ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྤྱང་གྲུང་ལྡན་པའི་གཞོན་ནུ་དོན་གྲུབ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཁོ་གཉིས་ཀྱིས་དེ་རིང་ཉི་མ་ཕན་ཆད་ནས་སྡུག་གི་ཁུར་བོ་མཉམ་འཁུར་དང་སྐྱིད་ཀྱི་ཞྭ་མོ་མཉམ་གོན་མི་བྱེད་རི་ཞེས་དཀོན་མཆོག་གསུམ་པོ་དཔང་ལ་བཞག་ནས་མནའ་བཅད་བསྒྲིགས།
དེ་ནས་གྱད་མི་སྟོབས་ལྡན་དང་གཞོན་ནུ་དོན་གྲུབ་གཉིས་བསྡོངས་ནས་མུ་མཐུད་དུ་བྱང་ཕྱོགས་ནགས་ཚལ་ལ་བསྙེགས་ནས་སོང༌། ཁོ་གཉིས་ཐང་ཆེན་ཐང་ཆུང་བརྒྱུད་ནས་སོང༌། རི་ཆེན་རི་ཆུང་བརྒལ་ནས་སོང༌། ནགས་ཆེན་ནགས་ཆུང་བཤགས་ནས་སོང༌། རྐྱང་ཁ་དཀར་ཁ་ལོ་བཏུལ་ནས་སོང༌། དར་སེང་དཀར་མོར་འགྲོགས་ནས་སོང༌། རྒྱ་སྟག་དམར་པོ་ཁྲིད་ནས་སོང༌།
      དེ་བཞིན་ཟླ་དགུ་ཉིན་དགུ་ལ་སོང་མཐར། ནག་ཡོར་ཡོར་ནགས་རྫོང་ཆེན་པོ་ཞིག་མདུན་ནས་མངོན་བྱུང༌། མ་གཞིར་ཁོ་གཉིས་གདོན་གྱི་མི་བོ་ཆེ་གཉིས་ཀ་སྡོད་སའི་བྱང་གི་ནགས་ཚལ་ཆེན་མོར་བསླེབས། གདོན་གྱི་མི་བོ་ཆེ་གཉིས་ཀྱིས་རི་བོ་གཉིས་ལ་བསྔས་ནས་སྔུར་བ་འབྲུག་སྒྲ་ལྡིར་ལྡིར་དང་དབུགས་ཀྱི་རྒྱུ་བ་འཚུབ་མ་འཁོར་འཁོར་བྱེད་ཀྱིན་གཉིད་ལ་ཡུར་འདུག
      གཞོན་ནུ་དོན་གྲུབ་ན་རེ། ང་ལ་གྱད་རྩལ་མེད་པས། ཁོ་གཉིས་ཀའི་དོ་ཟླ་ཁྱོད་གཅིག་པུས་མི་འོང༌། དེ་གཉིས་ཀྱི་ལུས་གཟུགས་ཆེ་དྲགས་པས་གམ་དུ་གཏུགས་ན་ཁོ་གཉིས་ཀྱིས་དེད་གཉིས་འབུ་གཅིར་གཅིར་བྱེད་སྲིད་པས་རྒྱང་ནས་ཐབས་ཀྱིས་འདུལ་དགོས་ཟེར་ནས་ཡར་ལྟ་མར་ལྟ་ཞིག་བྱས་ཏེ། གྱད་མི་ལ། ཕུ་བོ་སྟོབས་ལྡན་ལགས། ཁྱོད་ཀྱིས་སྔོན་ན་ནུབ་མཐའི་རི་བོ་བླངས་ནས་གཡོན་གྱི་མི་བོ་ཆེ་དེ་ནོན། ང་སྡོང་མགོར་འགོས་ནས་གཡས་ཀྱི་མི་བོ་ཆེའི་མིག་ལ་ལྕགས་མདའ་འཕེན། དེ་མོད་ལ་ཁྱོད་ཀྱིས་ཤར་གྱི་རི་བོ་བླངས་ནས་གཡས་ཀྱི་མི་བོ་ཆེ་དེ་བཏུལ་ཞེས་སྨོས།
