ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ཟུར་བཀོད།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
 
གཉིས་པ།བཟོ་འགྲེལ་ཨ་ཝ་སྤྲིན་གྱི་ཡང་བཅུད་
ལེགས་བཤད་ཆར་རྒྱུན།
 
དེའུ་དམར་བསྟན་འཇིན་ཕུན་ཚོགས་ཀྱིས་མཛད།
༄༅།།ན་མོ་གུ་རུ་བྷེེ་ཥ་ཛྱ།སྨན་གྱི་བླ་མ་རིག་ཡོན་བརྒྱུད་པར་བཅས།།ཕྱག་གིས་མཆོད་ཅིང་བཟོ་འགྲེལ་ཡང་དག་བཤད།།རྒྱུད་རྒྱལ་ཨ་ཝ་སྤྲིན་ཆེན་ལ་སོགས་པའི།།རྒྱུད་དང་བསྟན་བཅོས་བརྒྱུད་ལྡན་བླ་མའི་གསུངས།།འགའ་ཞིག་ལས་ཐོས་སྤྲིན་ཆེན་ཡང་བཅུད་ནི།།ལེགས་བཤད་རྣ་བའི་བདུད་རྩི་ཡིད་སྤྲོ་བ།།ཅུང་ཟད་འབེབས་འདི་བརྒྱུད་འཛིན་རྣམ་དཔྱོད་ཀྱི།།ཞིང་ས་བཟང་པོའི་ས་བོན་བཅུད་དུ་ལོངས།
རྒྱུད་དང་མན་ངག་གསང་ཚིག་ལས།།སྨན་སྒྲོའི་རྒྱུ་ཡི་དབྱེ་བ་ནི།།སྟག་གཟིག་དོམ་དྲེད་གུང་སོགས་རབ།།གྲུམ་དང་རྒྱ་གོར་ར་རྒོད་འབྲིང༌།།ཏིས་ལོ་འཕྱི་བ་ཐ་མར་བཤད།།དེ་དག་རྒྱུ་བཅའ་མ་གྲུབ་ཚེ།སྨན་གྱི་ཕྱི་སྣོད་མི་བཏུབ་པས།།ཆུ་དལ་སྣལ་མ་དགུ་རིམ་དུ།།བྱས་ཀྱང་སྨན་ཡལ་བཅུད་མི་ཐུབ།།དེ་བས་གཅན་གཟན་གྲྭ་སྤུ་གཅེས།།ཕྱི་གྲྭ་མ་ཉམས་སྨན་མི་བརྫི།།སྦུབས་གྲྭ་མ་ཉམས་སྨན་མི་རྒོག།ཀླད་སྲང་མ་ཉམས་དྲི་མི་འཆོར།།དེ་ལྟར་རྒྱུ་བཅའ་མཉེ་ལེགས་པར།།རང་རང་ཤེས་རབ་རིགས་བརྒྱུད་དང༌།།དཔག་སྟེ་བཟོ་ལུགས་འདི་ལྟར་བྱ།། སྨན་སྒྲོ་གྲུ་གང་བྱས་པ་དེ།།རིགས་བརྒྱུད་སྨན་པ་ཡིན་པའི་རྟགས།། ཁ་ཧེལ་གྲུ་གང་བྱས་པ་དེ།།ཡོན་མཆོད་རྟེན་འབྲེལ་འགྲིག་པའི་རྟགས།།མགོ་ལྤགས་ཞབས་རྒྱ་བྱས་པ་དེ།།ཀུན་གྱིས་སྤྱི་བོར་འཁུར་བའི་བརྡ།།འདི་ལ་ལུང་བཞི་བཏགས་པ་དེ།།རྒྱུད་བཞི་ཁོང་དུ་ཆུད་པའི་བརྡ།།ཕྲན་ཚར་བཅོ་བརྒྱད་བཏགས་པ་དེ།།ཆ་ལག་བཅོ་བརྒྱད་ཤེས་པའི་བརྡ།།གྱེན་ལ་སྦུ་གུ་འཐེན་པ་འདི།།འབྲེལ་ཚད་མཐོ་རིས་འདྲེན་པའི་རྟགས།།སག་རི་སྔོ་དམར་སྐེད་དཀྲིས་འདི།།པུ་ཏི་རྐེད་རགས་བཅིངས་འདྲའི་བརྡ།།དར་ཚོན་སྣ་ལྔ་བཏགས་པ་དེ།།ཉོན་མོངས་དུག་ལྔ་འཇོམས་པའི་རྟགས།།ཕུར་མ་སྣ་ཚོགས་བཀྲ་བ་དེ།།ཀུན་གྱིས་འགྲན་ཟླ་བྲལ་བའི་བརྡ།།དྲིལ་བུ་གཡེར་ཁ་བཏགས་པ་དེ།།སྙན་པ་
