ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྤྱི་དོན།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

སྤྱི་དོན།

འཇམ་མགོན་ས་སྐྱ་པཎྡ་ཏས།མཁས་གང་ཤེས་བྱའི་དེ་ཁོ་ན།།ཇི་བཞིན་རྟོགས་པ་ཡིན་པར་འདོད།།བྱེ་བྲག་སྦྱངས་པའི་དོན་ཤེས་པ།།དེ་ཡང་དེ་ལ་མཁས་པ་ཡིན།།དེ་ཡུལ་བརྡ་སྤྲོད་རྟོག་གེ་དང༌།།གསོ་བ་ཕྱི་ནང་རིག་ཅེས་གསུངས།།གཞན་ལས་གཞན་དག་རྣམས་བཤད་པ།།འདི་ཡི་ནང་དུ་འདུས་ཤེས་བྱ།།གསུངས་ཏེ།དེ་ཡང་མཁས་པ་ཞེས་བྱ་བ་ནི་གང་ཡིན་ཞེ་ན།ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་ཡིན་ལ།གཞན་ཡང་བྱེ་བྲག་ཏུ་གང་བསླབ་པ་ཤེས་པ་དེ་ལའང་དེ་ཉིད་ལ་མཁས་པ་ཞེས་བྱ་ཞིང༌།དེས་བསླབ་པར་བྱ་བའི་ཡུལ་ནི་རིག་པའི་གནས་ལྔ་སྟེ།བརྡ་སྤྲོད་པ་སྒྲ་དང༌།རྟོག་གེ་སྟེ་ཚད་མ་དང༌།ཕྱི་རོལ་རིག་པ་བཟོ་དང༌།ནང་རིག་ལུང་གི་ཆོས་དང༌།གསོ་བ་རིག་པ་སྨན་དཔྱད་རྣམས་ལ་བཤད་དོ།།དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པའི་གནས་ཐོབ་ལ་མངོན་པར་འདོད་པའི་བྱང་ཆུབ་སེམས་དཔས་ཤེས་བྱ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱང་དགོས་པས།དེའང་གང་གི་ཕྱིར་ཞེ་ན།རྒྱན་ལས།དེ་ལྟར་གཞན་དག་ཚར་བཅད་པ་དང་རྗེས་སུ་བཟུང་པའི་ཕྱིར །བདག་ཉིད་ཤེས་བྱའི་ཕྱིར་ན་དེ་ལ་དེར་བརྩོན་བྱེད།ཅེས་དང༌།དེའི་འགྲེལ་བཤད་ལས་ཀྱང༌།བྱེ་བྲག་ཏུ་རྒྱུ་རིག་པ་དང༌།སྒྲ་རིག་པ་ལ་བྱང་ཆུབ་སེམས་དཔས་བརྩོན་པར་བྱེད་དོ།།ཅིའི་ཕྱིར་ཞེ་ན།མུ་སྟེགས་རྒྱུ་རིག་པའི་གཙུག་ལག་ཤེས་པར་རློམ་པ་དང༌།སྒྲ་རིག་པའི་གཙུག་ལག་ཤེས་པར་རློམ་པ་དེ་དག་ཚར་གཅད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ།།གསོ་བ་རིག་པ་དང་བཟོའི་ལས་ཀྱི་གནས་རིག་པ་ལ་བྱང་ཆུབ་སེམས་དཔས་བརྩོན་པར་བྱེད་དོ།།ཅིའི་ཕྱིར་ཞེ་ན།ནད་ཀྱིས་བཏབ་པའི་ནད་ཞི་བར་འདོད་པ་རྣམས་དང༌།བཟོ་སློབ་པར་འདོད་ཅིང་ལོངས་སྤྱོད་འདོད་པ་རྣམས་རྗེས་སུ་བཟུང་ཞིང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད་དོ།།ནང་རིག་པ་ལ་བྱང་ཆུབ་སེམས་དཔའ་རྣམས་བརྩོན་པར་བྱེད་དོ།།ཅིའི་ཕྱིར་ཞེ་ན།བདག་ཉིད་འཕགས་པའི་ལམ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གང་ཡིན་པ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བའི་ཕྱིར་བརྩོན་པར་བྱེད་གོ།ཞེས་སོ།།
དང་པོ།བཟོ་རིག་པ།
 
བཟོ་རིག་པ་ནི།གཞན་དོན་ཁུར་དུ་ཁྱེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།གནས་སྐབས་སུ་ཕན་བདེ་འབྱུང་བའི་རྩ་ལག་ཏུ་གྱུར་བའི་བཟོའི་གནས་ཀྱི་རིག་པ་ལ་མཁས་པའི་གོ་སར་དབང་བ་དང༌།ཤ་ཐང་མེད་པར་ལོངས་སྤྱོད་ཀྱི་འབྱོར་བ་དང་ལྡན་པར་བྱ་བ་དང༌།འཇིག་རྟེན་པ་རྣམས་ཀྱིས་བཀུར་བར་བྱ་བ་དང༌།ལོངས་སྤྱོད་ཀྱི་སྒོ་ནས་གཞན་ལ་ཕན་གདགས་པར་བྱ་བ་དང༌།མཐར་ཐུག་ཐམས་ཅད་མཁྱེན་པའི་གཟུགས་ཀྱི་སྐུ་མཚན་བཟང་པོ་དང་དཔེ་བྱད་བཟང་པོས་བརྒྱན་པ་འགྲུབ་པའི་རྒྱུར་འགྱུར་བ་དང༌།དེ་ཉིད་མངོན་དུ་གྱུར་ནས་ཀྱང་དེ་བཞིན་གཤེགས་པའི་གཟུགས་དང་གཟུགས་བརྙན་ནས་སྤྲུལ་བ་ཐ་མའི་བར་གྱི་རྣམ་པར་སེམས་ཅན་ཀུན་གྱི་ཉེར་འཚོའི་གཞིར་འགྱུར་བའི་དགོས་པ་ཡོད་པས་ཡིད་ཡོངས་སུ་དྲངས་ནས་རིག་པའི་ཚུལ་འདི་ལ་འཇུག་པར་རིགས་ཏེ།རྒྱན་འགྲེལ་ལས།བཟོའི་གནས་ཀྱི་རིག་པ་བྱང་ཆུབ་སེམས་དཔའ་འཚོལ་བར་བྱེད་དོ།།ཅིའི་ཕྱིར་ཞེ་ན།ཚེགས་ཆུང་ངུས་ཤ་ཐང་མེད་པར་ལོངས་སྤྱོད་བསྒྲུབ་པར་བྱ་བ་དང༌།ལོངས་སྤྱོད་ལྡན་ཞིང་བཟོའི་གནས་ལ་མཁས་པས།འཇིག་རྟེན་པ་རྣམས་ཀྱིས་བཀུར་བར་བྱ་བ་དང༌།ལོངས་སྤྱོད་ཀྱི་སྒོ་ནས་འཇིག་རྟེན་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་འཚོལ་བར་བྱེད་དོ།།ཞེས་དང༌།བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་ལས།དེ་བས་ན་བཟོ་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་སྨན་པ་ཡིན་ཏེ་བཟོ་བོ་ནི་རིགས་དམན་པར་སྐྱེས་སུ་ཟིན་ཡང་རྒྱལ་པོ་རྣམས་དང༌།བློན་པོ་རྣམས་དང༌།བྲམ་ཟེ་དང༌།ཁྱིམ་བདག་རྣམས་ཀྱིས་གརྡོན་མི་ཟ་བར་བཀུར་རོ།སྣ་ཚོགས་ལས་ཅན་ལྷ་རྣམས་དང༌།མི་རྣམས་ཀྱིས་ཀྱང་ལེགས་པར་བཀུར།དེ་བཞིན་མ་རབས་བཟོ་བེའི་ཕྱིར།མི་དང་ལྷ་རྣམས་ཀྱིས་ཀྱང་བཀུར།གསུངས་པ་ལྟར་རོ།།
