ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྤྱི་དོན།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
 
གསུམ་པ།བརྡ་སྤྲོད་རིག་པ།
 
ལོག་པར་རྟོག་པ་གཞན་ཚར་གཅོད་པར་བྱེད་པའི་རིག་པའི་གནས་གཉིས་ཀྱི་དང་པོ་ཚིག་གི་འགལ་འབྲེལ་གཅོད་པའི་རིག་པའི་གནས་གསུམ་པ་བརྡ་སྤྲོད་པའི་བསྟན་བཅོས་ལ།བརྡ་སྤྲོད་པའི་རིག་པ་ལ་འཇུག་པའི་དགོས་པ་དང༌།དེ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན་བསྟན་པའོ།།
 
༡བརྡ་སྤྲོད་པའི་རིག་པ་ལ་འཇུག་པའི་དགོས་པ།
གཏན་བདེའོ་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་སུ་བདག་ཉིད།ལེགས་པར་སྦྱར་བའི་སྐད་ལ་འབྱོངས་ནས་ཚིག་ཐམས་ཅད་ཀྱི་ངེས་པའི་ཚིག་ལ་མཁས་ཤིང་གཞན་གྱིས་བཀུར་བ་དང༌།མཁས་པར་རློམ་པ་གཞན་དག་ཚར་གཅད་པ་ལ་དབང་བ་དང༌།སྒྲ་གཅིག་ལ་ཡང་ངེས་པའི་ཚིག་མང་པོ་དགྲོལ་ཏེ་བཤད་པ་ལ་གཞན་གྱི་དྲིང་ལ་མི་འཇོག་པའི་མཁས་པར་གྱུར་ནས་སངས་རྒྱས་ཀྱི་ཆོས་ལ་བྱ་བ་བྱས་པའི་དམ་པ་དམ་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང༌།མཐར་ཐུག་ཆོས་སོ་སོ་ཡང་དག་པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པ་དང༌།ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌།སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ་རིག་པ་བཞི་པོ་དེ་ལ་སོགས་པ་ཡོན་ཏན་ཐམས་ཅད་ལ་མངའ་དབང་བརྙེས་པ་རྫོགས་པའི་སངས་རྒྱས་སྒྲ་སྒྲོགས་དབང་པོའི་རྒྱུ་འགྱུར་བ་དང༌།དེ་ཉིད་མངོན་དུ་བྱས་ནས་ཀྱང་གདུལ་བྱར་གྱུར་པའི་འགྲོ་བ་སྣ་ཚོགས་པར་རང་རང་གི་སྐད་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་ལ་དབང་དམ་པའི་ཕ་རོལ་ཏུ་སོན་པའི་དགོས་པ་ཡོད་པས་ཡིད་ཡོངས་སུ་དྲངས་ཏེ་རིག་པའི་ཚུལ་འདི་ལ་འཇུག་པར་རིགས་སོ།།དེ་སྐད་དུ་རྒྱན་འགྲེལ་ལས།སྒྲ་རིག་པ་བྱང་ཆུབ་སེམས་དཔས་འཚོལ་བར་བྱེད་དེ།བདག་ཉིད་སཾ་སྐྲྀ་ཏའི་སྐད་ལ་མཁས་པའི་སྒོ་ནས་བདག་ལ་མཁས་པ་གཞན་དག་ཡིད་ཆེས་པར་བྱ་བ་དང༌།སྒྲའི་གཙུག་ལག་ཤེས་པར་རློམ་པའི་མུ་སྟེགས་པ་དག་ཚར་གཅད་པར་བྱ་བ་དང༌།དོན་གཅིག་ལ་ངེས་པའི་ཚིག་མང་པོ་བསྟན་ཅིང་བཤད་པའི་ཆོས་ཀྱི་ཐ་སྙད་ལ་མཁས་པར་བྱ་བའི་ཕྱིར་འཚོལ་བར་བྱེད་དོ།།ཞེས་བྱ་བའི་དོན་ཏོ་ཞེས་དང༌།
གཞན་ཡང༌།མདོ་ལས་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲ་ལ་སློབ་པར་བྱེད་ཅེ་ན།སྒྲའི་ཚིག་ཡོངས་སུ་དག་པར་བྱ་བ་དང༌།ཡོངས་སུ་མ་དག་པའི་ཚིག་གི་དོན་གསལ་བར་སྟོན་ནུས་པ་དང༌།དོན་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དང༌།ཡང་དག་པའི་ཚིག་མི་ཉམས་པས་ང་རྒྱལ་གྱིས་མི་ཤིགས་པ་དང༌།ངན་པར་ལྟ་བ་ལས་ལྡོག་ཅིང་སེམས་ཅན་འདུལ་བའི་ཐབས་དང་མཁས་པས་ཤེས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་སྒྲ་རིག་པའི་བསྟན་བཅོས་ལ་སློབ་པར་བྱེད་དོ་ཞེས་དང༌།ཐོན་མི་ལོ་ཙཱས་ཀྱང༌།བསླབ་པ་ཀུན་གྱིས་གཞི་འཛིན་ཅིང༌།།རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གྲུབ་མཐའ་བྱེ་བྲག་སྨྲ་བ་དང༌།མདོ་སྡེ་བ་དང༌།སེམས་ཙམ་པ་དང༌།དབུ་མ་པ་སྟེ།གྲུབ་པའི་མཐའ་སྨྲ་བ་བཞིའམ།ཉན་ཐོས་དང༌།རང་སངས་རྒྱས་དང༌།བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཐམས་ཅད་ཀྱི་གཞི་འཛིན་ཅིང༌།རིག་བྱེད་ནི་ཕྱི་རོལ་བའི་ལུགས་ཀྱི་ངེས་བརྗོད་ལ་ལོག་པ་བཞི་སྟེ།དེའང་ཇི་སྐད་དུ།སྙན་ཚིག་མཆོད་སྦྱིན་སྲིད་སྲུང་དང༌།།ངེས་བརྗོད་རིག་བྱེད་རིག་བྱེད་བཞི།།ཞེས་བྱ་བའི་རིག་བྱེད་སྨྲ་བ་རྣམས་ཀྱང་འདི་ལ་མ་བསྟེན་པར་མི་འབྱུང་ཞིང་ཆོས་ཀྱི་དོན་རྟོགས་པར་བྱེད་པ་ལའང་ཐོག་མར་ཚིག་ལ་མཁས་པར་བྱ་དགོས་ཏེ།ས་སྐྱ་པཎྟི་ཏས་ཀྱང༌།ཚིག་ཀྱང་སྒྲིགས་ལེགས་མི་ཤེས་ན།།དོན་བཟང་སྨོས་ཀྱང་ཅི་ཞིག་དགོས།།ཞེས་དང༌།བརྡ་སྤྲོད་ཀྱི་གཞུང་འདི་ཁོ་ནར་མ་ཟད།རིག་པའི་གནས་ཐམས་ཅད་ལ་འཇུག་སྒོ་གཅིག་པུ་ཡང་འདི་ཉིད་ཡིན་ཏེ།ཇི་སྐད་དུ།གང་ཞིག་ཤེས་ན་མཁས་པའི་གནས་ཐོབ་ཅིང་མཐར་ཐུག་ཀུན་མཁྱེན་གོ་འཕང་བདེ་བླག་བགྲོད།གཞུང་ལུགས་ཀུན་ལ་ཐོག་མེད་འཇུག་པའི་སྒོ།།བརྡ་སྤྲོད་རིག་གནས་བསྟན་བཅོས་རྣམ་དབྱེ་བགྱི།།ཞེས་གསུངས་པ་ལ་སོགས་པ་རྒྱ་ཆེར་འབྱུང་བ་ཡིན་ནོ།
 
