ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ཟུར་བཀོད།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ཟུར་བཀོད།

དང་པོ། སྨན་ངོ་གསལ་བྱེད་འདྲ་ཡིག་ཕྱོགས་བསྡུས།
 
༄༅།།ཨ་རུ་ར་ནི་ཡུངས་ཆུང་སྐམ་པོ་འདྲ།།རྣམ་རྒྱལ་མཇུག་རིང་ཀུ་བ་འདྲ།།གསེར་མདོག་གསེར་གྱི་སྒོ་ང་འདྲ།།ཤ་ཆེན་སྦལ་བ་འགྲངས་པ་འདྲ།།འཇིགས་མེད་སྦལ་སྒོང་ལྕོང་མོ་འདྲ།།འཕེལ་བྱེད་སེ་འབྲུའི་གང་བུ་འདྲ།།སྙུང་བུ་རིལ་བ་སྤྱི་བླུགས་འདྲ།།བ་རུ་ཉུང་ཆུང་བེམ་པ་འདྲ།།སྐྱུ་རུ་ཤལ་པོའི་རྣ་ཆ་འདྲ།།སྐྱུ་རུ་རག་ཤ་སེར་བོ་འདྲ།།ཛཱ་ཏི་མཁལ་མ་གོ་ཡུ་འདྲ།།ཛཱ་ཏི་མི་མགོ་སྐམ་པོ་འདྲ།།ཛཱ་ཏི་སྲེག་པའི་སྒོ་ང་འདྲ།།ལི་ཤི་ཟངས་ཀྱི་གཟེར་ཆུང་འདྲ།།སུག་སྨེལ་བྲ་བོ་སྨིན་པ་འདྲ།།ཀ་ཀོ་ལ་ནི་མི་རྒན་ཐུལ་གྱོན་འདྲ།།ཀ་ཀོ་ལ་ནི་དྲེས་རྡོག་འདྲ།།ཀོ་ལ་མི་རྒན་སེན་མོ་འདྲ།།ཀོ་ལ་བྱིང་བྱིང་ཐུ་ལུ་འདྲ།། ཤིང་གི་ཅུ་གང་མཆོག་ཡིན་པ།།འབྲས་ཀྱི་ཕྱེ་མ་དཀར་ཞིབ་ནི།།མར་དཀར་དག་གིས་སྦྲུས་འཕུར་འདྲ།།ཆུ་ཅུ་གང་འབྲིང་སྟེ་བག་ཕྱེ་སིག་མེད་འདྲ།།ས་ཅུགང་ཐ་མ་རྟ་སོ་བཅག་པ་འདྲ།།ཧ་ཤིག་བརྡར་བའི་ཕྱེ་མ་འདྲ།།གུར་གུམ་གཡག་ཤ་ཕྱེ་མ་འདྲ།།དངུལ་ལས་བྱུང་བའི་བྲག་ཞུན་ནི།།ཁ་དོག་དྭངས་སྐྱ་ཞོ་སྤྲིས་འདྲ།།རློན་དུས་འོ་མའི་སྤྲིས་མའདྲ།།གསེར་ལས་བྱུང་བ་དོམ་མཁྲིས་འདྲ།།ཁུ་བ་གུར་གུམ་ཆུ་དང་འདྲ།།ཏིག་ཏ་ཡུངས་ཀར་ངར་བ་འདྲ།།སྙིང་བུ་ཞོ་ཤ་མི་སྙིང་འདྲ།། མཁལ་མ་ཞོ་ཤ་མཁལ་མ་འདྲ།།ཟླ་གོར་ཞོ་ཤ་ཟླ་བ་ཕྱེད་ཚལ་འདྲ།། གླ་གོར་ཞོ་ཤ་གླང་མིག་འདྲ།།མཆིན་པ་ཞོ་ཤ་མཆིན་པ་འདྲ།།ཨ་འབྲས་ཤ་བའི་རླིག་འབྲས་འདྲ།།ཨ་འབྲས་ཤིང་གི་ལྦ་བ་འདྲ།།སྲ་འབྲས་ལྕགས་ཀྱི་བུམ་ཆུང་འདྲ།།སྲ་འབྲས་འབུ་རོ་སྐེ་བཅད་འདྲ།།འཇམ་འབྲས་སྦྲུལ་གྱི་སྒོ་ང་འདྲ།།འཇམ་འབྲས་འབུ་ཡི་རྫ་མ་འདྲ།།ཀ་རཉྫ་ནི་སྦྲུལ་གྱི་སྒོ་ང་འདྲ།།ཕོ་རིས་སྲན་མ་བཙོས་སྐམ་འདྲ།།ན་ལེ་ཤམ་ནི་བྲ་རིལ་འདྲ།།པི་པི་ལིང་བྱི་བའི་རིལ་མ་འདྲ།།སྨན་སྒ་ར་མཉེ་སྐམ་པོ་འདྲ།།ཙི་ཏྲ་ཀ་ཤིང་མངར་ངར་བ་འདྲ།།སེ་འབྲུ་ཀུ་
སྨན་ངོ་གསལ་བྱེད་འདྲ་ཡིག་ཕྱོགས་བསྡུས་ཞེས་པ་འདི་ནི་སློབ་དེབ་འདིའི་རྩོམ་སྒྲིག་པས་ཤེལ་གོང་ཕྲེང་དང་སྒྲོལ་མ་སྔོ་འབུམ་སོགས་ནས་བསྡུས་པ་ཡིན།འདྲ་ཡིག་སྐོར་གྱི་གནའ་རྩོམ་གྲགས་ཅན་ནི་འདྲ་ཡིག་དུང་གི་མིག་ཅེས་གྲུ་གུའི་སྨན་པ་སེང་མདོ་འོད་ཅན་གྱིས་མཛད་པར་གྲགས་པ་དེ་ཡིན་ཀྱང་དཔེ་ནུབ་པས་ད་ལྟ་མཇལ་དུ་མེད།སྨན་གྱི་འདྲ་ཡིག་གི་ཁྱད་ཆོས་ནི།སྨན་རང་གི་ཁྱད་རྟགས་དམིགས་ཀྱིས་བསལ་ནས་བསྟན་འདུག་པས་སྨན་ངོ་ངོས་འཛིན་དུས་ཡིད་ལ་འཛིན་བདེ་བ་སྟེ་དཔེར་ན།དན་རོག་སྦུར་བ་སྐེ་བཅད་འདྲ།།ཞེས་པའམ་དོང་ག་ཁྲག་རྒྱུ་ནག་པོ་འདྲ།།ཞེས་པ་སོགས་ཀྱི་འདྲ་ཡིག་ཡིད་ལ་འཇགས་པ་ཞིག་ཡིན་ན་སྨན་ངོ་ལ་གསར་དུ་མཇལ་བ་ཞིག་གིས་ཀྱང་མ་ནོར་བར་ངོས་འཛིན་ཐུབ་པ་ལྟ་བུའོ།།
 
བའི་དབྱིབས་དང་འདྲ།།དཔའ་བོ་དཀར་པོ་ཉུང་ཤུན་འདྲ།།དཔའ་བོ་སེར་པོ་གསེར་ཤུན་འདྲ།།ཤིང་ཀུན་རྒྱུས་པ་སྐམ་པོ་འདྲ།།འབྲ་གོ་རྟ་ཡི་ནུ་མ་འདྲ།།པ་ཏྲ་ཉུང་མ་གཤགས་པ་འདྲ།།པུ་ཤེལ་རྩེ་འཇག་མའི་རྩ་བ་འདྲ།།བྱི་ཏང་འབྲས་བུ་སྲན་མ་སད་ཁྱེར་འདྲ།།མ་རུ་རྩེ་ནི་བྱིའུའི་མཆིན་པ་འདྲ།།མེར་རྩེ་བུ་མོའི་བྱ་ལེ་འདྲ།།ཚི་གུ་བྱིའུ་མཆིན་འདྲ་ལ་དམར།གོ་བྱེ་རྟ་ཡི་ནུ་མདེའུ་འདྲ།།གོ་བྱེ་ཁྲག་གི་རྐྱལ་བ་འདྲ།།ད་ཏྲིག་འབྲས་བུ་ལུག་ཤིག་སྒོ་ང་འདྲ།།སོ་ཆའི་འབྲས་བུ་མི་རྒན་རླིག་པ་འདྲ།།དན་རོག་སྦུར་བ་སྐེ་བཅད་འདྲ།།ཤྲྰི་ཁནྡ་ཕབས་རྡོག་འདྲ།།དོང་ག་མི་བརྒྱགས་རྟགས་འགྲེང་འདྲ།།དོང་ག་ཁྲག་རྒྱུ་ནག་པོ་འདྲ།།དོང་ག་ལོང་ག་ཁྲག་བརྒྱངས་འདྲ།།དོང་ག་ཚིལ་ནག་བཅད་པ་འདྲ།།སོ་མ་ར་ཛ་བྱིའུའི་མཁལ་མ་འདྲ།།སོ་མ་ར་ཛ་ཐང་ཕྲོམ་འབྲས་བུ་འདྲ།།ཐལ་ཀ་རྡོ་རྗེ་ཁྱི་ཡི་ཕོ་མཚན་འདྲ།།བསེ་ཡབ་མི་རྒན་རྣ་མཆོག་འདྲ།།བསེ་ཡབ་བུ་རམ་སྦྱར་མ་འདྲ།།སྟར་བུ་བུ་རམ་སྨུག་པོ་འདྲ།།རྒུན་འབྲུམ་སེ་འབྲུམ་རྙིད་པ་འདྲ།།རྒུན་འབྲུམ་མཐོ་རེར་འབྲས་བུ་བརྒྱ།།འབྲས་བུ་རེ་ལ་རུས་པ་གསུམ།།རུས་པ་རེ་ཡི་སྟེང་འོག་ཏུ།།ཕོ་མོ་གཉིས་ཀྱི་མཚན་མ་གསལ།།འབྲས་བུ་རློན་པ་ཁྲག་རྐྱལ་འདྲ།།སྐམས་ནས་བྱང་ནག་རོ་སྐམ་འདྲ།།སྲིན་ཤིང་སྣ་མའི་འདྲ་དཔེ་ནི།།རྩ་བ་སྦྱལ་ནག་ཆུན་པོ་འདྲ།།ཡལ་ག་ཤ་བའི་རྭ་ལག་འདྲ།།ལོ་མ་སྟག་གི་རྣ་བ་འདྲ།།ཀ་པེད་བྱིས་པའི་ཀླད་ཕོར་འདྲ།།རྡོ་ཐོག་ཤིང་སྐྱེས་ཀུ་བ་མཚར།འབྲས་བུ་བྱིས་པའི་ཐོད་ཕོར་འདྲ།།པདྨ་གེ་སར་པདྨའི་ཟེ་བ་འདྲ།།པདྨ་གེ་སར་གྲོ་གའི་ཕྱེ་མ་འདྲ།།པདྨ་གེ་སར་རྟ་རྔ་གྲིས་གཏུབས་འདྲ།།ནཱ་ག་གེ་སར་རྟ་རྔ་གཏུབས་པ་འདྲ།།ནཱ་ག་པུཥྤ་ཟངས་ཁོག་དུམ་བུ་འདྲ།།ཙན་དན་དཀར་པོ་དག་ལ་རིགས་གསུམ་ཡོད།།སྦྲུལ་གྱི་སྙིང་བོ་དཀར་ཡོལ་བཅག་པ་འདྲ།། གོ་ཤིཎྱ་ནི་སྟག་མ་བཅག་པ་འདྲ།།ས་མཆོག་སོམ་སྟེ་སོམ་པའི་དུམ་བུ་འདྲ།།ཀུན་ཀྱང་སྣུམ་ལ་