དེ་ལ་དབྱེ་ན་གཙོ་བོ་དང་ཕལ་བ་གཉིས་སོ།།དང་པོ་ལ་སྐུ་གསུང་ཐུགས་ཀྱི་རྟེན་གསུམ།ཞེས་རྒྱ་ཆེ་ཞིང་གཏིང་ཟབ་པ་རྣམས་རང་རང་གི་བསྟན་བཅོས་ལས་ཤེས་ལ་གསུང་རྟེན་གྱི་སྐབས་སྔོན་གྱི་དུས་སྐབས་ཀྱི་ཡིག་རིགས་དྲུག་ཅུ་རྩ་བཞི་བསྒྲངས་ལ།ད་ལྟའང་ཡིག་རིགས་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་རང་རང་གི་བྱེད་ནུས་ལ་བསྟེན་ནས།སོ་སོའི་བརྗོད་པར་འདོད་པའི་དོན་སྟོན་པར་བྱེད་པའི་བསྟན་བཅོས་རྣམས་ནི་ངག་བཟོའི་གནས་སུ་གཏོགས་སོ།།བཟོ་རིག་ཕལ་བ་ནི།བཟོ་སྦྱངས་བཅོ་བརྒྱད་དང༌།མདོ་སྡེ་རྣམས་སུ་སྒྱུ་རྩལ་གྱི་རིག་པ་དྲུག་ཅུ་རྩ་བཞི་དང༌།དེ་ཡང་བཟོ་གཏོགས་སུམ་ཅུ་དང༌།རོལ་མོའི་བྱེ་བྲག་བཅོ་བརྒྱད།གླུ་དབྱངས་ཀྱི་ངེས་པ་བདུན།གར་གྱི་ཉམས་དགུ་སོགས་དང༌།ཐང་རྫོང་གཞིག་པ་རྡོའི་འཕྲུལ་འཁོར།ཆུ་རྫོང་འཇོམས་པ་གྲུའི་འཕྲུལ་འཁོར།རི་རྫོང་འཇོམས་པ་མེའི་འཕྲུལ་འཁོར།རྩེ་མོ་འབྱེད་པ་རླུང་གི་འཕྲུལ་འཁོར།རྩིག་པ་འཇིག་པ་གུར་གྱི་འཕྲུལ་འཁོར།གོ་ཆ་འཇིག་པ་ལྕགས་མདའི་འཕྲུལ་འཁོར་རྣམས་དང༌།རང་ཕྱོགས་བསྲུང་བ་རལ་གྲིའི་འཕྲུལ་འཁོར།རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད།ལྟད་མོ་ལ་འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད།དགའ་སྟོན་གྱི་དོན་དུ་ཁྱོགས་ཀྱི་མཚན་ཉིད།ལྡུམ་ར་བཅུ་བའི་དོན་དུ་ཆུ་འདྲེན་པའི་འཕྲུལ་འཁོར་སོགས་བཟོ་རིག་གི་བསྟན་བཅོས་ཤིན་ཏུ་མང་པོ་ཡོད་པར་བཤད་དོ།།
 
གཉིས་པ།གསོ་བ་རིག་པ།
 
གཞན་རྗེས་སུ་འཛིན་པར་བྱེད་པ་རིག་པའི་གནས་གཉིས་པ།ཚེ་རིང་བ་དང་ནད་མེད་པའི་བདེ་བ་བསྒྲུབ་པར་བྱེད་པ་གསོ་བ་རིག་པ་ལ།དེ་ལ་འཇུག་པའི་དགོས་པ།དེ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན་བསྟན་པ་གཉིས།
 
༡གསོ་བ་རིག་པ་ལ་འཇུག་པའི་དགོས་པ།