༢དེ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན།
དགེ་བ་དེ་ལྡན་གྱི་བརྡ་སྤྲོད་རིག་པའི་གཞུང་འདིས་བརྗོད་པར་བྱ་བ་ཅི་ཞིག་ཡིན་སྙམ་ན།དཔལ་ལྡན་བློ་གྲོས་བསྟན་པས།རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ།།བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན།།ཞེས་པ་སྟེ།གཞུང་གི་བརྗོད་བྱ་མ་ལུས་པ་མདོར་བསྡུས་ན།རང་བཞིན་དང༌།རྐྱེན་དང༌།རྣམ་འགྱུར་གསུམ་དུ་འདུ་ཞིང༌།རང་བཞིན་ལའང་བྱིངས་དང་མིང་གཉིས་ཏེ།དེ་སྐད་དུའང༌།རང་བཞིན་མིང་དང་བྱིངས་དེའང༌།ཞེས་སོ།།བྱིངས་དེ་ལའང་ནང་གསེས་ཀྱི་སྒོ་ནས་དབྱེ་ན།བཀླགས་མ་བཀླགས།གཉིས་ལྡན།མིང་རྐྱེན།གཉིས་ཀའི་བྱིངས་རྣམས་ཏེ་དྲུག་དང༌།བསྡུ་ན་ལས་བཅས་ལས་མེད་གཉིས་སུ་འདུའོ།།རང་བཞིན་གཉིས་པ་ནི་མིང་ངམ་རྟགས་ཏེ།དེ་ཡང་བྱིངས་ཀྱི་ཡི་གེ་གང་ལ་ཀྲྀ་ཏ་རྐྱེན་བྱིན་པས་བྱིངས་ཡིན་པའང་བོར། སན་ལ་སོགས་པ་མ་བྱིན་པས་རྐྱེན་གྱིས་བཅོས་པའི་བྱིངས་ཀྱང་མ་ཡིན་ལ།ཚིག་ཏུ་འགྲུབ་པར་བྱེད་པའི་རྣམ་དབྱེ་ཡང་མ་བྱིན་པ་སྟེ།ཀ་ལྭ་བའི་མདོ་ལས་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སོ།།ཞེས་འབྱུང་ངོ༌།།རྟགས་ལ་ཡང་དབྱངས་དང་གསལ་བྱེད་ཀྱི་མཐའ་ངེས་པ་ཅན་གྱི་སྒོ་ནས་དབྱེ་ན།སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་དང་མ་ནིང་གི་རྟགས་གསུམ་སྟེ།དེ་དག་གི་དབྱེ་བ་རྒྱས་པར་སྟོན་པའི་བསྟན་བཅོས་ནི་མཁས་པ་འཆི་མེད་སེང་གེས་མཛད་པའི་མིང་དང་རྟགས་རྗེས་སུ་བསྟན་པའི་མངོན་བརྗོད་ཀྱི་བསྟན་བཅོས་ཨ་མ་ར་ཀོ་ཥ་དང༌།དེའི་འགྲེལ་བ་འདོད་འཇོའི་བ་མོ་ལ་སོགས་ལྟ་བུའོ།།གཞན་ཡང་དེའི་བྱེ་བྲག་ཏུ་གྱུར་བའི་ཉེ་བར་བསྒྱུར་བ་རྣམས་ཀྱང་རང་བཞིན་གྱི་ཁོངས་སུ་བསྡུའོ།།
རྐྱེན་ནི་རང་བཞིན་དེ་ཉིད་རྣམ་འགྱུར་གཞན་དུ་སྒྲུབ་པར་བྱེད་པ་སྒྲའི་ཡན་ལག་སྟེ།དེའི་དབྱེ་བ་བྱིངས་ལས་མིང་དུ་སྒྲུབ་པར་བྱེད་པའི་བྱེད་ལྡན་གྱི་རྐྱེན་དང་མིང་ལས་མིང་གཞན་སྒྲུབ་པར་བྱེད་པ་དེ་ཕན་གྱི་རྐྱེན་ནོ།དེ་ལའང་སྤྱི་དང་གྲངས་མེད་དང༌། དངོས་པོའི་རྐྱེན་གསུམ་དུ་འགྱུར་རོ།།བྱིངས་ལས་ཚིག་ཏུ་སྒྲུབ་ཅིང་རྣམ་པར་འབྱེད་པར་བྱེད་པ་ཏིང་ངེ་དང༌།མིང་ལས་ཚིག་ཏུ་སྒྲུབ་ཅིང་དོན་རྣམ་པར་འབྱེད་པ་སུབ་དང༌།རང་བཞིན་དང་རྐྱེན་དག་གི་བར་དུ་གཞུག་པ་ཨ་ག་མ་དང༌།བྱིངས་གཞན་དུ་བསྒྱུར་བ་ཉེ་བར་བསྒྱུར་བ་རྣམས་སོ།།རྣམ་འགྱུར་ནི།དབང་ལོ་ཆེན་པོས།རང་བཞིན་རྐྱེན་དང་འགྲེལ་བ་དང༌།།ཡི་གེ་ཙམ་དང་འབྲེལ་བ་ཡི།། བསྒྱུར་དང་དབྱེ་བ་རྣམ་འགྱུར་ཏེ།།ཞེས་གསུངས་པ་ལྟར་སྒྲའི་ཡན་ལག་གི་ཡི་གེ་བསྒྱུར་དང་དབྱེ་བ་དང༌།བར་རྐྱེན་སྟེར་བ་དང༌།ཚིག་གི་བསྡུ་བ་བྱ་བ་རྣམས་སྟེ།དེ་དག་ཏུ་སྒྲའི་བརྗོད་བྱ་ཐམས་ཅད་བསྡུས་པའོ།།ཡང་ན་མཚམས་སྦྱོར་དང་མིང་དང་ཀུན་བཤད་དང་ཀྲྀ་ཏ་དང་བཞིས།མདོའི་རྩ་བ་སྟོན་ལ།བྱིངས་དང་ཉེ་བསྒྱུར་དང༌། ཨུ་ཎ་ལ་སོགས་པ་ཡན་ལག་སྟེ།དེ་དག་གི་འཆད་པ་ཀ་ལཱ་པ་ལྟ་བུའོ།ཡི་གེའི་ཚོགས་དང༌།མིང་གི་ཚོགས་དང༌།ཚིག་གི་ཚོགས་ཏེ་གསུམ་དུ་སྟོན་པ་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའོ།།
 
༣དེ་དག་དང་རྗེས་སུ་འབྲེལ་བའི་རིག་གནས་ཆུང་བ་ལྔ།
(སྡེབ་སྦྱོར།
དེ་དག་དང་རྗེས་སུ་འབྲེལ་བ་སྡེབ་སྦྱོར་གྱི་བསྟན་བཅོས་ནི།ཡི་གེ་ལྕི་ཡང་གི་བྱེ་བྲག་སྦྱོར་བའི་སྒོ་ནས་ཚིགས་སུ་བཅད་པའི་རིགས་རྣམས་རྒྱས་པར་སྟོན་པར་བྱེད་པ་སྟེ།ཚིགས་སུ་བཅད་པའང་ལུང་ལས་འབྱུང་བའི་ཚིགས་སུ་བཅད་པ་དང༌།བསྟན་བཅོས་ལས་བྱུང་བའི་ཚིགས་སུ་བཅད་པ་གཉིས་སོ།།དང་པོ་མངོན་པ་ཀུན་བཏུས་ལས།ཚིགས་སུ་བཅད་པ་རྐང་བ་གཉིས་པ་ནས་དྲུག་པའི་བར་དུ་ཡོད་པར་གསུངས་པ་་སོགས་དང༌།གཉིས་པ་ནི།སྙན་ངག་མེ་ལོང་དུ།ཚིགས་བཅད་རྐང་པ་བཞི་དེ་ཡང༌།།བྲི་ཏཱ་ཛཱ་ཏི་ཞེས་རྣམ་གཉིས།།དེ་ཡི་སྤྲོས་པ་མཐའ་དག་ནི།།སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན།།ཞེས་སོགས་གསུངས་པ་ལྟར་རིན་ཆེན་འབྱུང་གནས་ཀྱི་གཞུང་ལྟར་རོ།
 
