རྒོད་པ་ཡིས་རྨ་རྣམས་འདུལ།།ཡོག་མོས་རྨ་རྙིང་འབྲས་ལ་ཕན།།ལུག་མུར་བད་ཀན་གྲང་བ་སེལ།།སྣེའུ་རླུང་རྒྱས་འབྱིན་པར་བྱེད།།ནས་སོག་གྲོ་སོག་ཁྲེ་དང་འབྲལ།སོ་བ་སྲེ་དའི་སོག་མའི་ཚིགས།། སོ་སོས་ཆང་གི་མ་ཞུ་སེལ།།བྲ་སྐོགས་འབྲས་ལ་ཕན་པ་སྟེ།།སྦོ་མ་ཡིས་ཀྱང་ཡ་མ་སེལ།།སྦ་མ་འབྲས་དང་འདྲ་བར་བཤད།། ཟར་མ་རླུང་ལ་ཕན་པ་ཡིན།།བེ་ལྕེ་ཚད་པ་ཕལ་ལ་འགྲོ།།གཡུ་ལོ་བ་ཡང་དེ་བཞིན་ནོ།གསེར་ཤས་སྲིན་རྣམས་འབྱིན་པར་བྱེད།།སྨུག་ཤ་མཁྲིས་པ་རླུང་སེལ་ཡིན།།ཚ་ཤས་རླུང་གི་ནད་ལ་ཕན།།ཉེ་རུ་ཝ་ཀྲས་རླུང་སྐྱེད་བྱེད།།དུག་ཤས་ཡན་ལག་སྐྲངས་ལ་ཕན།།རྩེ་ཤ་ཤ་ཡི་དུག་ལ་ཕན།།ཕ་ཝང་སྒོ་ཏིས་མེས་ཚིག་སེལ།།ཐ་བ་ཛ་བོ་མཁྲིས་རླུང་སེལ།།ལི་དང་ཀུ་ཤས་དུག་ཚད་ཞི།།ཁམ་བུ་སེར་ཁམ་མཁྲིས་པ་སེལ།། སྟར་ཞུན་སྟར་བུས་གློ་ནད་སེལ།།བསེ་སྐྱུར་བད་ཀན་སེལ་བར་བྱེད།། འོ་སེ་ཐང་འབྲས་དུག་ལ་ཕན།།དེ་ལྟར་སིལ་ཏོག་རྣམ་པ་བཅུ།། འབྲས་ཆེན་ཆུ་འབྲས་བཅུད་དུ་འགྱུར།།རི་འབྲས་ཚད་པ་འཇོམས་ཤིང་སེལ།།སྲེ་དང་གྲུས་མ་ཆེ་ཆུང་རྣམས།།རླུང་སྐྱེས་ལུས་ཟུངས་འཇུ་ལ་འཕྲོད།།ནས་སྔོན་བསྲེག་པས་གློ་རྣག་སེལ།།རླུང་ལ་ནས་རྙིང་ཟན་སྐམ་ཕན།།གསར་བས་མཁྲིས་སེལ་བད་རླུང་བསྐྱེད།།སོ་བས་རླུང་ནི་བསྐྱེད་པ་ཡིན།།གྲོ་ནི་རྩ་གསོ་སྙོམས་པ་ཡིན།།བྲ་བོས་ཁྲག་ནད་འཇིག་པར་བྱེད།།སྲན་ཆེན་དཀར་པོས་རླུང་འཇོམས་ལ།།གཞན་གྱིས་རླུང་སྐྱེས་ལུས་ཟུངས་འཇུ།།གང་དུ་དཀོན་པར་སྨན་དུ་འགྱུར།མོད་པར་ཟས་བཅོས་ཤེས་པར་གྱིས།།སྨིན་དང་མ་སྨིན་རི་ཀླུང་དང༌།།ཆུ་ལ་སྐྱེས་དང་སྐམ་ལ་སྐྱེས།།ནུས་པ་བྱེ་བྲག་མང་ཡོད་ཀྱང༌།།འདིར་ནི་མང་སོགས་མི་བརྗོད་དོ།།
 
ས་བཅད་བརྒྱད་པ།སྤྱི་ལ་གཅེས་པའི་
སྨན་རྟ་གསུམ་བཤད་པ།
 
བུ་རམ་རླུང་གི་ནད་ལ་ཕན།།སྦྲང་རྩི་རྩ་དང་དབང་པོ་གསོ།།ཀ་ར་དཀར་པོས་ཚད་པ་གསོ།།ཤ་ཁ་ར་ཡིས་བཅུད་ཆེན་ཏེ།།སྦྲང་རྒོད་གྲང་བ་འཇོམས་པ་ཡིན།།ཏིག་ཏའི་སྦྲང་གིས་ཚད་པ་འཇོམས།།ཉུང་བུར་དུག་གི་ནད་ལ་ཕན།།ཤུག་སྦུར་བུར་རྩབ་བཅུད་ཀྱི་རིགས།།མེ་ཏོག་སྣ་ཚོགས་བསྡུས་པ་ཡིན།།དབང་པོའི་ནད་རྣམས་སེལ་བ་སྟེ།།སྨན་ལྟར་སྦྱོར་བ་སོ་སོར་བྱ།།
 
ས་བཅད་དགུ་པ།ལན་ཚྭའི་སྨན་གྱི་སྡེ་ཚན།
 
རྒྱམ་ཚས་ཉེས་པ་གསུམ་ག་སེལ།།རྒྱ་ཚ་རྩ་སྦྱོངས་བདུད་རྩི་ཡིན།།ཟེ་ཚས་སྲིན་གསོད་རྡོ་སྐྲན་འཇིག།མཛེ་རིགས་གསུམ་དངཆུ་སེར་སྐེམ།།བྲག་ཚས་སྐྲན་དང་མ་ཞུ་སེལ།།ལྦ་ཚ་ལྦ་བ་རྨེན་བུ་ཕན།། འཇང་གི་ཚྭ་ནག་དེ་དང་མཚུངས།།ཁ་རུ་ཚ་ནི་དྲོད་ཀྱི་གཙོ།།རྒྱུ་ལོང་ཚ་སེལ་ངོ་མཚར་ཆེ།།རྩབ་རུ་ཚ་ཡང་དེ་དང་འདྲ།།རྭ་ཚ་རྒྱུ་ལོང་གྲང་བ་སེལ།།བྱང་ཚ་དཀར་པོ་རྒྱམ་ཚར་མཚུངས།།ཚྭ་དམར་བྲག་ཚ་དྲག་པོར་སྦྱངས།།ཡ་བཀྴ་རས་དབྱིག་དུག་སེལ།།ཚ་ལ་དཀར་པོ་དེ་དང་འདྲ།།བུལ་ཏོག་ནད་རྣམས་ཐུར་དུ་འཁྲུ།།ཤིང་ཚས་རླུང་སེལ་གློ་རྣག་འདྲེན།།ལྕེ་མྱང་ཚ་ཡིས་གྲང་སྐྲན་སེལ།།ཐལ་ཚ་དེ་དང་ཕྱོགས་མཐུན་དྲོད།།ཁ་ཚས་ལྦ་བ་འཇོམས་པར་བྱེད།།ཐང་རྒན་ཚ་ཡིས་རྨ་འབྲས་གཅོད།།ཚྭ་ཆུས་ཚྭ་ཡིས་མ་ཞུ་སེལ།།དེ་ལྟར་ཚྭ་སྨན་ཉི་ཤུའོ།།
 