དེ་ལ་འཇུག་པའི་དགོས་པ་ནི་གཏན་བདེའི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་སྐབས་སུ་བྲོ་ནད་རྣམ་པ་སྣ་ཚོགས་ཀྱིས་བཏབ་པའི་ལུས་ཅན་རྣམས་ཀྱི་ནད་ཀྱི་ཟུག་རྔུ་མཐའ་དག་སེལ་བར་བྱེད་པ་ལ་མཁས་པ་དང༌།དུས་མ་ཡིན་པའི་འཆི་བའི་སྡུག་བསྔལ་གྱི་འཇིགས་པ་ལས་སྐྱོབས་པའི་ནུས་པ་དང་ལྡན་པར་བྱས་ནས་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། རླུང་ལས་གྱུར་པ་དང༌།མཁྲིས་པ་ལས་གྱུར་པ་དང༌།བད་ཀན་ལས་གྱུར་པ་དང༌།འདུས་པ་ལས་གྱུར་པའི་ནད་དང༌།ནད་ཀྱི་གླེང་གཞི་དང༌།ནད་མེད་པར་བྱ་བ་དང༌།དེའི་ཐབས་ཀྱི་ཁྱད་པར་མང་པོ་ལ་མ་རྨོངས་པར་མཁས་པར་བྱས་ནས།གཞན་གྱི་དོན་རྗེས་སུ་བསྒྲུབ་པ་དང༌།མཐར་ཐུག་གི་སྨན་པ་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་གོ་འཕང་གི་རྒྱུར་འགྱུར་བ་དང༌།དེ་ཉིད་མངོན་དུ་གྱུར་ནས་ཀྱང་གདུལ་བྱར་གྱུར་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་འགྱུར་བའི་བདུད་རྩིའི་སྒོ་མོ་དེ་སྙེད་ཀྱི་གྲངས་དང་མཉམ་པར་ཕྱེ་བས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པའི་ཐབས་ལ་དབང་བརྙེས་པར་འགྱུར་བའི་དགོས་པ་ཡོད་པས་ཡིད་ཡོངས་སུ་དྲངས་ཏེ་ཚུལ་འདི་ལ་འཇུག་པར་རིགས་སོ།རྒྱན་འགྲེལ་ལས།གསོ་བ་རིག་པ་བྱང་ཆུབ་སེམས་དཔས་ཚོལ་བར་བྱེད་དོ།།ཅིའི་ཕྱིར་ཞེ་ན།ནད་དང་ནད་ཀྱི་གླེང་གཞི་དང༌།ནད་མེད་པ་དང༌།ནད་མེད་པའི་ཐབས་ཤེས་པར་བྱ་བ་དང༌།སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་པ་ཞི་བར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ་ཞེས་དང༌།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་ཀྱང༌།སེམས་ཅན་ཐམས་ཅད་བདེ་འདོད་ཕྱིར།རྩོམ་པ་ཀུན་ལ་འཇུག་པར་འདོད་ཅེས་དང༌།ཚེ་ནི་རིང་བར་འདོད་པ་ཡིས།།ཆོས་དང་ནོར་དང་བདེ་བ་བསྒྲུབ།།ཚེ་ཡི་རིག་བྱེད་ལུང་བཤད་པ།།རབ་ཏུ་གུས་པར་བྱ་བ་གྱིས།།ཞེས་བྱ་བ་ལ་སོགས་པའི་དགོས་པ་མང་དུ་ཡོད་པར་ཤེས་པར་བྱའོ།།
 
༢གསོ་བ་རིག་པ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན།
