ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྤྱི་དོན།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
དེ་ལྟར་བཅུ་ཕྲག་རིག་པའི་གནས་རྣམས་ཀྱི་ངོ་སྤྲོད་གནད་བསྡུས་ཞིག་བྱས་པའི་དགོས་པ་ནི།ལྷ་རྗེ་པནྟི་ཏ་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཞབས་ཀྱིས་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་དང་ལྡན་ཞིང་ལག་ལེན་ཀུན་ལ་ཐོགས་རྡུགས་མེད་པའི་སྨན་པ་མཚན་ཉིད་དང་ལྡན་པ་ཞིག་བྱེད་ན།རིག་པའི་གནས་ལྔ་ལ་སྦྱངས་གོམས་ཡོད་པ་ཞིག་དགོས་པ་གལ་དུ་ཆེ།ཅིའི་ཕྱིར་ཞེ་ན།སྒྲ་རིག་པར་མ་བསླབ་པའི་སྨན་པས་དོན་མི་རྟོགས་ཏེ་སྨན་གྱི་མིང་གཞུང་མ་དང་མན་ངག་གབ་པ་ཕལ་ཆེར་ལེགས་སྦྱར་འཕགས་པའི་ཡུལ་གྱི་སྐད་དུ་བསྒྱུར་པ་མང་བས་དེའི་སྒྲ་དོན་རྟོགས་པར་བྱེད་པ་ལ་སྒྲ་རིག་པ་དང༌།གསོ་བ་རིག་པ་ལ་མ་ཟད་ཆོས་ཐམས་ཅད་ལ་དོན་གྱི་ཆར་འཁྲུལ་བ་ཞུགས་པའི་གང་ཟག་ཕལ་མོ་ཆེས་ཀླན་ཀ་སྨྲ་བས་རིག་གནས་གང་རུང་སུན་འབྱིན་པར་བྱེད་པས་རྗེས་འཇུག་གདུལ་བྱ་རྣམས་ཐེ་ཚོམ་དུ་གྱུར་ཏེ་ལོག་པར་འཁྱམས་པ་དག་འབྱུང་བ་མང་བས།ལོག་སྨྲ་ཚར་གཅོད་པར་བྱེད་པ་ཚད་མ་རིག་པས་ལུང་དོན་གཏན་ལ་འབེབས་དགོས་པ།ལུས་བཟོ་ངག་བཟོ་ཡིད་བཟོ་གསུམ་གྱི་ཁོངས་སུ་མ་ཚུད་པའི་རིག་གནས་སྒྱུ་རྩལ་ལ་སོགས་པ་འགའ་ཡང་མ་མཆིས་པས་བཟོ་རིག་པའི་གནས་འདི་གཙོ་བོ་ཡིན་ཞིང༌།སྨན་པ་ལའང་རྣམ་པ་བཟོ་བ་སོགས་གོང་དུ་ལུང་ཚིག་ཀུན་ལས་བཤད་པ་ལྟར་མེད་དུ་མི་རུང་སྟེ།ཆ་བྱད་ཀྱི་བྱེ་བྲག་གསང་ཐིག་རྩ་པྲ་རྡེལ་འགྲེམ་སོགས་གང་ལའང་ལག་པ་བཞིན་མཁོ་བ་དང་རྒྱུད་ལས་ལག་པ་བཟོ་བས་སྨན་དཔྱད་བཟོ་ལ་མཁས་ཞེས་གསུངས་པ་ལྟར་རོ།
