ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྤྱི་དོན།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
(ཟློས་གར།
ཟློས་གར་གྱི་བསྟན་བཅོས་ནི།སྔོན་བྱུང་གི་གཏམ་ལྟ་བུའི་གཟུགས་སུ་བྱས་ཏེ་སྐད་རིགས་སོ་སོའི་རྗོད་བྱེད་རྣམས་ཉེ་བར་དྲངས་པའི་གླུ་ཟློས་ཤིང་གར་བྱེད་པ་ལ།ལུས་ཀྱི་རྣམ་འགྱུར་རྣམ་པ་སྣ་ཚོགས་དང༌།དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་དང༌།ལྷའི་རྗེས་སུ་སྐྱེས་པ་དང་དྲང་སྲོང་གི་རྗེས་སུ་སྐྱེས་པ་དང༌།བློ་གསལ་གྱི་རྗེས་སུ་སྐྱེས་པ་ལ་སོགས་པ་དང༌།འདྲེན་པ་དང༌།དཀྱུས་གཅིག་ཏུ་སྦྱར་བ་དང༌།དཀྱུས་གཉིས་པ་དང༌།ཕྱེད་ཕྱི་མ་ལ་སོགས་པའི་མཚན་ཉིད་རྣམས་དང་ལྡན་ཞིང༌།རྗོད་བྱེད་ཀྱི་ཚིག་ཕལ་ཆེར་སཾ་སྐྲྀ་ཏའི་སྐད་དང༌།བྲ་ཀྲྀ་ཏའི་སྐད་དང༌།ཨ་བ་བྷྲཾ་ཤའི་སྐད་དང༌།བི་ཤཱ་ཙིའི་སྐད་ཀྱིས་གླུར་ཚིགས་སུ་བཅད་པ་དང༌།ལྷུག་པ་དང༌།སྤེལ་མ་རྣམས་རོལ་མོ་དང་བསྡེབས་ནས་བསྒྱུར་བ་སྟེ།དེ་ཡང་ལྷ་དང་ཀླུ་དང་དྲི་ཟ་དང༌།ལྷ་མ་ཡིན་དང༌།ནམ་མཁའ་ལྡིང་དང༌།གནོད་སྦྱིན་དང༌།མི་དང་མི་མ་ཡིན་པ་རྣམས་ཀྱི་གར་དང་སྐད་རིགས་སོ་སོའི་ཀླུའི་ཁྱད་པར་རྣམ་པ་བདུན་ཏེ།ཇི་སྐད་དུ།རྩེད་མོ་རློམ་པར་བླང་བ་ནི།།ལྔ་བ་དང་ནི་བར་མའི་དབྱངས།།དཔའ་བོ་དྲག་པོ་ངོ་མཚར་དུ།།དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ།ས་འཛིན་པ་དང་འཁོར་སྙན་དབྱངས།།སྙིང་རྗེའི་རོ་ལ་བླང་བར་བྱ།།འཐབ་མོ་འཇིགས་དང་བཅས་པ་ལ།།བློ་གསལ་དབྱངས་ནི་བླང་བར་བྱ།།ཞེས་པ་ལྟར་སྟོན་པའི་གཞུང་ནི།བྷ་ར་ཏ་དང༌།རྒྱལ་པོ་སྤྲིན་གྱི་གཞོན་པས་ཀླུའི་སྲོག་བསྐྱབས་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དགའ་བའི་ལྷས་མཛད་པ་དང༌།གཙུག་གི་ནོར་བུ་བོར་བཏང་ནས་བྲམ་ཟེའི་དབུལ་བ་བསལ་བའི་ཕྱིར་རང་ཉིད་ཚོང་དུ་བཅུག་ནས་དགྲ་ལ་སྟེར་དུ་བཅུག་པས་ཐམས་ཅད་བཏུལ་བའི་སྐྱེས་རབས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཙནྡྲ་གོ་མིས་མཛད་པ་ལྟ་བུའོ།།
 
(སྐར་རྩིས།
སྐར་རྩིས་ཀྱི་རིག་པ་ནི།ཕྱི་ནང་གཞན་གསུམ་སྟོན་པ་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྩིས་ཀྱི་རིག་པ་སྟེ།ཨིངྒའི་གྲངས་ཀྱི་རི་མོ་འདྲི་བ་དང༌།དབྲི་བ་དང༌།བསྣན་པ་དང༌།བསྒྱུར་བ་དང༌།བགོ་བ་སྟེ་ཡི་གེ་ཡན་ལག་ལྔ་དང༌།གཟའ་ད་ང༌།ཚེས་དང༌།སྐར་མ་དང༌།སྦྱོར་བ་དང༌།བྱེད་པ་སྟེ་ཚོས་ཀྱི་ཡན་ལག་ལྔ་དང༌།གཟའ་ལྔ་དང༌།ཁྱིམ་དང༌།ལོངས་སྤྱོད་དང༌།སྒྲ་གཅན།དུས་མེ་དང༌།ཉི་ཟླ་འཛིན་པའི་རྩིས་དང༌།ཉི་ལྡོག་ལ་སོགས་པ་དང༌།དུས་སྦྱོར་དང༌།ཞག་གསུམ་གྱི་རྣམ་པར་དབྱེ་བ་དང༌།དེ་དག་གི་དགེ་དང་མི་དགེའི་འབྲས་བུ་ལ་བརྟག་པ་ལ་སོགས་པ་སྟེ།དེ་དག་སྟོན་པར་བྱེད་པའི་བསྟན་བཅོས་ནི་ཕྱི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་འགྲེལ་བ་རྣམས་ལས་བྱུང་བ་ལྟ་བུ་དང༌།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཐལ་བའི་དབང་པོའི་སྐུར་བཞེངས་ནས།ལྷ་མོ་ཨུ་མ་དང་ཞུ་བ་དང་ཞུ་ལེན་གྱི་ཚུལ་དུ་ཕྱི་རོལ་བའི་ལུགས་སུ་གསུངས་པའི་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ལྟ་བུའོ།།
 
བཞི་པ།གཏན་ཚིག་རིག་པ།
 
ལོག་པར་རྟོག་པ་ཚར་གཅོད་པར་བྱེད་པའི་རིག་པའི་གནས་དོན་གྱི་འགལ་འབྲེལ་གཅོད་པར་བྱེད་པའི་རིག་གནས་བཞི་བ་རྒྱུ་རིག་པའམ་རྟོག་གེ་རིག་པའམ་གཏན་ཚིག་རིག་པ་ལ།དེ་ལ་འཇུག་པའི་དགོས་པ་དང༌།དེ་སྟོན་པའི་བསྟན་བཅོས་གཉིས།དང་པོ་ནི།རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་སྐབས་སུ་རིགས་པ་དང་མི་རིགས་པར་སྨྲ་བ་ཐམས་ཅད་ཀྱི་དབྱེ་བ་རྣམ་པར་ཕྱེད་ཅིང༌།མུ་སྟེགས་པའི་འདོད་པའི་སྙིང་པོས་དབེན་པ་ལ་ཡང་དག་པ་ཉིད་དུ་མངོན་པར་ཞེན་ཅིང་འཇུག་པར་འདོད་པ་རྣམས་ཚད་གཅོད་པའི་ཕྱིར་དང༌།མུ་སྟེགས་ཅན་ལ་སོགས་པ་རྒྱུ་རིག་པ་ཤེས་པར་རློམ་པ་རྣམས་ཚར་གཅོད་པ་དང༌།བསྟན་པ་ལ་མི་དད་པ་རྣམས་དད་པར་བྱ་བ་དང༌།དད་པ་རྣམས་ཀྱི་དད་པ་དད་པའི་དབང་པོ་ཕྱིར་ཞིང་འཕེལ་བར་བྱ་བ་དང༌།དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི་མཚན་ཉིད་གཞན་དུ་མཆི་ན་དེ་དག་གི་འགལ་འབྲེལ་རྣམ་པར་དཔྱོད་པ་དང༌།མཐར་ཐུག་སྟོན་པ་ཚད་མར་གྱུར་བའི་གོ་འཕང་གི་རྒྱུར་འགྱུར་བ་དང༌།དེ་ཉིད་མངོན་དུ་བྱས་ནས་ཀྱང་ཚད་མར་གྱུར་བའི་ཆོས་ཀྱི་སྣང་བ་ཆེན་པོས་གདུལ་བྱར་གྱུར་པ་རྣམས་ཀྱི་མ་རྟོག་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲ་བ་མ་ལུས་པ་གཅོད་པར་བྱེད་པ་ལ་གཞན་དྲིང་མི་འཇོག་པར་འགྱུར་བའི་དགོས་པ་དམ་པས་ཡིད་ཉེ་བར་དྲངས་ཏེ་ཚུལ་འདི་ལ་འཇུག་པར་རིགས་སོ།།དེ་ལྟར་ཡང་རྒྱན་འགྲེལ་ལས།རྒྱུ་རིག་པ་བྱང་སེམས་ཀྱིས་འཚོལ་བར་བྱེད་དེ།འདི་ལྟར་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་དང༌།རྒྱུ་རིག་པའི་གཙུག་ལག་ཤེས་པར་རློམ་པའི་མུ་སྟེགས་པ་དག་ཚར་གཅོད་པ་དང༌།བསྟན་པ་འདི་ལ་མ་དད་པ་རྣམས་དད་པར་སྐྱེད་པ་དང༌།དད་པ་སྐྱེད་པ་རྣམས་ཀྱི་དད་པ་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ་ཞེས་དང༌།མདོ་ལས་ཀྱང༌།སེམས་ཅན་དད་པའི་སེམས་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་རིག་པའི་བསྟན་བཅོས་སློབ་པར་བྱེད་དོ་ཞེས་དང༌།ཚད་མ་ཀུན་ལས་བཏུས་པ་ལས།ཚད་མ་དང་གཞལ་བྱ་ཉེ་བར་བརྗོད་པ་ཉིད་ཀྱིས་མུ་སྟེགས་པའི་འདོད་པ་སྙིང་པོས་དབེན་པའི་ཕྱིར་དེར་ཞེན་པ་རྣམས་ལྡོག་པའི་དོན་དུ་འདི་བརྩམས་པ་ཡིན་གྱི།འདི་ཙམ་གྱི་དེ་བཞིན་གཤེགས་པའི་བསྟན་པ་གཞུག་པའི་དོན་དུ་ནི་མ་ཡིན་ཏེ།དེའི་ཆོས་ནི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ། ལྡོག་པ་ལ་ནི་སྟོན་པའི་ཆོས་ཉིད་ཐོས་ནས་འབད་པ་མེད་པར་རྟོགས་པར་འགྱུར་ཏེ།བར་དུ་མ་བསྐལ་བའི་ཕྱིར་རོ་ཞེས་དང༌།ཆོས་མངོན་པའི་མདོ་ལས།དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟགས་ལ་ང་ཡི་བཀའ།།བླང་བར་བྱ་ཡི་གུས་ཕྱིར་མིན།།ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ།
གཉིས་པ་ནི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་བཀའ་གང་ལས་བརྩམས་ཏེ་རིགས་པར་སྨྲ་བའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ལེགས་པར་བཀྲལ་བའི་བསྟན་བཅོས་ལ།མངོན་སུམ་དང༌།རང་དོན་རྗེས་དཔགགཞན་དོན་རྗེས་དཔགགཞན་སེལ་དཔེ་དང༌།རྟག་ཆོད་བརྟག་པ་སྟེ་དྲུག་ཏུ་བསྡུས་ནས་སྟོན་པ་ཚད་མའི་མདོ་ལྟ་བུའམ།དེའི་དགོངས་འགྲེལ་རབ་ཏུ་བྱེད་པ་སྡེ་བདུན་ལྟ་བུའམ།བརྟག་པ་སྡེ་བདུན་ནམ།གྲུབ་པ་སྡེ་བརྒྱད་དམ།རྗེས་འགྲེལ་བདུན་ལ་སོགས་པའོ།།
 