① འདི་ནི་དེའུ་དམར་བའི་གསུང་རྩོམ་ལས་དྲངས་པ་ཡིན་ལ་བརྗོད་བྱ་ནི་སྨན་སྒྲོ་སྟེ་སྨན་
ཁུག་གི་རྒྱུ་བཟང་ངན་དང་བཟོ་དབྱིབས། སྨན་ཉེར་ཚགས་བྱེད་ཚུལ་སོགས་གསུངས་ཡོད་པ་མ་ཟད་སྨན་པ་ལ་ལྡན་དགོས་པའི་ཆ་རྐྱེན་ཀྱང་ཞོར་དུ་བསྟན་འདུག་པས་གནའ་དུས་བོད་ཀྱི་སྨན་པ་རྣམས་ཀྱིས་སྨན་རྫས་ལ་ཚགས་བྱེད་སྟངས་རྟོགས་ཐུབ་ཅིང༌།སྨན་པའི་བླངས་བྱ་ཇི་ལྟར་ཡིན་པ་དང་འགྲོ་དོན་ཇི་ལྟར་སྐྱོང་བའི་ཚུལ་ཡང་ཕྱོགས་ཙམ་ཞིག་རྟོགས་ཐུབ་བོ།།
 
ཕྱོགས་བཅུར་སྒྲོག་པའི་རྟགས།།ལུང་བཞི་ཧེལ་གེ་བྱས་པ་དེ།།སྨན་པ་ཤེས་རྒྱུད་འཇམ་པའི་རྟགས།།ལུང་བཞི་སོར་གསུམ་བྱས་པ་དེ།།དུག་གསུམ་ཉེས་གསུམ་འཇོམས་པའི་བརྡ།།སྦྲེལ་ལུང་ཟུང་ཆབ་བརྡབ་པ་དེ།།ཐབས་ཤེས་ཟུང་དུ་འཇུག་པའི་རྟགས།།ཆབ་ལུང་སོར་དྲུག་བྱས་པ་དེ།།སྨན་པའི་རྒྱུ་དྲུག་ཚང་བའི་རྟགས།།ཆབ་མ་ཁྲུ་གང་བྱས་པ་དེ།།ཀུན་དང་མཐུན་པར་འཇུག་པའི་རྟགས།།ཁ་གཉིས་གཅིག་སྒྲིལ་བསྡམས་པ་དེ།།ཆོས་ཀུན་གཅིག་འདུས་དོན་ཤེས་རྟགས།ཁ་ཐིག་དར་སྐུད་གྲུ་གསུམ་བྱས།ཆོས་སྐུ་སྐྱེ་མེད་མཚོན་པ་ཡིན།།དེ་འདྲ་ཟུང་ལྡན་ཁྲུ་ཚད་དྲུག།ཕ་རོལ་ཕྱིན་དྲུག་སྤྱོད་པའི་རྟགས།།ཁ་ཐིག་གཡས་སུ་བསྒྲིམས་པ་དེ།།ལོངས་སྐུ་འགགས་མེད་མཚོན་པ་ཡིན།།འཕྲུལ་ཚད་སོ་སོར་བཀྲམ་པ་དེ།།སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས།།སྐུ་གསུམ་ལྡན་པའི་ཁ་ཐིག་དེར།།ཚོན་སྐུད་སྣ་ལྔར་ཡོད་པ་འདི།།ཡེ་ཤེས་ལྔ་དང་ལྡན་པའི་རྟགས།།ཁ་དེ་བྱ་རྒོད་མགྲིན་ལྟར་བཅིངས།།ཕ་མེས་སྨན་བརྒྱུད་བཟང་བའི་རྟགས།།ཕ་མེས་བརྒྱུད་ཚོད་མི་བསྟུན