ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྤྱང་གྲུང་ལྡན་པའི་གཞོན་ནུ་དོན་གྲུབ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། རྒྱལ་ཁབ་ཅིག་གེ་གོང་མ་རྒྱལ་པོ་ཚང་ལ་ཇ་མ་གཡོག་མོ་ཞིག་ཡོད་ཅིང༌། གཡོག་མོ་དེ་ལ་བུ་གསུམ་ཡོད་པའི་བུ་ཐ་ཆུང་མིང་ལ་གཞོན་ནུ་དོན་གྲུབ་ཟེར།
      གཞོན་ནུ་དོན་གྲུབ་ཆུང་དུས་མིང་ལ་བུ་ཆོག་ཟེར །ཨ་མས་བསྟུད་མུར་བུ་གསུམ་སྐྱེས་པས། བུ་མང་ན་ཁ་མི་སོས་པར་སྐྲག་ནས་ཁོའི་མིང་ལ་དེ་ལྟར་བཏགས་ཏེ། ཁོའི་རྗེས་སུ་བུ་ཕྲུག་མི་སྐྱེ་བའི་རེ་བ་བྱས། ཨ་མའི་རེ་བ་ལྟར་ཁོའི་རྗེས་སུ་ཨ་མ་ལ་བུ་ཕྲུག་མ་སྐྱེས་ཕྱིར། ཁོ་ནི་ཕ་མ་གཉིས་ཀའི་བུ་ཕྲུག་འདང་ཅན་དུ་གྱུར་ཞིང༌། ཆུང་དུས་ནས་བཟུང་བློ་རིག་རྣོ་ཞིང་སྤྱང་གྲུང་ལྡན་ལ། དཔའ་སྟོབས་འཛོམས་པས། ཕུ་བོ་གཉིས་དང་ཐ་ན་ཐག་ཉེ་རིང་ཀུན་གྱི་གཞོན་ནུའི་ཁྲོད། རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཇི་བཞིན་ཀུན་གྱི་གཙུག་གི་ནོར་བུ་ལྟ་བུར་བཀུར།
      ཉིན་ཞིག་ལ། མཚན་མོའི་རྨི་ལམ་དུ་ཁོས་ས་གཞི་སྟན་དུ་བཏིངས་ཤིང༌། ནམ་མཁའ་ཉལ་གོས་ཚུལ་གྱིས་བཀབ་འདུག་པ་རྨིས། ནངས་མོ་ཨ་མར་དེ་ལྟར་སྨོས་པ་ཁོ་ཚང་ན་གནས་ཚང་གཡར་ནས་འདུག་པའི་ཆོས་པ་རྒྱལ་ཁམས་འགྲིམ་མཁན་ཞིག་ཡོད་པས་ཐོས་ཏེ་ན་རེ། ལེགས་སོ། །གཞོན་ནུ་བསོད་ནམས་ཅན་ཞིག་འདུག་གོ །དོན་འདི་གཞན་སུ་ལའང་མ་བཤད། བདག་གིས་ཁྱོད་ལ་མིང་ཞིག་འདོགས་ཟེར་ནས། ཁོའི་མིང་ལ་གཞོན་ནུ་དོན་གྲུབ་ཅེས་བཏགས།
      གཞོན་ནུ་དོན་གྲུབ་ཀྱི་ཨ་མས་བུ་ཡི་རྨི་ལམ་དང་ཆོས་པའི་སྐད་ཆ་ཡིད་ལ་དྲན་ནས་སེམས་ཀྱི་དགའ་བ་གནོན་མ་ཐུབ་པར་ཁ་ལག་པས་་ཟུམ་ནས་དགོད་ཀྱིན་དགོད་ཀྱིན་འོངས། ཁོ་མོས་ནམ་རྒྱུན་སྙིང་གཏམ་བཤད་སའི་གྲོགས་མོ་ཞིག་གིས་ཅི་བྱུང་ཞེས་དྲིས་པ་ན། གཞོན་ནུ་དོན་གྲུབ་ཀྱི་ཨ་མས་གསང་མ་ཚུགས་པར་གྲོགས་མོ་དེ་ལ་ཁྱོད་ཀྱིས་གཞན་ལ་གཏན་ནས་བཤད་མི་ཉན་ཞེས་བཅོལ་གདམས་བྱེད་ཀྱིན་མགོ་ནས་མཇུག་བར་ཞིབ་ཏུ་སྨོས། ཨ་མའི་གྲོགས་མོས་ཀྱང་མོའི་སྙིང་གཏམ་བཤད་སའི་གྲོགས་མོ་ཞིག་ལ་གཞན་ལ་མ་བཤད་ཅེས་བཅོལ་གདམས་བྱས་ནས་ཞིབ་ཏུ་སྨོས། དེ་ལྟར་གཞན་ལ་བཤད་མི་ཉན་པའི་གཏམ་དེ་གཞན་གྱི་ཁ་བརྒྱུད་ནས་རྒྱལ་པོའི་སྙན་དུ་ལྷུང་སོང༌།