ཡི་གེ་འབྲི་ཀློག་ལ་ཐོགས་པ་མེད་པ་ཞིག་དགོས་གལ་ཆེ་ཕྱིར།རྒྱུ་ནི་འབྲི་ཀློག་མཐལ་རུ་ཕྱིན་པར་བསླབ།།ཆོད་དང་མི་ཆོད་དེ་ལ་བརྟན་པར་སྣང༌།།ཞེས་གསུངས་པ་ལྟར་སྨན་དཔེ་འབྲི་བ་དང་དེ་ཉམས་སུ་ལེན་པར་བཀླག་དགོས་སོ།།ཟབ་མོའི་ནང་དོན་རིག་པར་ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའམ།གསུང་རབ་ཡན་ལག་བཅུ་གཉིས།སྡེ་སྣོད་གསུམ།རྒྱུད་སྡེ་བཞིས་བསྡུས་པའི་བརྗོད་བྱ་མདོ་དང་སྔགས་གསར་རྙིང་གི་ལམ་ལ་ཚུལ་བཞིན་དུ་ཞུགས་ནས་རང་བཞིན་གྱི་དོན་བསྒྲུབ་དགོས་པར་མ་ཟད།གསོ་བ་རིག་པའི་སྐབས་སྨན་བསྒྲུབ།སྨན་གྱི་རབ་གནས།རྩ་ཆུའི་པྲ་བསྒྲུབ།ཡི་དམ་གྱི་ལས་བསྙེན་རྫས་བསྲུང་འཁོར་ལོའི་བྱིན་འབེབས།བགེགས་བསྐྲོད་སོགས་རྣམ་པ་དུ་མའི་ཕྱོགས་ནས་བསྐྱེད་རྫོགས་ཕྲིན་ལས་ཀྱི་རིམ་པོ་ལ་མངའ་དབང་འབྱོར་བའི་ནང་དོན་རིག་པ་གནད་དུ་ཆེའོ།།
གསོ་བ་རིག་པས་མཚོན་པའི་འཆད་རྩོད་རྩོམ་པ་སོགས་རང་གི་བྱེད་པ་དང་ཕ་རོལ་ནས་བྱུང་བ་སོགས་ཉམས་དང་འགྱུར་བ་སྟོང་གིས་སྒེག་པའི་ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེད་ན་ཚིག་མི་བཙུན་ཞིང༌།གོང་མའི་མན་ངག་གི་བསྟན་བཅོས་ཀྱི་དོན་མི་གོ་ལ།གཞན་ཕ་རོལ་གྱི་དྲི་ཚིག་བརྒལ་བརྟག་སོགས་ཀྱི་གནད་མི་གོ་ཞིང་ལན་མི་འཕྲོད་པས།སྙན་ངག་གི་བསྟན་བཅོས་བསླབ་པ་གནད་དུ་ཆེའོ།།མངོན་བརྗོད་ཀྱི་བསྟན་བཅོས་ནི་འཆད་རྩོད་རྩོམ་པ་ལ་ཉེ་བར་མཁོ་བ་མ་ཟད།གསོ་བ་རིག་པའི་བཀའ་བསྟན་དག་མངོན་བརྗོད་ཀྱིས་བཅིངས་པ་ཤིན་ཏུ་མང་པས་དེའི་དོན་བདེ་བླག་ཏུ་དགྲོལ་བའི་ཕྱིར་མངོན་བརྗོད་ལ་མི་བསླབ་ཐབས་མེད་པ་ཞིག་གོ།གསོ་བ་རིག་པར་མཁས་པའི་གོ་འཕང་ཐོབ་ནས་མ་འོངས་རྗེས་འཇུག་གི་དོན་སོགས་ལ་དམིགས་ནས་བསྟན་བཅོས་གཞན་དང༌།གསོ་བྱེད་ཀྱི་བསྟན་བཅོས་ཅུང་ཟད་ཅིག་བྱེད་ནའང་ཚིག་རྐང་གཅོད་མཚམས་བྱེད་པའི་ཕྱིར་སྡེབ་སྦྱོར་གྱི་བསྟན་བཅོས་ཀྱང་བསླབ་པའི་གནས་སོ།།རྒྱུད་ཕལ་ཆེར་ལ་སྐད་རིགས་སྣ་ཚོགས་དང་བརྡ་གསར་རྙིང་ཇི་སྙེད་ཅིག་བྱུང་བ་འདི་དག་གི་དོན་གོ་བར་བྱེད་པ་ལ་བརྡ་སྤྲོད་དང་ཟློས་གར་གྱི་བསྟན་བཅོས་ལ་སྦྱངས་པ་གནད་ཀྱི་དམ་པར་གོ་བར་བྱའོ།།