་པའི།།རང་བཞིན་ཚོད་མེད་བཅིངས་པ་དང༌།།ཁ་ལ་མདུན་རྒྱས་གདབ་པ་དེ།།མན་ངག་གབ་ཏུ་སྦས་པའི་རྟགས།།ལྕགས་གདུབ་རག་ཐག་སྒྲོག་ཆིངས་དེ།།གཞན་གྱིས་མ་ཁྱེར་ཟེར་བའི་བརྡ།།དེ་ལ་གཟེ་ལྕགས་བརྒྱབ་པ་དེ།།ངོས་མིན་ཡོད་པ་མ་ཡིན་དེ།།བདུད་རྩི་སྨན་གྱི་ཆེ་བ་ཡིན།།ཁྲི་གདན་མཐོན་པོར་བཞག་པ་དེ།།འགྲོ་བའི་མགོན་སྐྱབས་ཡིན་པའི་བརྡ།།གཟན་ཕྱར་གྲུ་བཞིར་བཀབ་པ་དེ།།སྣོད་མིན་རྣམས་ལ་སྦས་པ་ཡིན།།སྨན་ཕྱར་ཞིང་བཞི་བྱས་པ་དེ།།ཚད་མེད་བཞི་དང་ལྡན་པའི་བརྡ།།ཞིང་རེར་སོར་བཅུ་ཡོད་པ་དེ།།འབྱོར་བ་བཅུ་ཡིས་ཕྱུག་པའི་རྟགས།།སྲིད་དུ་གྲུ་བཞི་ཡོད་པ་དེ།།མི་འཇིགས་བཞི་ཡིས་དཔའ་བའི་རྟགས།།སྣ་གཉིས་ཕྲན་ཚར་གྲངས་མེད་དེ།།ཕན་ཐོགས་བསམ་མི་ཁྱབ་པའི་རྟགས།།བཟོ་དབྱིབས་ཟླུམ་པོར་འདྲིལ་བ་དེ།།སྲིད་གསུམ་གཙུག་ན་འཁུར་བའི་རྡ།།བཟོ་ཆེ་དེ་ལ་སྦུ་གུ་མ་ཡང་ཟེར།།ཡང་ན་ཤེས་རབ་བློ་ལྡན་པས།།སེང་གེའི་ཐོད་པ་ལྟར་བཅོས་པ།།སྨྲ་བ་ཀུན་ལ་མཁས་པའི་རྟགས།།སྟེང་འོག་གླེགས་ཤིང་ལྟར་སྦྱར་བ།།ཤེས་བྱ་ཀུན་ལ་མཁས་པའི་རྟགས།།བར་དུ་ཞབས་རྒྱ་ཡར་བརྒྱུད་པ།།མཐོ་དམན་དྲག་ཞན་ཀུན་འདུས་རྟགས།།སྟེང་ཁེབ་གཅན་ལྤགས་གྲྭ་བཟང་བགྱིས།།གོང་སྡོད་མཁན་གཞན་མེད་པའི་བརྡ།།སེང་ཐོད་ཞབས་རྒྱའི་རྩེ་གཉིས་མ།།འཇའ་འགྲིག་ཅོད་པན་གཉིས་འབྱུང་དེ།།ལུས་ཅན་ཀུན་ལ་སྲོག་སྦྱིན་པའི།།གཙུག་གི་ཅོད་པན་ཡིན་པའི་རྟགས།།དེ་འོག་འགྲམ་གཉིས་འཇའ་འགྲིག་གཉིས།།སྨན་པ་ཚོགས་གཉིས་བསགས་པའི་རྟགས།།དེ་ཡི་ཞབས་ཀྱི་གདོང་དཀྱིལ་ལ།།འཇལ་ཡི་ཀ་བ་གཉིས་བརྩེགས་འབྱུང༌།།སྨན་པ་སྒྲིབ་གཉིས་སྤངས་པའི་རྟགས།།སྒྲོག་གདན་འཇའ་དབུས་དགུ་བོ་ལ།།གསེར་གྱི་འཕྲུལ་ལོང་དགུ་མཛེས་པ།།ཐེག་པ་རིམ་དགུ་རྫོགས་པའི་བརྡ།།བཤད་དང་ལྡན་པ་སྨན་སྒྲོའི་མཆོག།ཡོན་ཏན་ཁྱད་འཕགས་དེའི་ནང་ན།།སྨན་སྣོད་བཞི་བརྒྱ་རྩ་བཞི་འདི།།འགྲོ་བས་མི་བཟོད་ནད་ཀྱི་རིགས།།བཞི་བརྒྱ་རྩ་བཞི་འཇོམས་པའི་རྟགས།།སྨན་རིགས་སྣ་ཚོགས་བསགས་པ་དེ།།སྣ་ཚོགས་ནད་ལ་བསྔགས་པའི་རྟགས།ནད་སྣོད་བཟོ་རིགས་སྣ་ཚོགས་བྱས།།མན་ངག་སྣ་ཚོགས་ཤེས་པའི་རྟགས།།ཁ་ལ་ཤིང་བྱང་བཏགས་པ་དེ།།འགྱུར་མེད་དོན་དང་ལྡན་པའི་རྟགས།།འབྱེད་བསྡམ་འཇུག་པ་བདེ་བ་འདི།།ཟླུམ་སྐོར་པད་མ་ལྟར་བསྡུས་པ།།ཕྱོགས་མེད་རྒྱལ་ཁམས་བསྐོར་བའི་བརྡ།།
སྣོད་དུ་སྨན་རྣམས་གཞུག་ཚུལ་ནི།།ཛཱ་ཏི་ལི་ཤི་ཅུ་གང་སོགས།།རྩི་ལས་བྱུང་བའི་སྨན་རྣམས་ནི།།སྟག་གཟིག་གཅན་ལྤགས་ཁུག་མར་སྦ།།ཨ་རུ་བ་རུ་སྐྱུ་རུ་སོགས།།ཤིང་ལས་བྱུང་བའི་འབྲས་དང་ཁྲོབ།།ཤས་བཟང་ཟླུམ་སྐོར་རལ་གར་སྦ།།ལོ་མ་མེ་ཏོག་ས་སྨན་ཕལ།།ཤ་རྣ་གླ་ཧེལ་སྣོད་དུ་སྦ།།རྒྱ་ཚྭ་རྒྱམ་ཚྭ་ཚྭ་ལ་སོགས།ཆུ་ལས་བྱུང་བའི་སྨན་རྣམས་ནི།།རས་ཁུག་རྐང་མཁྲེགས་དཀར་པོར་སྦ།། བྲག་ཞུན་སེ་འབྲུ་སྟར་བུ་སོགས།།རླན་སྣུམ་འབྱར་བག་ལྡན་པ་རྣམས།།ཐགས་བཟང་ཕ་ཚེ་གཙང་མར་སྦ།།ཙན་དན་དཀར་དམར་ཨ་གར་སོགས།།ཤིང་སྡོང་ལས་བྱུང་ཚལ་བ་རྣམས།།སག་རིའི་དཔའ་ཆབ་རིང་བོར་སྦ།།དངུལ་ཆུ་དང་ནི་སྦྱར་གྲུབ་པའི།།རྣོ་དང་དྲི་ལྡན་བྱིན་རླབས་ཅན།།ལྕགས་པར་སྨྱུག་སྦུབས་དམ་པར་སྦ།།མཁྲིས་པ་ཁཎྡ་མར་ཚིལ་སོགས།།རྭ་འམ་ཤིང་གི་པར་བུར་སྦ།།ཐལ་སྨན་ཞིབ་བཏགས་ཕྱེ་མ་རྣམས།།སྲུབས་གསང་མེད་པའི་ཁུག་མར་སྦ།།ཐར་ནུ་དུར་བྱིད་དན་ད་སོགས།།རྣོ་སྨན་རྩི་སྣུམ་འབྱར་བག་ཅན།།དུག་བསད་རྩི་ལྡན་སྣོད་དུ་སྦ།།སྦལ་སྦྲུལ་ལ་སོགས་ཤ་ཁྲག་རིགས།།རས་བཟང་སྐམ་པོར་དྲིལ་ནན་བྱ།།གང་ཡང་ནུས་མཐུན་སོ་སོར་སྦྲེལ།།མི་མཐུན་བསིལ་དྲོད་མེ་དང་མར།ཇི་བཞིན་ལྷན་ཅིག་མི་བཞག་གསུངས།།སྨན་ཡང་རྩི་དུག་སྦྲགས་མི་རུང༌།།བཞག་ན་ངན་པ་བློ་རྣོ་བས།།བཟང་བོའི་བློ་འཕྲོག་བྱེད་མཚུངས་པས།།སྤང་བར་བྱ་ཞེས་རྒྱུད་ལས་གསུངས།།དེ་ལྟར་ཤེས་པའི་སྨན་