      རྒྱལ་པོས་དང་ཐོག་དོན་དེ་ཅིར་མི་སྣང་བར་སྐྱུར་མོད། བློན་ཆེན་ཞིག་གིས་ཀུན་གྱི་ཕག་ཏུ་ཁོང་ལ། རྒྱལ་པོ་རིན་པོ་ཆེ། གནམ་ས་གཉིས་ཀ་ཉལ་རྒོས་ཚུལ་གྱིས་བཀབ་པའི་རྨི་ལམ་འདི་ལྟ་བུ་རྒྱལ་པོ་ཁྱེད་ཉིད་ཀྱིས་མ་གཏོགས་རྨི་ཐུབ་བམ། གནམ་ས་གཉིས་ཀས་རྒྱལ་པོའི་རྒྱལ་ས་མཚོན་པ་མ་ཡིན་ནམ། གོ་ཐོས་ལྟར་ན་ཇ་མ་གཡོག་མོའི་བུ་དེ་ཤིན་ཏུ་བློ་རིག་འཛོམས་ཤིང་དཔའ་སྟོབས་ཅན་ཞིག་རེད་ཟེར། དེ་རྗེས་ཕྱོགས་རྒྱལ་པོ་ཁྱེད་ཀྱི་རྒྱལ་སའི་དགྲ་རུ་མི་འགྱུར་བའི་དེས་པ་མེད།དེའི་ཕྱིར། ད་ལྟ་ཉིད་ནས་གཞོན་ནུ་དེ་ཐབས་ཀྱིས་བཏུལ་ན་ལེགས་ཞེས་སྨོས།
      དེ་ནས་རྒྱལ་པོ་ཞག་གང་བོར་གཉིད་མ་ཁུགས། ཕྱི་ཉིན་རྒྱལ་པོས་བློན་པོ་དེ་གམ་དུ་བོས་ནས་གཞོན་ནུ་དོན་གྲུབ་འདུལ་པའི་ཐབས་ལ་གྲོས་བྱས།
      ཉིན་འགའི་རྗེས་སུ། རྒྱལ་པོས་ཇ་མ་གཡོག་མོའི་བུ་ཕོ་བྲང་དུ་འོང་དགོས་པའི་བཀའ་བབས། གཞོན་ནུ་དོན་གྲུབ་རྒྱལ་པོའི་སྐུ་མདུན་དུ་སླེབ་པ་ན། རྒྱལ་པོས་བློན་པོའི་སྐད་ཆར་གཏིང་ནས་ཡིད་ཆེས། རྒྱུ་མཚན་ནི་གཡོག་མོའི་བུ་གཞོན་ནུ་དོན་གྲུབ་དེ་ཉིད་ལོ་ན་ཕྲ་ཡང་དོན་ལ་མི་རྨོངས་ཤིང་རྒྱལ་པོའི་སྐུ་མདུན་ནས་ཀྱང་དཔའ་མི་ཞུམ་ལ་དྲིས་པའི་ལན་གྱི་ཚིག་མི་ནོར་པས། སྐྱེ་བོ་གཞན་དང་མི་མཚུངས་པའི་གཟི་ཉམས་ཞིག་རང་ཤུགས་སུ་མངོན་བྱུང༌། དེ་ནས་རྒྱལ་པོའི་སེམས་ལ། བློན་པོའི་སྐད་ཆ་མ་ནོར་བར་འདུག གཞོན་ནུ་འདི་སྤྱིར་བཏང་བ་ཞིག་གཏན་ནས་མ་རེད། འདིས་མ་འོངས་པ་ན་ང་ཡི་རྒྱལ་ས་འཕྲོག་སྲིད། ད་ལྟ་ཉིད་ནས་ཅིས་ཀྱང་ཐབས་ཀྱིས་གསོད་དགོས་སྙམ།