      གྱད་མིས་གཞོན་ནུ་དོན་གྲུབ་ཀྱིས་བཤད་པ་ལྟར་སྔོན་ན་ནུབ་ཀྱི་རི་བོ་བླངས་ནས་གཞོན་ནུ་དོན་གྲུབ་ཀྱིས་མདའ་མོ་ལྟོང་ལས་བཏང་བ་དང་མཉམ་དུ་རི་བོ་བརྗིད་པོས་གཡོན་གྱི་མི་བོ་ཆེ་མནན་ནས་བསད་པ་དང༌། གཡས་ཀྱི་མི་བོ་ཆེའི་མིག་ལ་གཞོན་ནུ་དོན་གྲུབ་ཀྱི་ལྕགས་མདའ་ཕོག་ནས་ན་ཟུག་དང་ཞེ་སྡང་གིས་སྐྱི་གཡའ་བའི་ངར་སྐད་སྒྲོག་གིན་ཡར་ལངས་པའི་དུས་དེར། གྱད་མིས་ཤར་གྱི་རི་བོ་བླངས་ནས་ཁོ་ཡང་རི་བོའི་འོག་དུ་མནན་ནས་བསད་དོ། །
      གཞོན་ནུ་དོན་གྲུབ་ཀྱིས་གདོན་གྱི་མི་བོ་ཆེའི་སྐེ་ཡི་རིན་ཆེན་འཕྲུལ་གྱི་མེ་ལོང་ཁྱེར་ནས་མནའ་བཅད་གྱད་མི་དང་མཉམ་དུ་ཕྱིར་ལོག རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་གཞོན་ནུ་དོན་གྲུབ་ན་རེ། རྒྱལ་པོ་རིན་པོ་ཆེ། ཁྱེད་ཉིད་ཀྱི་བསོད་ནམས་ཀྱི་མཐུས་བདག་གིས་གདོན་གྱི་མི་བོ་ཆེ་གཉིས་བསད་ནས་རིན་ཆེན་འཕྲུལ་གྱི་མེ་ལོང་ཁྱེར་འོངས། ད་ནི་རྒྱལ་པོ་རིན་པོ་ཆེ་ཚིག་ལ་གནས་པར་གདོན་མི་ཟ། བདག་ལ་སྲས་མོ་བག་མར་གནང་བར་ཞུ་ཞེས་སྨོས། རྒྱལ་པོ་སྐྲག་ནས་ཧད་སོང༌།
      དེ་ནས་རྒྱལ་པོས་མྱུར་དུ་བློན་ཆེན་གམ་དུ་བོས་ནས་ན་རེ། མ་བཟང་ཐལ་ལོ་བློན་ཆེན་ལགས། གཞོན་ནུ་དོན་གྲུབ་བསླེབས་ནས་འོངས། །མི་བོ་ཆེ་གཉིས་བསད་ནས་གདའ། །འཕྲུལ་གྱི་མེ་ལོང་ཁྱེར་འོངས། །རྒྱལ་པོ་ཚིག་ལ་གནས་སམ་དྲིས། །སྲས་མོ་བག་མར་སྦྱིན་དགོས་ཟེར། །ད་ནི་རྒྱལ་ས་ཤོར་ནས་གདའ། །ཞེས་སྨོས་ནས་དངན་པ་ནར་ནར་དུ་འཐེན།
      བློན་པོ་ན་རེ། རྒྱལ་པོ་རིན་པོ་ཆེ།གཞོན་ནུ་དོན་གྲུབ་བློ་རིག་རྣོ་ནའང་། གཡོག་མོའི་བུ་ཞིག་ལ་དེ་འདྲ་སྐྲག་དགོས་དོན་མེད། ཁྱེད་ཉིད་ཀྱིས་ཁོ་རང་ནུབ་མཐའི་རི་རྒྱུད་ཁྲོད་ལ་འགྲོ་རུ་ཆུག་ཅེས་སླར་ཡང་བློ་བཀོད་ཅིག་འཐེན། 
      ཕྱི་ཉིན། རྒྱལ་པོས་སླར་ཡང་གཞོན་ནུ་དོན་གྲུབ་ཕོ་བྲང་དུ་བོས་ནས། གཞོན་ནུ་དོན་གྲུབ་ལགས། ཁྱོད་ཀྱིས་གདོན་གྱི་མི་བོ་ཆེ་གཉིས་བསད་ནས་བྱས་རྗེས་མངོན་དུ་འཕགས། བདག་གིས་ཁྱོད་ལ་བྱ་དགར་གསེར་སྲང་བརྒྱ་དང་དངུལ་སྲང་བརྒྱ་སྦྱིན། ཡིན་ཡང༌། སྲས་མོ་ད་དུང་བག་མར་སྟེར་མ་རན། འདི་ནས་ནུབ་ཏུ་རྒྱང་གྲགས་གཅིག་གི་ས་ན་རི་རྒྱུད་བསྟར་ལ་བསྒྲིགས་པའི་ཁྲོད་དུ་བདུད་ཀྱི་རྒྱལ་པོ་བསེ་རུ་རྭ་གཅིག་འདུག