དགོས་པ་དེ་ལྡན་གྱི་གསོ་བ་རིག་པའི་གཞུང་གི་བསྟན་བཅོས་ནི་དེ་ཉིད་ལས།ཚངས་པས་ཚེ་ཡི་རིག་བྱེད་བསྟན།།སྐྱེ་དགུའི་བདག་ལ་བཤད་པ་ཡིན།།དེ་ཡིས་ཐ་སྐར་དེས་བརྒྱ་བྱིན།།དེས་རྒྱུན་ཤེས་སོགས་དྲང་སྲོང་ལའོ།།དེ་ཡིས་མེ་བཞིན་འཇུག་ལ་སོགས།།དེ་རྣམས་ཀྱིས་ནི་སོ་སོར་བྱས།།ཤིན་ཏུ་ཐོར་བ་དེ་རྣམས་ལས།།རབ་གཅེས་ཕལ་ཆེར་བཏུས་པ་ནི།།ཤིན་ཏུ་བསྡུས་མིན་རྒྱས་མིན་པར།།ཡན་ལག་བརྒྱད་པའི་སྙིང་པོ་བྱ།།ཞེས་འབྱུང་བ་ལྟར་ལྷ་དང་མིའི་དྲང་སྲོང་ལ་སོགས་པ་མཁས་པ་གང་དག་བྱུང་བ་རྣམས་ཀྱིས་མཛད་པའི་གཞུང་ལུགས་མང་དུ་བྱུང་བར་གྲགས་ཀྱང༌།གཞུང་དེ་དག་ཐམས་ཅད་ཀྱི་སྙིང་བོ་བསྡུས་ཏེ་རྒྱས་བསྡུས་འཚམ་པ་ལེགས་པར་བཤད་པ་ཀུན་གྱི་མཐར་ཐུག་པ་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་འདི་ཉིད་དེ།འདིའི་གཞུང་གི་ཚད་ནི་ཤོ་ལོ་ཀ་དགུ་སྟོང་དང་བཞི་བརྒྱ་ལྷག་ཙམ་ལ།བརྗོད་པར་བྱ་བའི་སྙིང་པོ་ནི་ཡན་ལག་བརྒྱད་དེ།ལུས་དང་བྱིས་པ་གདོན་ལུས་སྟོད།།མཚོན་དང་མཆེ་བ་རྒས་རོ་ཙ།།གསོ་དཔྱད་གང་ལ་གནས་གྱུར་པ།།ཡན་ལག་བརྒྱད་ཅེས་དེ་ལ་བརྗོད།།ཅེས་པ་སྟེ།དེ་ཡང་བརྗོད་ཚུལ་ནི།མདོ་གནས་ལུས་དང་ནད་གཞི་དང༌།།གསོ་གནས་ཆོ་ག་གྲུབ་ཕྱི་མ།།ཞེས་པ་ལྟར་གནས་དྲུག་ཏུ་བྱས་ནས།མདོ་གནས་ལེའུ་སུམ་ཅུ་དང༌།ལུས་གནས་ལེའུ་དྲུགགནས་ཀྱི་གཞིར་ལེའུ་བཅུ་དྲུགགསོ་བའི་གནས་ལེའུ་ཉི་ཤུ་རྩ་གཉིས།ཆོ་ག་གྲུབ་པ་ལེའུ་དྲུག་དང༌།ཕྱི་མའི་གནས་ལེའུ་བཞི་བཅུ་སྟེ་ཡོངས་སུ་བསྡོམས་པའི་ལེའུ་བརྒྱ་དང་ཉི་ཤུའོ།།
དེ་ལས་མདོ་གནས་དང་པོ་ཚེ་རིང་བའི་ལེའུས་ནི།ནད་གསུམ་གྱི་ངོ་བོ་དང༌།སྨན་དང་སྨན་པ།ནད་པ་དང་ནད་གཡོག་རྣམས་ཆོས་བཞི་ལྡན་ལ་སོགས་པ་སྤྱིའི་རྣམ་བཞག་དང༌།ལེའུ་རྣམས་ཀྱི་རྣམ་གྲངས་སྟོན་པས་རྩ་བའི་རྒྱུད་དང༌།དེ་ནས་གནས་ལྔ་བ་ཡན་ཆད་ཀྱིས་དེ་ཉིད་ཚང་བར་བཤད་པས་བཤད་པའི་རྒྱུད་དང༌།ཐ་མས་ཡན་ལག་ཕྱི་མ་རྣམས་སྟོན་པས་ཕྱི་མ་རྒྱུད་ཀྱི་ཚུལ་དུ་གནས་པ་སྟེ།དེ་ལྟར་ན་གཞུང་འདིས་བརྗོད་པར་བྱ་བ་ཐམས་ཅད་བརྒྱད་པོ་དེ་ཉིད་དུ་བསྡུས་ནས་སྟོན་པ་ལྟ་བུའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号