      དེར་རྒྱལ་པོ་ན་རེ། ཡ། གཞོན་ནུ་དོན་གྲུབ་ལགས། བདག་གི་གོ་ཐོས་ལྟར་ན་ཁྱོད་རང་ཤིན་ཏུ་བློ་རིག་ཅན་ཞིག་རེད་ཟེར། གལ་ཏེ་དོན་དམ་པས་དེ་ལྟར་ཡིན་ཚེ། ཁྱོད་ཀྱིས་བདག་ལ་དོན་དག་ཅིག་སྒྲུབས་དང༌། དོན་དག་འགྲུབ་རྗེས། བདག་གིས་སྲས་མོ་ཁྱོད་ལ་བག་མར་གནང་བར་མ་ཟད། ད་དུང་བདག་གི་རྒྱལ་སའང་ཁྱོད་ལ་སྦྱིན།
      འདི་ནས་བྱང་དུ་རྒྱང་གྲགས་གཅིག་གི་ས་ན་ནགས་ཚལ་ཆེན་མོ་མཐའ་མི་དཔོག་པ་ཞིག་ཡོད་ཅིང་དེའི་ནང་ན་གདོན་གྱི་མི་བོ་ཆེ་རི་རབ་འདྲ་བ་གཉིས་བསྡད་འདུག་པས་ལོ་རེར་བདག་གིས་མི་སྟོང་དང་རྟ་སྟོང༌། ལུག་སྟོང་གཟན་ལ་སྦྱིན་དགོས། དེ་ལྟར་མ་བསྒྲུབ་ཚེ། གདོན་གྱི་མི་བོ་ཆེ་དེ་གཉིས་ཀྱིས་རྐང་པ་བརྡབ་པ་ཙམ་གྱིས་ས་གཡོས་ཤིང་ཆུ་བྲུབ་ནས་བདག་གི་རྒྱལ་ཁམས་མི་ཤི་རྟ་འགྱེལ་དུ་བཏང་ནས་མིང་ཙམ་ལས་མི་སྐྱུར། ཁྱོད་ཀྱིས་དེ་གཉིས་སོད་ཅིག དེ་གཉིས་ཀྱི་སྐེ་ན་འདས་མ་འོངས་ད་ལྟའི་ཅི་བྱུང་མཐོང་ཞིང་གདོན་བགེགས་གནོན་པའི་རིན་ཆེན་འཕྲུལ་གྱི་མེ་ལོང་ཡོད་པ་ལོངས་ཤོག་གསུངས།
      གཞོན་ནུ་དོན་གྲུབ་ཀྱིས་ལེགས་སོ། །བཀའ་བརྩིའོ། །ཟེར་ནས་ཕྱིར་ལོག་སོང༌།
      རྒྱལ་པོའི་སེམས་ལ་ད་ཐེངས་བདག་གིས་ལྟད་མོ་ཞིག་བལྟ་ཡ། ད་ནི་ཁྱོད་ཅི་འདྲའི་དཔའ་སྟོབས་ཆེ་རུང་མི་བོ་ཆེའི་གཟན་དུ་འགྱུར་བ་་ལས། ཕྱིར་འོང་ཞིག་ག་ལ་ཡོད་སྙམ།
གཞོན་ནུ་དོན་གྲུབ་ཀྱི་སེམས་ལ། སོང་ན་ནི་མི་བོ་ཆེའི་ཁ་ནས་མི་ཐར། མ་སོང་ན་ནི་རྒྱལ་པོའི་བཀའ་ལས་སྲོག་འཆོར། དེ་མིན་མ་སོང་ན་རྒྱལ་པོའི་བཀའ་མི་བརྩི་བ་དང་སྐྲག་ཤོར་སྡར་མ་ཞེས་ཀུན་གྱི་འཕྱ་སྨོད་བྱ་ཡུལ་དུ་འགྱུར་བ་ཁོ་ན་ལས་མ་འདས་པས། གང་ལྟར་འཆི་བ་འདྲ་བ་ལ། གདོན་གྱི་མི་བོ་ཆེ་དེ་དང་འཐབ་ནས་ཤི་ན་མ་མཐའ་ཡང་མིང་ཙམ་ཡོད་བསམས།
ཕྱི་ཉིན་ཉི་རྩེ་བརྒྱབ་མ་ཐག་ཁོས་རང་གི་ལྕགས་ཀྱི་མདའ་གཞུ་འདང་ཅན་དེ་བཟུང་ནས་ཨ་མར་ང་རང་རིང་ན་ལོ་གཅིག་དང་ཐུང་ན་ཟླ་གསུམ་ལ་ཕྱིར་སླེབ་འོང༌། གལ་ཏེ་དེའི་རིང་ལ་མ་ཐོན་ཚེ་ཁྱེད་ཀྱིས་ང་ལ་མ་རེ་ཞིག་ཟེར་ནས་གཅིག་པུ་ལམ་ལ་ཆས་སོང༌།
      གཞོན་ནུ་དོན་གྲུབ་ཉིན་མང་པོའི་རིང་ལ་སོང་སོང་མཐར། ཐང་ཆེན་པོ་ཞིག་ལ་བསླེབས།