མཛོད་དེར།མན་ངག་གླེགས་བམ་བཅུག་པ་དེ།།འཕགས་པ་འཇམ་དཔལ་མཚོན་པ་ཡིན།།ལྡེམ་ཚེ་དཀར་པོ་པདྨ་ཅན།།འཇིག་རྟེན་དབང་ཕྱུག་མཚོན་པ་ཡིན།།དྲག་རྩུབ་ཕག་ནག་ཟེ་བ་དེ།།མཐུ་སྟོབས་ཕྱག་རྡོར་མཚོན་པ་ཡིན།།དེ་གསུམ་ཕྱོགས་གཅིག་བཅུག་པ་དེ།།རིགས་གསུམ་མགོན་པོ་མི་འབྲལ་འཇོམས།།
སྨན་པས་ལམ་བགྲོད་དམ་ཚིག་ནི།།ཉམ་ཐག་འབྱོར་མེད་ནད་པ་ལ།།ཕྱོགས་རིས་མེད་པར་སྨན་སྦྱིན་པ།།སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན།།བུད་མེད་ཁྱི་སོགས་མ་དག་པས།།འགོམ་འབོག་བཙོག་གྲིབ་མ་གོས་པ།།ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན།།ཡོན་ཟས་ལ་འཁོང་སྨན་རིན་རྩོད།།
མཁས་འདྲ་མཐོ་མནོན་བྱེད་སྤངས་པ།།བཟོད་པའི་ཕ་རོལ་ཕྱིན་པའོ།།སྨན་དེ་སྦྱར་བར་བརྩམ་པ་ན།།སྨན་ཀློག་ཁ་ཡན་མི་འཇོག་པ།།གློ་བུར་དགྲ་ཇག་བྱུང་བ་སོགས།།གལ་སྲིད་ཡན་པར་བཞག་དགོས་ཚེ།ཟླུམ་ལ་སྨན་སྒྲོ་ཆ་སྦྱར་བཀབ།།དེ་སྟེང་རིགས་གསུམ་མཚོན་རྒྱས་བཏབ།།དེ་བཞག་དེ་ནི་རུང་ཙམ་ཡིན།།སྨན་སྒྲོ་གཞི་བྱེས་གང་དུ་ཡང༌།།ཙོག་པུར་བཞུགས་པ་མ་གཏོགས་པ།།བསྙལ་དང་ས་རྗེན་ཐོག་མི་འཇོག།དེས་ནི་གསམ་གཏན་ཕར་ཕྱིན་མཚོན།།མགོ་ཆ་གཏར་ཆ་བསྲེགས་ཆ་སོགས།།རྣོ་མཚོན་གླེགས་བམ་རྒྱུན་མི་གཅོད།།དེ་ཡིས་ཤེས་རབ་ཕར་ཕྱིན་མཚོན།།
སྦྱིན་བདག་ཚོགས་བསགས་དམ་ཚིག་ནི།།འདི་ལྟར་ཡོན་ཏན་དུ་མ་དང༌།།ལྡན་པ་སྨན་སྒྲོའི་ནོར་བུའི་མཛོད།།རིགས་བརྒྱུད་ལྡན་པའི་བླ་མ་ཡིས།བྱིན་རླབས་རབ་ཏུ་གནས་བྱས་ཤིང༌།།བྷྰུྃ་ལས་རྣམ་སྣང་རིག་མ་བཅས།།བསྐྱེད་པ་ལྷ་ཡི་དཀྱིལ་འཁོར་དུ།བྱིན་རླབས་བདེ་གཤེགས་སྨན་བླ་ནི།།གཙོ་འཁོར་རྒྱུད་གསུངས་བཅས་པའི་གནས།།འདི་ལ་ལྷ་ཕྱག་སུས་འཚལ་བ།།བད་ཀན་ནད་ཀྱིས་མི་འཆིའོ།འདི་ལ་མཆོད་པ་སུས་འབུལ་བ།།རླུང་ནད་དྲག་པོས་མི་གཟིར་སོ།འདི་ལ་གསོལ་བ་སུས་བཏས་པ།།མཁྲིས་ནད