ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྤྱང་གྲུང་ལྡན་པའི་གཞོན་ནུ་དོན་གྲུབ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གྱད་མི་སྟོབས་ལྡན་དང་མདའ་བ་ལྷ་བཙན་གཉིས་ཀས་གཞོན་ནུ་དོན་གྲུབ་ཀྱིས་བཤད་པ་ལྟར་གཅིག་གིས་ལྕགས་མདའ་གཞུ་ལ་བཀུག་ནས་བསེ་རུའི་རྭ་རྩེ་བཅད་པ་དང་གཅིག་གིས་རི་རབ་ཀྱི་རྩེ་མོ་བཅད་དེ་བདུད་ཀྱི་རྒྱལ་པོའི་སྙིང་ཀ་མནན་པ་ན། གནམ་ས་རྡིབ་པ་ལྟ་བུའི་ངར་སྐད་ཅིག་དང་བཅས་བདུད་ཀྱི་རྒྱལ་པོ་བསེ་རུ་རྭ་གཅིག་དེ་རི་རབ་ནུར་བ་བཞིན་དབུགས་ཀྱི་རྒྱུ་བ་ཆད་སོང༌། གཞོན་ནུ་དོན་གྲུབ་ཀྱིས་བསེ་རུའི་རྭ་རྩེ་ཡི་རྡོ་རྗེ་རྩེ་ལྔ་བླངས་ནས་གྱད་མི་སྟོབས་ལྡན་དང་མདའ་བ་ལྷ་བཙན་དང་མཉམ་དུ་ཕྱིར་ཡུལ་དུ་ལོག་སོང༌།
རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་གཞོན་ནུ་དོན་གྲུབ་ན་རེ། རྒྱལ་པོ་རིན་པོ་ཆེ། ཁྱེད་ཉིད་ཀྱི་བསོད་ནམས་ཀྱི་མཐུས་བདག་གིས་བདུད་ཀྱི་རྒྱལ་པོ་བསེ་རུ་རྭ་གཅིག་བཏུལ་ནས་རྒྱལ་ཁམས་བདེ་ལ་འགོད་པའི་རྡོ་རྗེ་རྩེ་ལྔ་ཁྱེར་འོངས། བདག་གིས་རྒྱལ་པོ་ཁྱེད་ཀྱི་བཀའ་བཞིན་བསྒྲུབས་པས། ཁྱེད་ཀྱིས་ཀྱང་སྲས་མོ་བདག་ལ་བག་མར་གནང་བར་ཞུ་ཞེས་སྨོས།
      རྒྱལ་པོ་སྐྲག་ནས་སྐད་མ་ཐོན། དེ་ནས་རྒྱལ་པོས་ཡང་མྱུར་མ་མྱུར་དུ་བློན་ཆེན་བོས་ནས་ན་རེ། མ་བཟང་ཐལ་ལོ་བློན་ཆེན་ལགས། །གཞོན་ནུ་དོན་གྲུབ་བསླེབས་ནས་འོངས། །བསེ་རུ་རྭ་གཅིག་བཏུལ་ནས་ གདའ། །རྡོ་རྗེ་རྩེ་ལྔ་ཁྱེར་ནས་འོངས། །སྲས་མོ་བག་མར་གནང་དགོས་ཟེར། །བདག་གི་རྒྱལ་ས་ཤོར་ནས་གདའ། །ཞེས་དབུགས་རིང་ནར༌ནར་དུ་འབྱིན་བཞིན་དེ་ལྟར་སྨོས། བློན་པོ་ན་རེ། རྒྱལ་པོ་རིན་པོ་ཆེ།ཁྱེད་རང་སེམས་བདེ་མོ་བྱོས། ཕྲན་ང་ལ་ད་དུང་བཀོད་པ་ཞིག་ཡོད། ད་ཐེངས་གཞོན་ནུ་དོན་གྲུབ་ཅི་འདྲ་བློ་རིག་ལྡན་རུང༌། ཅི་འདྲ་སྙིང་སྟོབས་ཆེ་རུང་ཕྱིར་ཡོང་ཞིག་ཡོད་མི་སྲིད་ཟེར།