ཡང་གསོ་བ་རིག་པའི་སྐབས་སུ་སྐར་མའི་དཔྱད་གཙོ་བོར་བཤད་པས་སྐར་རྩིས་ཀྱི་གཟའ་སྐར་འཕྲོད་སྦྱོར་སོགས་ནི་སྨན་གང་ཡང་འཐུང་བ་དང༌།སྦྱོར་བ་དང༌།བསྒྲུབ་པ་དང༌།གཏོང་བ་དང༌།གཏར་བསྲེགས་སོགས་ལ་བླ་གནས་སྒྲ་གཅན་གཟའ་འཛིན་བཥྟི་ཐུན་ཕྱེད་ཀྱི་ཕྱོགས་དུས་ཚེས་གྲངས་ངེས་པ་ཤེས་པས་དགེ་ཞིང་ནུས་པ་སྟོབས་ཅན་དུ་འགྱུར་ལ།དེ་དག་མ་རྟོགས་པས་ངན་པ་དང་འཕྲད་ན་མི་ཤིས་པའི་འབྲས་བུ་འཕྲལདུ་སྟོན་པས་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་རི་མོ་མི་ཤེས་ཐབས་མེད་དོ།
རྒྱ་ནག་ཡུལ་ནས་དར་བའི་ནག་རྩིས་སུ་གྲགས་པས་རྩའི་སྒོ་ནས་དུས་བཞི་ཁམས་ལྔ་མ་བུ་དགྲ་གྲོགས།ཆུའི་སྒོ་ནས་རུས་སྦལ་ལ་བསྟེན་པ་སོགས་གཞུང་འདི་ཉིད་ལ་གཙོ་ཆེ་བར་མ་ཟད།ལས་རྩིས་ལ་སོགས་པ་ནས་ཚེ་ཚད་འཚོ་འཚི་ཡང་གསོ་བ་རིག་པ་ལ་མ་ལྟོས་པ་དང༌།ལོ་ཟླ་ཞག་དུས་ཀྱི་དཔྱད་ལ་སོགས་རུང་མི་རུང་སྨན་གྱི་སྦྱོར་བ་ཉམས་སུ་ལེན་པ་སོགས་ཀྱི་དུས་དང་ཕྱོགས་ས་བདག་ལ་བསྟེན་ནས་དགེ་མི་དགེ་རྟོགས་པ་དང༌།ཁྱད་པར་ནད་དང་དུས་རྩིས་ཁོ་ནས་འཚོ་འཆི་དང་གདོན་གང་གནོད་རིམ་གྲོ་འབོགས་པ་སོགས་ལ་འོལ་ཚོད་དང༌།མོ་ཕྱྭ་ལྷ་འདྲེ་སོགས་ལ་མ་ལྟོས་པར་ཤེས་པས་གསོ་རིག་འདི་དང་ཤིན་ཏུ་འབྲེལ་ཆེ་བས་མེད་ཐབས་མེད་པ་ལྟ་བུ་དང༌།གཡུལ་རྒྱལ་ལམ་དབྱངས་འཆར་གྱི་བསྟན་བཅོས་ནི།སྨན་དཔྱད་འཁོར་ལོ་དང༌།བདུད་རྩི་ཐུན་མཚམས་ཟླ་རྙིང་སོགས་ལ་བསྟེན་ཏེ་སྨན་དཔྱད་ཐ་དག་བདུད་རྩིར་གྱུར་བའི་དུས་ངེས་པ་ཤེས་དགོས་པས་སོ།།
རིགས་ལྡན་ཕྱི་ནང་གསང་གསུམ་མ་ཤེས་ན་སྨན་དཔྱད་གང་ཡང་དུག་ཏུ་འགྱུར་བ་སོགས་ཀྱི་ཉེས་དམིགས་ཆེ་ཞིང༌།འབྱུང་ལྔའི་རླུང་འཕོ་ཆུང་འབྱུང་འཇུག་དང་ཚེའི་ཆ་ཤས་ཀྱི་རྩིས་སོགས་གསོ་དཔྱད་ཁོ་ན་མ་ཡིན་པའི་འཚོ་འཆིའི་ཁ་དམར་སོགས་གསོ་བ་རིག་པ་ལ་མཁོ་བའི་ཡན་ལག་ཤིན་ཏུ་མང་པས་བསླབ་པ་གལ་ཆེ་བ་བཅས།དེ་ལྟར་རིག་གནས་ཀྱི་ཡན་ལག་ཀུན་ཚང་བའི་མཚན་ཉིད་དང་ལྡན་པ་རྣམས་ནི་རྒྱལ་བའི་སྲས་ཀྱི་ཐུ་བོ་ཡིན་ཕྱིར་དེ་རྣམས་ཀྱི་རྣམ་པར་ཐར་བའི་རྟོགས་པ་བསྔགས་འོས་སུ་གོ་ནས་འདི་ལྟར་ཆོས་འབྱུང་གི་བསྟན་བཅོས་སུ་བྲིས་པ་ཡིན།ཞེས་གསུངས་པའི་དོན་ལྟར་རོ།
འདི་ཡན་ནི་ཟུར་བཀོད་ལྟ་བུ་ཡིན་ནོ།
བསླབ་དེབ་འདིའི་བརྗོད་བྱ་ནི་གང་སྨྲོས་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་ཏེ་བདེན་མཐོང་སྒོ་བཞི་ཞེས་གྲགས་པ་སྟེ་འདི་དག་ནི།བོད་ཀྱི་རིག་གཞུང་མཐའ་དག་གི་གཞི་རྩའི་ཤེས་བྱ་ཡིན་ཏེ།མི་ཕམ་ཞབས་ཀྱི་སྡོམ་བྱང་དུ།འདུས་བྱས་ཆོས་ཀུན་ཕུང་པོ་ལྔ།།འདུས་ཕྱིར་དེ་དག་གཏམ་གཞི་དང༌།།རྒྱུ་བཅས་འཇིག་རྟེན་ལྟ་གནས་དང༌།།སྲིད་པ་དག་ཏུའང་བརྗོད་པ་ཡིན།།ཞེས་དང༌།དེ་ལྟར་ཁམས་ནི་བཅོ་བརྒྱད་དུ།།ཤེས་བྱའི་ཆོས་ཀུན་འདུས་པས་ན།།དེ་དག་ཟག་བཅས་ཟག་མེད་སོགས།།དབྱེ་བའི་རྣམ་གྲངས་ཤེས་བར་བྱ།།ཞེས་དང༌།མིག་དང་གཟུགས་ནས་ཡིད་ཆོས་བར།སྐྱེ་མཆེད་ཅེས་པའི་མིང་སྦྱར་རོ།རྣམ་ཤེས་ཁམས་བདུན་ཡིད་དུ་བསྡུས།།ཡིད་ནི་ཀུན་གྱི་ཡུལ་ཅན་ཏེ།།རྟོག་བཅས་ཡིད་ཀྱིས་ཆོས་རྣམས་ལ།།རྫས་བཏགས་སྣང་སེལ་འགལ་འགྲེལ་དང༌།།ཡུལ་དང་ཡུལ་ཅན་ལ་སོགས་པའི།།ཐ་སྙད་སྣ་ཚོགས་བྱས་པ་ཡིས།།ཤེས་བྱའི་དོན་ལ་རྨོངས་མི་འགྱུར།ཞེས་དང༌།དེ་ལྟར་རྟེན་འབྲེལ་དོན་རྟོགས་ན།།རྟག་མིན་ཆད་མིན་འཕོས་པའང་མིན།།རྒྱུ་ཆུང་ན་འང་འབྲས་བུ་ཆེ།།རྒྱུ་འབྲས་རྒྱུ་མཐུན་ཉིད་དུ་ཤེས།།ཆོས་ཀུན་རྒྱུ་མེད་མ་ཡིན་ལ།།རྒྱུ་མེད་གཞན་ལས་མ་བྱུང་སྟེ།།རྟེན་འབྲེལ་དབང་གིས་སྣང་བས་ན།།ཞེས་སོགས་གསུངས་པའི་ཕྱིར་ན།ཁ་བ་རི་བོའི་རིག་གཞུང་རྒྱ་མཚོ་ལ་སློབ་པར་འདོད་པེ་རྣམས་ཀྱི་མེད་དུ་མི་རུང་བའི་འཇུག་སྒོ་དང་པོའོ།།
 
                                                                                 (རྟ་མགྲིན་རྒྱལ།)
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号