་གནོད་པས་མི་ཚུགས་སོ།།འདི་ལ་བཀུར་སྟི་སུས་བྱས་པ།།ལྡན་འདུས་ནད་ཀྱིས་མི་འཆིའོ།འདི་ལ་ཁྲི་སྟན་སུས་བཤམས་པ།།གཉན་གཟེར་དྲག་པོས་མི་འདེབས་སོ།འདི་ལ་རྗེས་སུ་ཡིད་རངས་པ།།དུས་མིན་ནད་ཀྱིས་འཆི་མི་འགྱུར།འདི་ལ་འགོམ་བཙོག་མ་ཤོར་ན།།དེ་ལ་ཆམ་རིམས་ནད་མི་འབྱུང༌།།འདི་ལ་ལོག་ལྟ་མ་བགྱིས་ན།།ནད་གདོན་དྲག་པོ་གང་བྱུང་ཡང༌།།སྨན་ནུས་མི་འཇུག་མི་སྲིད་དོ།།སྨན་སྒྲོ་བདུད་རྩིའི་བང་མཛོད་འདི།།དམེ་ཤི་བུད་མེད་བཙས་པ་དང༌།།སྲོག་གཅོད་མི་ཚངས་སྤྱོད་པ་དང༌།།སྣུམ་ལྕགས་བདེན་རྫུན་དབྱེ་བ་སོགས།།བཤན་གྲིབ་རོ་གྲིབ་བཤའ་གཏོར་སོགས།།འཛེམ་ཞིང་དམ་ཚིག་སྲུང་བ་ན།།ཆོས་དང་ཟས་གོས་ནོར་ལ་སོགས།།གང་འདོད་འབྱུང་བའི་ནོར་བུ་ཡིན།།དེ་ཕྱིར་དཀོན་པའི་འདུ་ཤེས་དང༌།།རྩིས་ཚེར་ཟུངས་ཤིག་ཡོན་མཆོད་རྣམས།།
ཞེས་པ་འདི་ཡང་རྒྱུད་དང་མན་ངག་རྒྱ་གཞུང་འགའ་ལས་བྱུང་བ་བི་ཇི་མེ་ཉི་གྲགས་པས་མཛད་པ་དང༌།དྭགས་པོ་ཟླ་འོད་གཞོན་ནུ་བི་ཇི་རིན་ཆེན་གྲགས་པ།སྨན་སྒོམ་རིན་ཆེན་འོད་ཟེར་སེང་གེ་རྣམས་ཀྱིས་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་ཁོ་བོ་རང་ལོ་བཅུ་གསུམ་སྟེང་དུ་བྲིས་ཤིང༌།ཕྱིས་ཞང་སྨན་ནག་པས་མཛད་པ་ཞིག་ཀྱང་རྙེད་པས་ཁ་བསྐངས་ཏེ་བྲིས་པ་འདི་སྨན་འབངས་རྨོངས་རྒན་བསྟན་འཛིན་ཕུན་ཚོགས་ཀྱིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག།
(སྐལ་བཟང་རྡོ་རྗེ།ཤ་བོ་འབྲུག་མོ།)
 
བསམ་གཞིགས།
༡དྲི་ལྡན་གྱི་སྨན་དང་རྩི་ལས་བྱུང་བའི་སྨན་ལྷན་ཅིག་ཏུ་ཉར་ཚགས་བྱེད་ཆོག་གམ།རྒྱུ་མཚན་ཅི།
༢རས་སྣོད་དུ་བཞག་མི་ཆོག་པའི་སྨན་རིགས་གང་དག་ཡིན།
༣དེང་དུས་ཀྱི་ཆ་རྐྱེན་ལ་གཞིགས་ཏེ་སྨན་ཉར་ཚགས་བྱེད་ཐབས་དང་སྨན་སྣོད་ཀྱི་རྒྱུ་ཆ་གསར་བ་འགའ་བགྲང་ཐུབ་བམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号