དེ་ལའང་བདག་གིས་ལོ་རེ་རེར་མི་སྟོང་རྟ་སྟོང་ལུག་སྟོང་གཟན་ལ་མཆོད་དགོས། དེ་ལྟར་མིན་ཚེ། དེ་ཉིད་ཁྲོས་པའི་མེ་ལྕེ་ཡིས་བདག་གིས་རྒྱལ་ཁམས་ཡོངས་སུ་འཇོམས་དེས། ཁྱོད་ཀྱིས་དེ་ཉིད་སོད་ཅིག དེའི་རྭ་ཡི་རྩེ་མོ་ན་རྒྱལ་ཁམས་བདེ་ལ་འགོད་པའི་རྡོ་རྗེ་རྩེ་ལྔ་ཡོད་པ་ལོངས་ཤོག དེ་ནས་ཁྱོད་ལ་སྲས་མོ་བག་མར་སྦྱིན། རྒྱལ་སའང་ཁྱོད་ལ་སྦྱིན་ཞེས་བརྗོད། གཞོན་ནུ་དོན་གྲུབ་ཀྱིས་ལེགས་སོ། །རྒྱལ་པོ་རིན་པོ་ཆེ། བདག་གི་བཀའ་བརྩིའོ། །ཟེར་ནས་ཕྱིན་སོང༌།
      གཞོན་ནུ་དོན་གྲུབ་ཕྱིར་ཡུལ་དུ་འོངས་ནས་མནའ་བཅད་གྱད་མི་སོགས་ལ་དེ་ལྟར་སྨོས་ཤིང༌། གང་ལྟར་སྲོག་མི་ཐར་པ་ལ་བསེ་རུ་རྭ་གཅིག་གི་རྭ་ཁ་ནས་ཤི་བས་དགའ་ཟེར།
      ཕྱི་ཉིན་སྐྱ་རེངས་ཤར་མ་ཐག གཞོན་ནུ་དོན་གྲུབ་དང་མནའ་བཅད་གྱད་མི་སྟོབས་ལྡན་གཉིས་ལམ་ལ་ཆས།
      ཁོ་གཉིས་ཀྱིས་ཉིན་ཁར་ཟླ་བརྩེགས་ནས་སོང་སོང་མཐར། ཉིན་ཞིག་ལ་ཐང་ཆེན་པོ་ཞིག་གི་དཀྱིལ་ན་མི་ཞིག་གིས་ལག་ཏུ་ལྕགས་ཀྱི་གཞུ་ཞིག་བཟུང་ནས་ཁ་གནམ་ལ་འཁོར་ནས་བལྟས་འདུག་པ་མཐོང༌། ཁོ་གཉིས་ཡ་མཚན་ནས། ཁོ་རེ་གསོན་དང་གྲོགས་པོ་ལགས། །ཁྱོད་ཀྱི་མིང་ལ་ཇི་སྐད་ཟེར། །གནམ་ལ་འཁོར་ནས་ཅི་ཞིག་བྱ། །མཁའ་ན་ལྟད་མོ་ཅི་འདྲ་འདུག །ཅེས་དྲིས་པ་ན། མི་དེ་ན་རེ། ཨ་རོག་ཉོན་དང་གསར་བུ་གཉིས། །བདག་གི་མིང་ལ་ལྷ་བཙན་ཟེར། །སྐྱེན་པོ་མདའ་ཡི་མངའ་བདག་ངས། །ན་ནིང་དུས་ཀྱི་དེ་རིང་ལ། །ལྕགས་གཞུ་ཞིག་ལ་ལྕགས་མདའ་བཙུགས། །གནམ་གྱི་གཡུ་འབྲུག་ས་ལ་འཕངས། །ད་ལོའི་ལོ་ཡི་ད་ཚོད་ལ། །མདའ་མོ་མཁའ་ནས་ཡོང་རན་ཡིན། །དེ་བས་གནམ་ལ་འཁོར་བ་ཡིན། །ལྷ་བཙན་མདའ་མོ་བསུ་བ་ཡིན། །ཁྱོད་གཉིས་མིང་ལ་ཇི་སྐད་ཟེར། །ད་ནངས་ཡོང་ཡོང་གང་ནས་ཡོང༌། །སང་ཉིན་འགྲོ་འགྲོ་གང་དུ་འགྲོ། །རིངས་པའི་བྱ་བ་ཅི་ཞིག་ཡོད། །མ་གསང་གཏམ་ལ་དྲང་མོར་ཤོད། །ཅེས་སྨོས། གཞོན་ནུ་དོན་གྲུབ་ཀྱི་སེམས་ལ། ནམ་མཁའི་གཡུ་འབྲུག་ཀྱང་སར་འཕེན་ཐུབ་ན་མི་སྤྱིར་བཏང་བ་ཞིག་ག་ལ་ཡིན། ནུས་རྩལ་ཁྱད་དུ་འཕགས་པ་ཞིག་ཡོད་ཁོ་ཐག་རེད། འདིའང་གྲོགས་སུ་དགུག་དགོས་སྙམ་ནས་ཁོ་ལ་ལོ་རྒྱུས་ཞིབ་ཏུ་བཤད་ནས། ཁྱོད་ཀྱིས་ནམ་མཁའི་གཡུ་འབྲུག་ཀྱང་གསོད་ནུས་པས། བདག་གིས་ཁྱོད་ཀྱི་རྩལ་ལ་ཤིན་ཏུ་ཡིད་སྨོན་འཆོར། ཁྱོད་དང་གྲོགས་ཤིག་བསྒྲིག་ན་ཆོག་གམ་བྱས་པས། མི་དེ་ཧ་ཅང་དགའ་ནས་ཁོ་གསུམ་པོས་དེ་རིང་ཉི་མ་ཕན་ཆོད་ནས་སྡུག་གི་ཁུར་བོ་མཉམ་འཁུར་དང་སྐྱིད་ཀྱི་ཞྭ་མོ་མཉམ་གོན་མི་བྱེད་རི་ཞེས་དཀོན་མཆོག་གསུམ་པོ་དཔང་ལ་བཙུགས་ནས་མནའ་བཅད་བསྒྲིགས།
      དེ་ནས་ཁོ་གསུམ་པོས་མདའ་བ་ལྷ་བཙན་གྱི་ལྕགས་མདའ་བླངས་རྗེས་མཉམ་དུ་ནུབ་ཕྱོགས་རི་རྒྱུད་ལ་བསྐྱོད་སོང༌།
      ཁོ་གསུམ་པོས་ཐང་ཆེན་ཐང་ཆུང་བརྒྱུད་ནས་སོང༌། རི་ཆེན་རི་ཆུང་བརྒལ་ནས་སོང༌། ནགས་ཆེན་ནགས་ཆུང་བཤགས་ནས་སོང༌། །
      རྐྱང་ཁ་དཀར་ཁ་ལོ་བཏུལ་ནས་སོང༌། རྫ་འབྲོང་ལོ་སྣ་ལོ་བཏུལ་ནས་སོང༌། སེང་དཀར་མོའི་ནུ་ཞོ་བཞོས་ནས་སོང༌། 
      ཁོ་གསུམ་པོ་དེ་ལྟར་ཟླ་དགུ་ཉིན་དགུ་ལ་སོང་མཐར། ཉིན་ཞིག་ལ་ཐང་ཆེན་མོ་ཞིག་བརྒྱུད་ནས་མཐར་གཏུགས་ཚེ། ནག་ཡོར་ཡོར་གླང་ཆེན་ཐང་ན་ཉལ་འདྲ་དང་སེང་གེ་གངས་ན་འགྱིང་འདྲའི་རི་རབ་ཀྱི་ཚོགས་མཐོ་དམའ་བར་གསུམ་ཕྲེང་ལ་བསྒྲིགས་ནས་མདུན་ནས་མངོན་བྱུང༌། དེ་ཡང་མཐོ་གསུམ་རི་ཡི་མན་ཆད་དང་དམའ་གསུམ་རི་ཡི་ཡན་ཆོད། ཕ་རི་ཚུར་རིའི་བར་ཞིག་ན།བདུན་ཀྱི་རྒྱལ་པོ་བསེ་རུ་རྭ་གཅིག༌ཀན་རྐྱལ་དུ་ཉལ་འདུག་པ་ལ། རྭ་ཡི་རྩེ་མོ་གནམ་ལ་ཟུག་པ་དང་རྩ་ན་མེ་ལྕེ་ལྷོག་ལྷོག་འཕྱུར་བཞིན་འདུག གཞོན་ནུ་དོན་གྲུབ་ན་རེ། ཁོ་རེ་ཕུ་བོ་གཉིས། བསེ་རུ་རྭ་རྩེ་གནམ་ལ་ཟུག རྩེ་ན་མེ་ལྕེ་དགུང་དུ་འཕྱུར། འུ་གསུམ་པོ་གམ་དུ་བཅར་མི་ཉན། ཕུ་བོ་ལྷ་བཙན་གྱིས་ལྕགས་མདའ་བསེ་རུའི་རྭ་རྩེ་ལ་ཐོངས། རྩེ་ཡི་མེ་ལྕེ་མདའ་ཡིས་སོད། ཕུ་བོ་སྟོབས་ལྡན་ཁྱོད་ཀྱིས་མཐོ་རིའི་རྩ་ནས་བཏེགས་ནས་བསེ་རུའི་སྙིང་ཀ་ནོན་ཞེས་སྨོས། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号