( སྙན་ངག
སྙན་ངག་གི་བསྟན་བཅོས་ནི།ལུས་བཤད་པ།རྒྱན་བཤད་པ།སྐྱོན་སེལ་བ་བཤད་པ་སྟེ་གསུམ་གྱི། ལུས་ལ་ཚིགས་སུ་བཅད་པ་དང༌།ལྷུགས་པ་དང༌།སྤེལ་མ་གསུམ་མོ།།རྒྱན་ལ་ཐུན་མོང་མ་ཡིན་པའི་རྒྱན་གྱི་འདོད་པ་རྣམ་པར་དབྱེ་བ་དང༌།ཐུན་མོང་བ་དོན་རྒྱན་སོ་ལྔ་དང༌།སྒྲ་རྒྱན་བྱ་སླ་བྱ་དཀའ་བ་ལ་སོགས་པ་དང༌།གབ་ཚིག་གི་རྒྱན་དང༌།དེ་དག་གི་རྣམ་འགྱུར་རྣམས་སོ།།སྐྱོན་སེལ་བ་ནི།དོན་ཉམས་དོན་འགལ་དོན་གཅིག་པ།།ཐེ་ཚོམ་ཅན་དང་རིམ་པ་ཉམས།།སྒྲ་དམན་གཅོད་མཚམས་ཉམས་པ་དང༌།།སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ།།ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང༌།།ལུང་རིགས་དག་དང་འགལ་བ་སྟེ།།སྐྱོན་བཅུ་དེ་དག་སྙན་ངག་ལ།།སྙན་ངག་མཁན་གྱིས་རྣམ་པར་སྤང༌།།ཞེས་པའི་སྐྱོན་རྣམ་པ་བཅུ་སེལ་བ་ལ་སོགས་སྔོན་གྱི་སྙན་ངག་གི་གཞུང་རྣམས་ལས་ཕུལ་དུ་བྱུང་བ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་ཞེས་བྱ་བའི་བསྟན་བཅོས་ལ་སོགས་པ་ལྟོ་བུའོ།
 
() མངོན་བརྗོད།
མངོན་བརྗོད་ཀྱི་བསྟན་བཅོས་ནི།འདོད་འཇོའི་བ་མོར། མཐོ་རིས་མཁའ་དང་ཕྱོགས་དུས་བློ།།སྒྲ་སོགས་གར་དང་བཅས་པ་དང༌།།ས་འོག་གདེངས་ཅན་དམྱལ་བ་ཆུ།།དེ་རྣམས་ཀྱི་ནི་ཚིགས་བཅས་བཤད།།ཅེས་དང༌།ས་ཡི་སྡེ་ཚན་གྲོང་ཁྱེར་དང༌།།རི་བོ་དང་ནི་ནགས་ཚལ་དང༌།།རྗེའུ་དམངས་རིགས་ཡན་ལག་བཅས།།ཉེ་བའི་ཡན་ལག་བཅས་འདིར་བརྗོད།།ཅེས་སྡེ་ཚན་བདུན་དུ་བཅད་དེ།དེ་དག་གི་དོན་རེ་རེ་ལའང་མིང་གི་རྣམ་གྲངས་མང་པོ་འབྱུང་པ་སྟོན་པ་སྟེ།དེ་དག་སྟོན་པའི་བསྟན་བཅོས་ཨ་མ་ར་ཀོ་ཥ་དང༌།དེའི་འགྲེལ་བ་འདོད་འཇོའི་བ་མོ་དང༌།མུ་ཏིག་ཕྲེང་བ་ལ་སོགས་པ་ལྟོ༌དུའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号