ཕྱི་ཉིན། རྒྱལ་པོས་ཡང་གཞོན་ནུ་དོན་གྲུབ་ཕོ་བྲང་དུ་བོས་ནས་ན་རེ། དཔའ་རྒོད་གཞོན་ནུ་དོན་གྲུབ། ཁྱོད་ཀྱིས་བདུད་ཀྱི་རྒྱལ་པོ་བསེ་རུ་རྭ་གཅིག་བཏུལ་བའི་བྱ་དགའ་ལ་བདག་གིས་ཁྱོད་ལ་གསེར་སྲང་སྟོང་དང་དངུལ་སྲང་སྟོང་སྦྱིན་ནོ། །ཡིན་ཡང༌། སྲས་མོ་ད་དུང་བག་མར་གནང་མི་ཉན། ཤར་གྱི་རྒྱ་མཚོ་ཆེན་པོའི་ཀློང་ན་ཀླུ་སྲིན་གདེངས་ཀ་བསྡད་ཡོད། བདག་གིས་དེ་ལ་ལོ་རེ་རེར་མི་སྟོང་རྟ་སྟོང་ལུག་སྟོང་གིས་མཆོད་རྫས་འབུལ་དགོས། དེ་ལྟར་མ་བྱས་ཚེ། ཀླུ་སྲིན་གདེངས་ཀ་ཁྲོས་ནས་ཆུ་བོ་ཐམས་ཅད་སྐམ་དུ་བཅུག་ནས། བདག་གི་རྒྱལ་ཁམས་འཇིག་པར་བྱེད་སྲིད། ཁྱོད་ཀྱིས་ཀླུ་སྲིན་གདེངས་ཀ་སོད་ཅིག ཤར་གྱི་རྒྱ་མཚོའི་ནོར་བུའི་གླིང་ན་སྲིད་པའི་ཁྱད་ནོར་དགོས་འདོད་འབྱུང་བའི་ཡིད་བའིན་ནོར་བུ་ཡོད་པས་ལོངས་ཤོག དེ་དུས་ཁྱོད་ལ་སྲས་མོའང་བག་མར་སྦྱིན། རྒྱལ་སའང་ཁྱོད་ལ་དབང་ཟེར།གཞོན་ནུ་དོན་གྲུབ་ཀྱིས་ལེགས་སོ། །རྒྱལ་པོ་རིན་པོ་ཆེ། འབངས་ཀྱིས་བཀའ་བརྩིའོ། །ཞེས་སྨོས་ནས་ཕྱིན་སོང༌།
      གཞོན་ནུ་དོན་གྲུབ་ཕྱིར་འོངས་ནས་གྱད་མི་སྟོབས་ལྡན་དང་མདའ་བ་ལྷ་བཙན་གཉིས་ལ་དེ་ལྟར་བརྗོད། ཁོ་གཉིས་ན་རེ། རྒྱལ་པོ་སྡིག་ཅན་འདིས་ཁྱོད་རང་མི་གཏོང་བར་འདུག འདི་ཡང་ཁོའི་ཁྱོད་རང་གསོད་པའི་གཡོ་སྒྱུ་ཡིན། དེད་གཉིས་ཀྱི་ཁ་ཡར་ཁོའི་སྲུང་དམག་གིས་མི་འོང་བས། དེད་གཉིས་དོ་དགོང་ཕོ་བྲང་དུ་སོང་ནས། རྒྱལ་པོ་སྡིག་ཅན་དེ་ལག་མཐུས་བགྲོང་བར་བྱ། ཁྱོད་ཀྱིས་རྒྱལ་པོའི་ཁྲི་ས་བཟུང་ནས་རྒྱལ་ཁམས་ཆོས་བཞིན་སྐྱོངས་ཟེར། གཞོན་ནུ་དོན་གྲུབ་ན་རེ། ཅུང་སྔ་འདུག ཀླུ་སྲིན་གདེངས་ཀ་འདུལ་བར་འོ་ཅག་སྔར་བཞིན་འགྲོ་དགོས། གལ་ཏེ་ཕྱིར་འོང་མ་ཡོད་ཚེ་ལས་ལ་རག་པར་གྱིས།སྟབས་ལེགས་ནས་ཕྱིར་འོང་ཐུབ་ཀྱང་རྒྱལ་པོས་སྔར་བཞིན་ལུགས་ལྟར་མི་སྒྲུབ་ཚེ། རྒྱལ་ཁབ་ཁྲིམས་ལྟར་མི་སྐྱོང་ཞིང་འབངས་ལ་མི་བྱམས་པའི་རྒྱལ་པོ་དེ་ལྟ་བུ་ཁྲི་སར་མི་འོས་པས། དེ་ལྟར་བྱས་ཀྱང་རུང་ཟེར།
      དེ་ནས་གཞོན་ནུ་དོན་གྲུབ་དེ་ཉིད་གྱད་མི་སྟོབས་ལྡན་དང་མདའ་བ་ལྷ་བཙན་གཉིས་ཀར་བསྡེབས་ནས་ལམ་ལ་ཆས་སོང༌། ཁོ་ཚོས་ཉིན་མཚན་མེད་པར་དཀའ་བ་སྤྱད་དེ་བྲོ་མེད་ཀྱང་རུང༌། སྐོམ་ཆུ་ཆད་ཀྱང་རུང་གོམ་པའི་འདེགས་འཇོག་མ་བཏང་བར་ཤར་ནས་ཤར་དུ་བསྐྱོད།
      ཉིན་ཞིག་ལ་ཁོ་ཚོ་མཚོ་ཆེན་པོ་ཞིག་གི་ཁར་བསླེབས། མཚོ་ཁ་ན་མི་ཞིག་གིས་ལན་རེར་ཁ་གདངས་ནས་མཚོ་ཆུ་ཧུབ་འཐུང་བྱས་ནས་སྐམ་པར་བྱས། མཚམས་རེར་མཚོ་ཆུ་ཕྱིར་ཕོ་ནས་ས་སྟེང་མེར་དུ་འཇུག་གིན་གདའ། ཁོ་ཚོ་ཧ་ལས་ནས་ཁ་གདངས་སོང༌། ཨ་ཙེ་ཙེ། ཅི་འདྲའི་མི་ཁ་བོ་ཆེ་ཞིག་ཡོད་དམ། མཚོ་ཆུ་ཧུབ་འཐུང་བྱེད་ཐུབ་མཁན་འདྲ་འཇིག་རྟེན་ན་ཡོད་དམ།
      ཡུད་ཙམ་ལ་ཧད་རྗེས་གཞོན་ནུ་དོན་གྲུབ་ན་རེ། ཁོ་རེ་མདུན་གྱི་གྲོགས་པོ་ལགས། །ཁྱོད་ཀྱི་མིང་ལ་ཇི་སྐད་ཟེར། །དེ་རུ་ཅི་ཞིག་བྱ་བ་ཡིན། །མཚོ་ཆུ་ཧུབ་འཐུང་བྱེད་དོན་ཅི། །ཞེས་དྲིས། མི་དེས་མཚོ་ཆུ་ཁ་ནས་ཕྱིར་ཕོ་སྟེ་ན་རེ། ཨ་རོག་རྒྱང་གི་གྲོགས་པོ་གསུམ། །ང་དང་ང་ངོ་མི་ཤེས་ན། །ང་ནི་ཀླུ་བདུད་ཁ་བོ་ཆེ། །གྲུབ་ཐོབ་བརྒྱ་ཡི་སློབ་མ་ཡིན། །མཚོ་ཆུ་ཧུབ་འཐུང་བྱེད་མི་ཡིན། །ཀླུ་སྲིན་གསོན་མིད་བྱེད་མཁན་ཡིན། །ཁྱེད་ཅག་མིང་ལ་ཇི་སྐད་ཟེར། །ད་ནངས་ཡོང་ཡོང་གང་ནས་ཡོང༌། །སང་ཉིན་འགྲོ་འགྲོ་གང་དུ་འགྲོ། །མ་གསང་གཏམ་ལན་དྲང་མོར་ཤོད། །ཅེས་ཟེར།
      གཞོན་ནུ་དོན་གྲུབ་ཀྱི་སེམས་ལ་འདི་ཡང་མི་མཐུ་རྩལ་ཅན་ཞིག་ཡིན་ཕྱིན་གྲོགས་ལ་དགུག་དགོས་སྙམ་ནས། ལོ་རྒྱུས་ཞིབ་ཏུ་བརྗོད་དེ་ན་རེ། བདག་གི་ཁྱོད་ཀྱི་རྩལ་ལ་ཡིད་སྨོན་འཆོར་བས། ཁྱོད་དང་གྲོགས་ཤིག་བསྒྲིག་ན་ཆོག་གམ་ཞེས་དྲིས། ཀླུ་བདུད་ཁ་བོ་ཆེ་ཤིན་ཏུ་དགའ་ནས་ཁོ་བཞི་བོས་དཀོན་མཆོག་གསུམ་པོ་དཔང་ལ་བཙུགས་ནས། དེ་རིང་ཉི་མ་ཕན་ཆད་ནས་སྡུག་གི་ཁུར་བོ་མཉམ་འཁུར་དང་སྐྱིད་ཀྱི་ཞྭ་མོ་མཉམ་གོན་མི་བྱེད་རི་ཞེས་མནའ་བཅད་བསྒྲིགས། དེ་ནས་ཁོ་མནའ་བཅད་བཞི་བོ་བསྡེབས་ནས་ཤར་ཀྱི་རྒྱ་མཚོར་གཏད་ནས་ཕྱིན།
      ཁོ་ཚོས་ལམ་ཆེན་ལམ་ཆུང་བརྒྱུད་ནས་སོང༌། ཆུ་ཆེན་ཆུ་ཆུང་བཅད་ནས་སོང༌། འཕྲང་ཆེན་འཕྲང་ཆུང་བརྒལ་ནས་སོང༌། ཁྱུང་ཆེན་རྒྱལ་པོ་བཟུང་ནས་སོང༌། གཡུ་འབྲུག་སྔོན་མོ་བཏུལ་ནས་སོང༌། རྒྱ་སྟག་དམར་པོར་ཞོན་ནས་སོང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号