ཐང་ཆེན་པོ་དེའི་དཀྱིལ་ན་རྩེ་མོ་དགུང་ལ་ཟུག་པའི་རི་ཆེན་པོ་ཞིག་ཡོད་ཅིང༌། ཡ་མཚན་པ་ལ་མི་ཞིག་གིས་རི་ཆེན་པོ་དེ་རྩ་ནས་བཏེགས་ཏེ་ལན་རེར་ཐང་ཆེན་པོའི་ལྷོ་མཐར་བཞག་ཅིང༌། མཚམས་རེར་བྱང་མཐར་འཇོག་གིན་འདུག
      ཁོ་ཧ་ཅང་ཡ་མཚན་ནས་སྐད་གསེང་མཐོན་པོས་ཨ་རོག་ཁོ་རེ་དཔའ་རྒོད་ལགས། །ཁྱོད་ཀྱི་མིང་ལ་ཇི་སྐད་ཟེར། །རི་བོ་ཕར་བསྣུར་ཚུར་བསྣུར་གྱིས། །དོན་མེད་ལས་ཚེགས་བྱེད་དོན་ཅི། །ཞེས་དྲིས།
མི་དེས་རི་ཆེན་པོ་དེ་པང་ནས་ཁ་ཕྱིར་འཁོར་ནས་གཞོན་ནུ་དོན་གྲུབ་ལ་ལྟ་ཡག་ཅིག་བྱས་རྗེས་ན་རེ། ཀྱེ་ཀྱེ་གཞོན་ནུ་སྣང་བ་ཅན། །ཁྱོད་ཀྱི་སྐད་མགོ་མཐོ་ལུགས་ཀྱིས། །སྤྱིར་བཏང་མི་ཞིག་མ་ཡིན་གདའ། །ང་ཡི་ལོ་རྒྱུས་བཤད་ན་ནི། །ད་ལོ་སྔོན་གྱི་འདས་ལོ་ལ། །ལོ་ཡི་ཕྲེང་བ་མང་པོ་ལ། །གྲུབ་ཐོབ་ཅིག་གི་སྐུ་མདུན་ནས། །གྱད་མིའི་གྱད་རྩལ་མ་ལུས་སྦྱངས། །ཐང་ཆེན་དཀྱིལ་གྱི་རི་ཆེན་འདིས། །སྤང་ཐང་ཡངས་མོའི་འཁོབ་ལ་གནོད། །སེམས་ཅན་ཀུན་གྱི་ལམ་ཡང་བཀག །དེ་བས་གཞན་ལ་སྤོར་ན་བསམས། །ཁྱོད་རང་ཁེར་འགྲོ་བྱེད་དོན་ཅི། །དེ་རིང་ཉི་མའི་ཡན་ཆོད་དུ། །ཁྱོད་རང་ཡོང་ཡོང་གང་ནས་འོང༌། །སང་ཉིན་ཉི་མ་ཕན་ཆོད་ལ། །ཁྱོད་རང་འགྲོ་འགྲོ་གང་དུ་འགྲོ། །ཞེས་དྲིས།
      གཞོན་ནུ་དོན་གྲུབ་ཀྱི་སེམས་ལ་མི་འདི་ལ་རྩལ་ཆེན་པོ་ཞིག་མངའ། ཐབས་ཀྱིས་གྲོགས་ལ་དགུག་དགོས་བསམས། དེ་བས་ཁོས་རང་གི་ལོ་རྒྱུས་མ་གསང་བར་གྱད་མི་དེ་ལ་ཞིབ་མོར་བརྗོད་དེ་ན་རེ། ང་ནི་མི་ཕལ་བ་ཤ་སྟག་ཅིག་ཡིན་པས། གདོན་གྱི་མི་བོ་ཆེའི་ཁ་ཡ་མི་འོང༌། བདག་གིས་ཞེ་བསམ་པའི་གཏིང་ནས་ཁྱོད་ཀྱི་རྩལ་ལ་ཡིད་སྨོན་འཆོར། ཁྱོད་དང་གྲོགས་ཤིག་བསྒྲིག་ན་ཆོག་གམ་ཞེས་སྨོས། གྱད་མི་སྟོབས་ལྡན་དགའ་སྟེ་ན་རེ། བདག་ཀྱང་ཁྱོད་ཀྱི་སྙིང་སྟོབས་ལ་ཡིད་སྨོན་སྐྱེས། ཡང་གཅིག་བཤད་ན། ང་ཡིས་གྱད་རྩལ་འདི་ངོམ་ས་མེད་པར་སྡུག་ཡོད། ད་ནི་ཁྱོད་དང་མཉམ་དུ་གདོན་གྱི་མི་བོ་ཆེ་དེ་དང་རྩལ་ཞིག་འགྲན་ཟེར།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号