དྲི་ཞིམ་བཟང༌།།ཨ་ག་རུ་ཆུ་ཤིང་རུལ་བོ་འདྲ།།ཨར་ནག་འབྲོང་གི་རྭ་ཚལ་འདྲ།།བ་ཤ་ཀ་ཆབ་རྩིའི་ལོ་མ་འདྲ།། བ་ལེ་ཀ་ནི་ཚོས་ཤིང་རུལ་བ་འདྲ།།བ་ལེ་ཀ་ནི་ཕུར་མོང་རྩ་བ་འདྲ།།བ་ལེ་ཀ་ནི་དབྱི་མོང་རྒས་པ་འདྲ།།བ་ལེ་ཀ་དབྱི་མོང་རྩ་བ་འདྲ།།ལི་ག་དུར་སྨིན་བུ་སྐམ་པོ་འདྲ།།སྟབ་སེང་ཤོལ་པོའི་ཀོག་པོ་འདྲ།།ཤིང་མངར་གསེར་གྱི་ལྕུག་མ་འདྲ།།ནིམ་པ་ཟྭ་ཤིང་སྐམ་པོ་འདྲ(སྡོང་བོ)།།ནིམ་པ་སྐྱེར་བའི་ཚལ་བ་འདྲ(རྩ་བ)།།ནིམ་པ་ཟྭ་ཡི་ཕྱེ་མ་འདྲ(ལོ་མ)།།ནིམ་པ་ཟ་ཡི་ལོ་མ་འདྲ།།སླེ་ཏྲེས་བྲ་མའི་སྡོང་བོ་འདྲ།།ཀནྡ་ཀ་རི་སེ་བ་གཞོན་ནུ་འདྲ།།སྨག་ནི་གྲོ་མའི་ཕྱེ་མ་འདྲ།། སྒྲོན་ཤིང་རིན་པོ་ཆེ་ཡི་མཆོད་སྡོང་འདྲ།།སྤོས་དཀར་ཐང་ཆུ་སྐམ་པོ་འདྲ།།གུ་གུལ་ནག་པོ་ནལ་མོ་འདྲ།།ཤེལ་ཏ་ཤུག་པའི་ཐང་ཆུ་འདྲ།།ཤིང་ཚ་ཟངས་མའི་ཝ་ཆུང་འདྲ།།ཤིང་ཀུན་ཀླད་པ་སྐམ་པོ་འདྲ།།མོན་ཆ་ར་ནི་ཁྲག་ཕྱེ་སྐམ་པོ་འདྲ།།པུཥྐར་མྰུ་ལ་ལུག་སུག་འདྲ།།རུ་རྟ་ཤ་རུ་གོག་པོ་འདྲ།།དོང་གྲ་སྦལ་བ་རྐང་མེད་འདྲ།།སུ་མི་འབྲི་ཤ་སྐམ་པོ་འདྲ།།ཧོང་ལེན་མེ་ཏོག་སྨུག་པོ་འབྲོང་ལོ་འདྲ།།རྩ་བ་གོང་མོའི་རི་ལམ་འདྲ།།ཨུཏྤལ་ཧ་ལོ་བེམ་པ་འདྲ།།དབང་ལག་ཉིན་སྲིབ་སྐམ་གཤེར་སྐྱེས།།ལྡུམ་བུ་མི་རྒོད་ལག་པ་འདྲ།།སྲོ་ལོ་དམར་པོ་ཚན་དམར་ཏེ།།སྟོན་དུས་དམར་བས་བན་བཙུན་འདྲ།།རྩེ་མོ་རྦད་ཀྱིས་བཅད་པ་འདྲ།།རྩ་བ་མི་ཡི་གློ་བ་འདྲ།།ག་དུར་བྱ་རོག་པུས་མོ་འདྲ།།ཉེ་ཤིང་ལྕགས་ཕྱེ་གཏོར་བ་འདྲ།།འབྲས་བུ་ལྕགས་ཀྱི་སྲན་ཆུང་འདྲ།།གཟེ་མ་ཚེར་མ་ར་མགོའི་དབྱིབས།།བྲག་སྤོས་གསེར་ཐིག་གཟིག་མཇུག་འདྲ།།ཁྱུང་སྡེར་དཀར་པོ་བྱ་ཕོའི་ཕྱི་སྡེར་འདྲ།།སྨུག་པོ་བྱ་རོག་སྡེར་མོ་སྐུམ་པ་འདྲ།།ཁྱུང་སྡེར་སྨུག་པོ་ཕོ་རོག་སྡེར་མོ་འདྲ།། སྔོན་བུ་སྤང་གི་ལ་ཕུག་འདྲ།།ཆུ་རྩི་སྙེ་མ་ཟོར་བ་འདྲ།།མེ་ཏོག་བྱ་དཀར་གདངས་ཞུགས་འདྲ།།རྩ་བ་ཟངས་ཁབ་གཤིབས་པ་འདྲ།།སྒ་ཤོ་ཡུ་མོའི་རྣ་མཆོག་འདྲ།།དབྱི་མོང་མི་རྒན་མགོ་བོ་འདྲ།།མེ་ཏོག་དྲིལ་ཆུང་ཁ་ཟུམ་འདྲ།།ཚར་བོང་ཐོག་བུ་མི་རྒན་མགོ་བོ་འདྲ།།ཐང་ཕྲོམ་རས་དཀར་ཁུག་མ་འདྲ།།འབྲས་བུ་ནག་ཞིབ་མཁལ་མའི་དབྱིབས།།གླ་སྒང་ས་ནག་གྲོ་མ་འདྲ།།གླ་སྒང་མོན་ཆུང་སྐམ་པོ་འདྲ།།དྲུར་ཝའི་སྙེ་མ་བོན་ཚེ་འདྲ།།ཨ་ཝ་རྒྱ་ཁབ་གཤིབས་པ་འདྲ།།ཨ་ཝ་དར་ལྗང་སྐུད་པ་འདྲ།།ཨ་ཝ་ཕག་གི་ཟེ་བ་འདྲ།།གསོར་ལྡེམ་རྩེ་གསུམ་ཤིང་གསོར་འདྲ།།ཉ་ལྕིབས་སྔོ་ལྗང་བལ་འདབ་ཆུར་བཅུག་འདྲ།།གང་གཱ་ཆུང་ནི་རྒྱལ་པོའི་ཐེལ་ཙེ་འདྲ།།ལུག་རུ་ལུག་ཐུག་རྭ་འདྲ་འཁྱིལ།གླང་སྣ་གླང་ཆེན་སྣ་རྒྱག་འདྲ།གསེར་གྱི་མེ་ཏོག་གསོར་གྱི་རྩེ་མོ་འདྲ།།གསེར་གྱི་ཕུད་བུ་སྦུར་བ་མགོ་བཅད་འདྲ།། གསེར་གྱི་ཕུད་བུ་སྦུར་ཆུང་ཞར་མ་འདྲ།།དུག་མོ་ཉུང་ནི་བྱེའུ་ལྕེ་སྐམ་པོ་འདྲ།།དུག་མོ་ཉུང་ནི་ནེ་ཙོའི་ལྕེ་དང་འདྲ།།འུ་སུ་གའུ་ཁ་སྦྱོར་འདྲ(དཀར)།།ཤུ་ཏི་སྤྲུ་བའི་འབྲས་བུ་འདྲ།།ཟི་ར་དཀར་པོ་གོ་སྙོད་འདྲ།།ཟི་ར་ནག་པོ་ཕག་ཤིག་འདྲ།།ཟི་ར་ནག་པོ་ལྕགས་ཀྱི་ཕྱེ་མ་འདྲ།།ཟི་ར་ནག་པོ་ཨུག་ཆོས་འབྲས་བུ་འདྲ།།ལ་ལ་ཕུད་ནི་ཐགས་མཁན་སྒྲོམ་བུ་འདྲ།།ལ་ལ་ཕུད་ནི་ཡོག་མོའི་འབྲུ་གུ་འདྲ།།ཤུ་མོ་ཟ་ནི་ཞིང་ལས་སྐྱེས།།ལོ་མ་སྲན་ཆུང་འདྲ་བ་ལ།།གོང་བུ་བྱ་ཕོའི་ཕྱི་སྡེར་འདྲ།།སྒང་ཐོག་རྟ་ཡི་རྔོག་མ་འདྲ།།གང་བུ་རིང་ལ་ཐང་ལོ་འདྲ།།འབྲས་བུ་གསེར་གྱི་བྱེ་མ་འདྲ།།བྲེ་ག་བོན་པོའི་རྔ་ཆུང་འདྲ།། སོག་ཀ་ལུག་གི་སོག་པ་འདྲ།།སྲུབ་ཀ་སེང་གེའི་སྡེར་མོ་འདྲ།།འབྲས་བུ་ནས་སྔོན་ལྕགས་ཀྱུའི་མཆུ།།གསེར་ཤ་ཕྲུ་བ་བུབ་པ་འདྲ།།ཤ་མང་སྨུག་པོ་སྤང་ལ་སྐྱེས།།བྲོ་མཁན་ཕྲེང་ལ་གཤར་བ་འདྲ།།འདྲེ་ཤ་དངུལ་གྱི་ལྦ་བ་འདྲ།།པྲི་ཡང་ཀུ་ནི་དྲེའུ་རྒན་རྔོག་མ་འདྲ།།ཞིམ་ཐིག་མཐིང་རིལ་མཆུ་དང་འདྲ།།སྙི་བ་མར་གྱི་རྐྱལ་བ་འདྲ།།སྙི་བའི་རྩ་བ་མར་རྐྱལ་འདྲ།།ཆུ་རུག་སྦལ་བའི་ལག་པ་འདྲ།།ཁུ་བྱུག་རྩྭ་ལྗང་ཞེས་བྱ་བ།།ལོ་མ་གྲེས་མ་གཞོན་ནུ་འདྲ།།མེ་ཏོག་མཆོང་གི་བུམ་པ་འདྲ།། རྩ་བ་གསེར་གྱི་སྐོར་རྩེ་འདྲ།།བྱི་ཤིང་དཀར་མོ་གཅན་གཟན་སྨ་ར་འདྲ།།ནད་མ་གཡུ་ཞགས་འཁྱིལ་བ་འདྲ།།འབྲས་བུ་སྦལ་བའི་སྒོ་ང་འདྲ།།ཐ་རམ་འབྲས་བུ་ཁྲག་རྙིང་སྒྲིལ་བ་འདྲ།།ག་པུར་ཏིས་ལོ་གཅན་གཟན་སྦྲ་སྡེར་འདྲ།།གཟའ་དུག་རྩ་བ་མི་རོ་འདྲ།།སྡོང་བུ་དུར་ཕག་མགོ་དགུ་འདྲ།།ལོ་མ་ལྕགས་ཐེབ་བརྩེགས་པ་འདྲ།།རྒྱ་ལ་བོ་དེ་ཡི་བཙུན་མོ་ནི།།རྩ་བ་རྨ་བྱའི་སུག་པ་འདྲ།།སྡོང་བུ་དར་ལྗང་སྐུད་བ་འདྲ།།ལོ་མ་དགེའུ་ཆུང་རྣ་མཆོག་འདྲ།།མེ་ཏོག་གཡུ་ཡི་དྲིལ་བུ་འདྲ།།འབྲས་བུ་མུ་ཏིག་ཚོམ་བུ་འདྲ།།བྱི་རུག་གཟིག་གི་མཇུག་མ་འདྲ།།གནྡྷ་བྷ་དྲ་སྤྲ་བའི་ཐོག་བུ་འདྲ།།་གནྡྷ་བྷ་དྲ་སྤྲ་བ་དྲིལ་བ་འདྲ།།འོལ་མོ་སེ་ནི་ཁྲག་གི་རྐྱལ་བ་འདྲ།།པ་ཏོ་ལ་ནི་སྒ་སྐྱ་འདྲ།།བོང་ང་དཀར་པོ་རྒོད་ཀྱི་ཡ་མཆུ་འདྲ།།རྒྱ་ཚྭ་རྡོ་རྒྱུས་སྣ་རིང་འདྲ།།རྒྱ་ཚྭ་ཅོང་ཞི་བཅག་པ་འདྲ།།རྒྱམ་ཚྭ་འཁྱགས་པ་བཅག་པ་འདྲ།།རྒྱམ་ཚྭ་ཉ་སྣབས་པ་དང་འདྲ།།ཁ་རུ་ཚྭ་ནི་མེ་རྡོ་བཅག་པ་འདྲ།།ཁ་རུ་ཚྭ་ནི་ཅོང་ཞི་ནག་པོ་འདྲ།།ཁ་རུ་ཚྭ་ནི་རྡོ་སྔོན་བཅག་པ་འདྲ།།རྩབས་རུ་ཚྭ་ནི་བུ་རམ་བསྲེགས་པ་འདྲ།།རྩབས་རུ་ཚྭ་ནི་དམར་སྨུག་གོ་རུལ་འདྲ།།ལྕེ་མྱང་ཚྭ་ནི་ལན་ཚྭ་འདྲ་སྟེ་དམར།ཡ་བཀྴ་ར་བག་ཕྱེ་འདྲ།། ཡ་བཀྴ་ར་བག་ཕྱེ་སུག་མེད་འདྲ།།བཅངས་ན་ཁྲིག་སྒྲ་འབྱིན་པས་ཁ་བ་འདྲ།།རྭ་ཚྭ་ར་རུ་ཕྱེ་མ་འདྲ།།རྭ་ཚྭ་ར་རུ་འདྲ་ལ་རྭ་གཞོབ་བྲོ།།ཐལ་ཚྭ་ཐལ་བའི་རིལ་བུ་འདྲ།།ཡང་ན་ནག་སོབ་ཐལ་བསྒོངས་འདྲ།།མཛེ་ཚྭ་ཚ་ལའི་ཕྱེ་མ་འདྲ།།ལྦ་ཚྭ་ཚ་སྤག་བཅག་པ་འདྲ།།སྦལ་རྒྱབ་སྨུག་པོ་གོས་ནག་ལྕགས་འབུར་བཏབ་པ་འདྲ།།སྦལ་རྒྱབ་དཀར་པོ་ཕྱིང་གདན་དུང་འབུར་བཏབ་པ་འདྲ།།ཆིག་ཐུབ་དཀར་པོ་དཀར་ལ་སྣ་རིང་ཅུ་གང་འདྲ།།དྲི་ལྡན་སྨུག་པོ་ཞེས་བྱ་གཡམ་རྡོ་འདྲ།།ཆིག་ཐུབ་སྨུག་པོ་སྨུག་དམར་སྣ་རིང་སྤུག་ཟན་འདྲ།།གངས་ཐིགས་དཀར་པོ་དུང་དཀར་ཕྱིས་པ་འདྲ།།ཁབ་ལེན་མཐིང་ཁ་སྦུབ་ཅན་ལྕགས་རྡོ་འདྲ།།བེ་སྣབས་སོག་ག་རེའུའི་ཚིལ་བུ་འདྲ།།མཉྫི་ར་ནི་མཆིན་པ་འདྲ།།མཉྫི་ར་ནི་དམར་སྨུག་གཡག་མཆིན་འདྲ།།ཕག་མགོ་སེར་ཁྲ་ཕག་པའི་མགོ་བོ་འདྲ།།བྱི་མགོ་དཀར་པོ་ནས་ཟན་མགོ་བོ་འདྲ།།གསེར་རྡོ་སྔོ་སེར་ཟངས་ལ་རྩ་ཞུགས་འདྲ།།དངུལ་རྡོ་ནག་སྔོ་ལྗང་ནག་ཟིལ་ཆགས་འདྲ།།སྟང་ཟིལ་ཕག་ཟེ་གཤིབས་པ་འདྲ།། སྟང་ཟིལ་སངས་རྒྱས་དབུ་སྐྲ་འདྲ།།སྟང་ཟིལ་སྔོ་སྐྱ་བཤལ་ཚེ་ནག་པོ་འདྲ།།གསེར་ཟིལ་སྔོ་སྐྱ་ལ་ཟིལ་ཆགས་འདྲ།།དངུལ་ཟིལ་སྔོ་ནག་ཤིང་སྐམ་སྤ་མ་འདྲ།།གྲུ་བཞི་ཕྱི་ནག་ནང་སེར་ཆེ་ལོང་མིག་མེ་འདྲ།།རྡོ་ཀླད་སྐྱ་ལ་སོབ་སྟེ་ཀླད་སྐམ་འདྲ།།ལི་གྲི་དམར་ལ་སོབ་ལ་ལྷ་བ་འདྲ།།ད་ཆུ་ཆུ་འཛག་བལ་ཐག་ཆུ་སྤར་འདྲ།།མཚལ་ནག་རྒྱ་ཁབ་གཤིབ་པ་འདྲ།།རྡོ་མཁྲིས་སེར་ལ་རོ་ཁ་མཁྲིས་སྐམ་འདྲ།།གཤལ་དཀར་དཀར་ལ་སོབ་སྟེ་འགྲོན་བུ་འདྲ།།ལྡོང་རོས་དམར་སེར་ས་སེར་མེ་བསྲེག་འདྲ།།བ་བླ་ལ་སེར་སོབ་དྲི་མེད་མུ་ཟི་སེར་པོ་འདྲ།།རྡོ་སོལ་ནག་ལ་འཚེར་ཏེ་གཡའ་པགས་འདྲ།།ཁ་ཅིག་གཡའ་མ་མེ་འབར་ཞེས་ཀྱང་ཟེར།བ་ནུ་དཀར་ནག་དྲི་ཆེ་བ་ནུ་འདྲ།།ཏི་ཚ་སེར་པོ་ལྕི་ལ་སྣ་ཐུང་སྐྱེར་བ་འདྲ།།ཏི་ཚ་ནག་པོ་ཤིན་ཏུ་མཁྲེགས་པའི་ཕག་ལུད་འདྲ།།ལུག་བུ་མིག་ནི་སེར་ལ་འཚེར་ཏེ་ལྷ་བཤོས་འདྲ།།བཙག་ཡུག་དམར་པོ་སྲུབས་མང་མདུང་རྩེ་འདྲ།།ཅོང་ཞི་རྟ་སོ་བཅག་པ་ལྟ་བུ་ནི།།མཁྲེགས་ཤིང་ལྕི་ལ་ཚིལ་བུ་འདྲ།།ཕོ་ཅོང་རྟ་སོ་འདྲ་སྟེ་རི་མོ་ཅན།།མོ་ཅོང་འཁྱགས་པའི་རྩེ་ལྡིང་འདྲ་བར་བཤད།།མ་ནིང་མཉེན་འབོལ་སྲིན་བལ་འདྲ།།རྡོ་ཐལ་སྔོ་སྐྱ་སོབ་སྟེ་ཚ་སྤག་འདྲ།།ཧ་ཤིག་དམར་སྨུག་ར་མཆིན་རུལ་བ་འདྲ།།མོ་རྡེ་དཀར་སྨུག་མཁྲེགས་ཏེ་བྱ་བྲ་འདྲ།།གླ་རྩི་གྲོ་ཡི་ཚིག་མ་འདྲ།།དོམ་མཁྲིས་སྒོ་ངའི་སེར་ཐིག་འདྲ།།
(སྐལ་བཟང་རྡོ་རྗེ།མཁའ་འགྲོ་སྐྱབས།)
 
བསམ་གཞིགས།
༡སྨན་གྱི་འདྲ་ཡིག་བསྟན་པ་འདི་ལ་དགོས་པ་ཅི་ཡོད།
༢འདྲ་ཡིག་གི་བསྟན་བཅོས་གྲགས་ཅན་གང་ཡིན།
༣འདྲ་ཡིག་དང་འཁྲུངས་དཔེ་གཉིས་ལ་ཁྱད་པར་ཡོད་དམ།
༤དོང་ག་ལོང་ག་ཁྲག་བརྒྱངས་འདྲ་གསུངས་པའི་འདྲ་ཚུལ་ཇི་ལྟར་ཡིན།
༥འདྲ་ཡིག་རྣམས་སྨན་དེའི་དམིགས་བསལ་ཁྱད་ཆོས་གང་ལ་ལྟོས་སམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号