ལྔ་པ།ནང་དོན་རིག་པ།
 
རིག་པའི་གནས་ཐམས་ཅད་ཀྱི་གཙོ་བོའམ་ཕུལ་དུ་བྱུང་བ་ནི།འཕགས་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་རིག་པའི་གནས་ལྔ་བ་ཀུན་ཤེས་པར་བྱེད་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ནང་སྟོན་པའི་བསྟན་བཅོས་ལ།ནང་དོན་རིག་པ་ལ་འཇུག་པའི་དགོས་པ་དང༌།དེ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན་བསྟན་པའོ།།
 
༡ནང་དོན་རིག་པ་ལ་འཇུག་པའི་དགོས་པ།
རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་སྐབས་སུ་བདག་ཉིད་ཐེག་པ་གསུམ་དུ་གཏོགས་པའི་འཕགས་པའི་ལམ་ཐམས་ཅད་དང༌།དེ་དག་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་བྱས་ནས་ཐར་བ་དང༌།ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པའི་སྤང་བྱ་མ་ལུས་པ་སྤོང་པའི་གཉེན་པོ་ལཤིན་ཏུ་མཁས་པར་བྱ་བ་དང༌།གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལ་ཤིན་ཏུ་མཁས་པར་བྱ་བ་དང༌།མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཤིན་ཏུ་འདས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱ་བ་དང༌།གང་མངོན་དུ་གྱུར་ནས་ཀྱང་ཐེག་པ་གསུམ་གྱི་རིགས་སུ་གཏོགས་པའི་གདུལ་བྱ་རྣམས་སོ་སོའི་ཁམས་དང་བསམ་པ་བག་ལ་ཉལ་དང་རྗེས་སུ་འཚམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དབང་བསྙེས་པ་དམ་པའི་ཕ་རོལ་དུ་སོན་པར་བྱ་བའི་དགོས་པ་བླ་ན་མེད་པས་ཡིད་ཡོངས་སུ་དྲངས་ནས་ཚུལ་འདི་ལ་འཇུག་པར་རིགས་སོ།།དེ་ལྟར་ཡང་རྒྱན་འགྲེལ་ལས།ནང་རིག་པ་བྱང་ཆུབ་སེམས་དཔས་འཚོལ་བར་བྱེད་དོ།།ཅིའི་ཕྱིར་ཞེ་ན།བདག་ཉིད་འཕགས་པའི་ལམ་དང་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་ནས་ཉོན་མོངས་པ་སྤངས་པ་དང༌།བྱས་པ་ཆུད་ཟོས་པ་དང༌།མ་བྱས་པ་འོང་བ་མེད་པ་ཕྱིན་ཅི་མ་ལོག་པ་ཤེས་པར་བྱ་བ་དང༌།གཞན་ལའང་མངོན་པར་རྒྱ་ཆེར་བསྟན་པའི་ཕྱིར་འཚོལ་བར་བྱེད་དོ་ཞེས་དང༌།སྡུག་བསྔལ་དང་ནི་ཐམས་ཅད་དང༌།སྒྲིབ་པ་ཀུན་སེལ་དམ་པའི་ཆོས།།ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ།།
 
༢ནང་དོན་རིག་པ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན།
དེ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན་བསྟན་པ་ལ།མཚན་ཉིད་ཐེག་པའི་དགོངས་པ་འགྲེལ་བའི་བསྟན་བཅོས་དང༌།སྔགས་ཀྱི་ཐེག་པའི་དགོངས་པ་འགྲེལ་བའི་བསྟན་བཅོས་སོགས་བགྲང་གིས་མི་ལང་བ་རྣམས་བྲི་བར་མ་ནུས་ལ།འདིར་ཕུང་ཁམས་སྐྱེ་མཆེད་དང་རྟེན་འབྲེལ་ཏེ་བདེན་མཐོང་སྒོ་བཞི་ཞེས་པ་འདིའི་ཁུངས་ནི།བཀའ་འཁོར་དང་པོ་ལ།ལྟ་བའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་དང༌།སྤྱོད་པའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་གཉིས་ལས།དང་པོ་ལ་མངོན་པ་སྡེ་བདུན་དང༌།བདུན་པོ་དེ་དག་གི་དགོངས་པ་འགྲེལ་བྱེད་འཕགས་པ་ཉེར་སྦས་ཀྱི་སློབ་མ་ཟླ་བ་ནོར་བུ་ཞེས་བྱ་བ་ལ་སོགས་པའི་དགྲ་བཅོམ་པའི་དགེ་འདུན་ལྔ་བརྒྱས་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཆེན་པོ་ཞེས་བྱ་བའི་གཞུང་གི་ཚད་ཤློ་ཀ་འབུམ་ཕྲག་གཅིག་ཡོད་པ་ཞིག་མཛད་དོ།།ཕྱིས་སློབ་དཔོན་དེ་རྣམས་ལས་རིམ་པར་བརྒྱུད་དེ་སློབ་དཔོན་དབྱུག་གཉེན་གྱིས་གསན་ནས།བསྟན་བཅོས་ཐམས་ཅད་ཀྱི་བརྗོད་པར་བྱ་བའི་སྙིང་བོ་མ་ལུས་པ་བསྡུས་ནས།ཐེག་པ་དམན་པའི་ལུགས་སུ་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ་གནས་བརྒྱད་དང་ལྡན་པའི་བདག་ཉིད་ཅན་གྱི་བསྟན་བཅོས་ཆེན་པོ་མཛད་པ་དེ་དང་བཀའ་འཁོར་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལའང༌།ལྟ་བའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་དང༌།སྤྱོད་པའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་གཉིས་ལས།དང་པོ་ལ་རྗེ་བཙུན་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་ཞེས་པ་བྱམས་ཆོས་ལྔ་དང༌།ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་དང༌།སྡོམ་རྣམ་པ་གཉིས་ཏེ་བདུན་དང༌།དབྱུག་གཉེན་གྱིས་མཛད་པའི་པྲ་ཀཱ་ར་ཎ་སྡེ་བརྒྱད་དང་བཅས་པ་རྣམས་ལས་འདིར་སྡོམ་རྣམ་གཉིས་ཀྱི་ནང་ཚན་མངོན་པ་ཀུན་ལས་བཏུས་པ་འགྲེལ་བཤད་དང་བཅས་པའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号