ས་བཅད་བཅུ་པ།ཐལ་སྨན་གྱི་སྡེ་ཚན།
 
དེ་ནས་ཐལ་སྨན་འགའ་ཞིག་བཤད།།གསེར་དངུལ་ཐལ་བས་ཤ་རོ་གཅོད།།ཟངས་ཐལ་ཆུ་སེར་མ་ལུས་སྐེམ།།ལྕགས་དྲེག་མཆིན་པའི་ཚ་བ་སེལ།།ཕུག་སྐེ་ཅོང་ཞི་ལ་སོགས་བཅུ།།སྐྲན་རྣམས་འཇོམས་པར་སྔར་བཞིན་བཤད།།སྒོག་སྐྱའི་ཐལ་བས་ཚད་རླུང་སེལ།།སྙ་ལོའི་ཐལ་བས་རྒྱུ་ལོང་སེལ།།ཁྱི་ལྕེའི་ཐལ་བས་རྩ་ཚད་སེལ།།སྲད་དཀར་ཐལ་བས་འདུས་རིམས་སེལ།།མཚེ་ཡི་ཐལ་བས་རྣག་ཁྲག་གཅོད།། དར་ཟབ་ཐལ་བ་དེ་དང་མཚུངས།མཁན་པ་ཕུར་མོང་ཡོག་མོ་དང༌།།བེ་དང་ཤིང་རུལ་ཐམས་ཅད་དང༌།།སྟག་མའི་ཐལ་བས་རྨ་འབྲས་སེལ།།ཤུག་སོལ་གློ་མིག་བད་ཀན་སེལ།།སོ་ཕག་རྫ་མ་དུག་ལ་ཕན།།ཐབ་འོག་ས་ཚིག་རྒྱུ་སྲིན་སེལ།།ཨ་རུ་སྒྲོན་ཤིང་སྔོ་ཚ་གསུམ།།བསྲེགས་པས་མ་ཞུ་སྐྲན་ཀུན་ཕན།།གཞན་ཡང་སྔོ་ཤིང་རྡོ་ཀུན་གྱི།རང་རང་ཐལ་བའི་མེ་ཏོག་རྣམས།།འདིར་མ་བསྟན་པ་ལག་ལེན་ལྟོས།།
 
ས་བཅད་བཅུ་གཅིག་པ།སྲོག་ཆགས་ལས་
བྱུང་བའི་སྨན་གྱི་སྡེ་ཚན།
 
དེ་ནས་སྲོག་ཆགས་ལས་བྱུང་བའི།།ཤ་རུས་མཁྲིས་པའི་རིགས་རྣམས་ལ།།རགས་པའི་རིམ་པ་འགའ་ཞིག་བཤད།།མི་ལུས་འདི་ལ་ཡོན་ཏན་མང༌།།སྐྲ་ཡི་མར་ཁུ་ཞུན་ཆེན་གཉིས།།རླུང་སེལ་ཆུ་སེར་ཀུན་ལ་ཕན།།གཞོབ་ཀྱིས་རྣག་ཁྲག་གཅོད་པའི་མཆོག།མཆན་སྤུ་གདོན་དང་དུག་ལ་ཕན།།ཤ་ཆེན་རླུང་གནོན་དུག་ལ་ཕན།།རུས་པ་བསྲེགས་པས་རྨ་འབྲས་གཅོད།།ཐལ་ཆེན་འབྱུང་བོ་ཐམས་ཅད་ཕན།།མིག་དབང་གཟའ་ཡི་ནད་ལ་ཕན།།ཁྲུ་མས་དྭངས་མའི་དུག་ཞི་བྱེད།།དྲི་ཆུ་དྲོན་མོས་ཁ་ནད་སེལ།།དྲི་ཆུ་གྲང་མོས་མིག་ནད་སེལ།།དྲི་ཆེན་གདོན་སྐྲན་ཀུན་ལ་ཕན།།མཁྲིས་ཆེན་མཁྲིས་ནད་ཀུན་ལ་ཕན།།དེ་བཞིན་ལུས་ཀྱི་ཆ་ཤས་ཀྱི།།ནད་སེལ་བཅུད་བྱེད་ཉེར་བཞི་ཡོད།།རྒྱས་པར་རྡོ་རྗེ་མཁའ་འགྲོར་ལྟོས།།ཁྱི་ཤས་གྲང་བའི་དམུ་ཆུ་སྐེམ།།རྟ་ཤས་གྲང་བ་སེལ་བར་བྱེད།།གླང་ཆེན་ཤ་རུས་གདོན་ལ་བསྔགས།།བ་གླང་ཤ་ཡིས་མཁྲིས་ཚད་སེལ།།དེ་རྣམས་ཤ་ཆེན་རྣམ་པ་ལྔ།།ཁ་ད་སི་ནི་སྟོབས་བསྐྱེད་ལ།།ན་གི་དྲི་དང་དངུལ་ཆུ་འཆིང༌།།སེང་གེ་ཤ་ཡིས་གདོན་དུག་སེལ།།སྟག་གཟིག་ཤ་ཡང་དེ་དང་འདྲ།།དོམ་གྱི་ཤ་ཡིས་ཚད་པ་སེལ།།དྲེད་མོའི་ཤ་ཡིས་གྲང་རླུང་འཇོམས།།མི་རྒོད་ཕག་རྒོད་ར་རྒོད་རྣམས།།བསིལ་ལ་གདོན་ནད་སེལ་བའི་རིགས།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号