ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྤྱང་གྲུང་ལྡན་པའི་གཞོན་ནུ་དོན་གྲུབ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ཁོ་ཚོས་དེ་ལྟར་དཀའ་བ་མང་པོ་སྤྱད་ནས་ཉིན་ཁར་ཟླ་བརྩེགས་ནས་ཟླ་དགུ་ཉིན་དགུ་ལ་སོང༌། ཉིན་དེར། ཁོ་ཚོ་འགག་འཕྲང་ཆེན་མོ་ཞིག་བརྒྱུད་ནས། ནམ་མཁའི་བྱ་ཡིས་མཐོང་ཡང་སྙིང་རྩ་འདར་བའི་ལ་རིང་མོ་ཞིག་གི་ཉག་ཁ་ནས་འབུད་དུས། སྔོ་སིང་དེ། ཡངས་ཤོད་ལེ། གནམ་སྔོན་པོ་ཐང་ལ་ལྷུང་བ་དང་འདྲ་ཞིང༌། བཻཌྰུའི་མདངས་ལ་འཁུ་བའི་གཡུ་མདངས་འཛིན་པའི་ཤར་གྱི་རྒྱ་མཚོ་ཆེན་མོ་དེ་རླབས་ཀྱི་གཉེར་མ་ཤིག་ཤིག་ཏུ་འགུལ་བཞིན་གཏམས་མེར་མིག་མདུན་དུ་མངོན་བྱུང༌།
      གཞོན་ནུ་དོན་གྲུབ་ན་རེ། ཕུ་བོ་ཀླུ་བདུད་ཁྱེད་ཀྱིས་སྔོན་ན་མཚོ་ཆུ་ཧུབ་འཐུང་བྱས། ཕུ་བོ་ལྷ་བཙན་གྱིས་དེར་མཐུད་ནས་ཀླུ་སྲིན་གདེངས་ཀར་ལྕགས་ཀྱི་ཐོག་མདའ་ཐོངས། ཕུ་བོ་སྟོབས་ལྡན་གྱིས་མཚོ་ཞབས་ཀྱི་ནོར་བུ་གླིང་བཀྱགས་ནས་ཤོག་དང་ང་ཡིས་དེའི་སྟེང་གི་ཡིད་བཞིན་ནོར་བུ་ལེན་པར་བྱ་ཞེས་ལས་བགོས་བྱས། གཞན་གསུམ་གྱིས་དེ་ལྟར་བྱའོ། །ཟེར།
      ཀླུ་བདུད་ཁ་བོ་ཆེ་ཡིས་མཚོ་ཆུ་ཧུབ་འཐུང་བྱས་པ་ན། མཚོ་ནང་གི་སེམས་ཅན་དང་བཅས་པ་ཁོའི་ཁ་རུ་བཅུག ཀླུ་སྲིན་གདེངས་ཀས་ཀླུའི་རྒྱལ་པོ་བཙོན་དུ་བཅུག་ཅིང༌། རང་ཉིད་ཀླུ་རྒྱལ་ཕོ་བྲང་གི་རིན་ཆེན་ཁྲི་ཐོག་ཏུ་ཀླུ་མོ་མང་པོས་བསྐོར་ནས་སྐྱིད་པོའི་སྟོན་མོར་རོལ་བཞིན་པའི་སྐབས་དེར། འུར་སྒྲ་ཆེན་མོ་ཞིག་གྲགས་པ་དང་མཉམ་དུ་མཚོ་ཆུ་ཤུར་སེ་སྐམ་སོང༌། ཁོ་ཧར་གྱིས་བཞེངས་ནས། ཅི་བྱུང་ཞེས་སྨོས་མ་ཐག་གར་ཡོང་འདི་ཡོང་མི་ཤེས་པའི་ཐོག་མདའ་བཙན་པོ་ཞིག་དེའི་གཙུག་གི་རྭ་བར་དུ་ཕོག་ནས། ཅི་ཡིན་འདི་ཡིན་མ་ཤེས་པར་ཀླད་པ་ནག་ཐིབས་སེ་སོང་ནས། རི་རབ་ཉིལ་བ་བཞིན་འགྱེལ་སོང༌། དེ་དང་མཉམ་དུ་རྒྱ་མཚོའི་ཀློང་གི་ནོར་བུ་གླིང་དེ་རིན་ཆེན་ནོར་བུ་མང་པོས་བརྒྱན་ནས་མིག་ལྡན་ཀུན་གྱི་མིག་དབང་འཕྲོག་པའི་འོད་ལམ་ལམ་འཚེར་བཞིན་ཕྱིར་མངོན་བྱུང༌། གྱད་མི་སྟོབས་ལྡན་གྱིས་མཐོང་འཕྲལ་དེ་མ་ཐག་ནོར་བུ་གླིང་སོར་མོའི་རྩེ་རུ་བཏེགས་ཏེ་མཚོ་ཁར་བླངས་འོངས།
      སྲིད་པའི་ཁྱད་ནོར་དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་དེ་ནོར་བུ་མང་པོའི་དབུས་སུ་མཚན་མོའི་རྒྱུ་སྐར་ཁྲོད་ན་ཟླ་བ་ཇི་བཞིན་འོད་འཚེར་གྱིན་འདུག་པ་གཞོན་ནུ་དོན་གྲུབ་ཀྱིས་མཐོང་ནས། ལག་ཟུང་སྙིང་གར་ཐལ་མོ་སྦྱར་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ།ཁྱེད་དང་ང་གཉིས་བར་ལ་སྔོན་བསགས་ཀྱི་སྨོན་ལམ་རེ་ཡོད་ན། གཞོན་ནུ་དོན་གྲུབ་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་གྲོགས་མཛད་པར་ཞུ་ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་མ་ཐག་ཡིད་བཞིན་ནོར་བུ་དེ་ཉིད་ནོར་བུ་གླིང་ནས་གཞོན་ནུ་དོན་གྲུབ་ཀྱི་ལག་ཏུ་རང་ཤུགས་སུ་ལྷུང་འོངས། 
      དེ་ནས་གཞོན་ནུ་དོན་གྲུབ་དང་ཁོའི་མནའ་བཅད་སྤུན་གསུམ་པོས་ཀླུའི་རྒྱལ་པོ་བཙོན་ལས་གྲོལ་ནས་སླར་ཡང་ཁྲི་ལ་བཀོད། མཚོ་ཆུ་སེམས་ཅན་དང་བཅས་པ་ཕྱིར་རྒྱ་མཚོར་བཏང༌།
      ཀླུའི་རྒྱལ་པོས་བཀའ་དྲིན་བསབ་ཕྱིར་གཞོན་ནུ་དོན་གྲུབ་ཀྱིས་ཅི་གསུང་བསྒྲུབ་རྒྱུ་ཁས་བླངས་ནས་སྐད་ཅིག་ཉིད་ལ་ཁོ་ཚོ་རང་གི་ཡུལ་་ཕྱོགས་སུ་བསྐྱལ།
      ཕྱི་ཉིན། གཞོན་ནུ་དོན་གྲུབ་ཀྱིས་མནའ་བཅད་སྤུན་གསུམ་པོ་ཁྲིད་དེ་རྒྱལ་པོའི་ཕོ་བྲང་དུ་སོང་ནས་ན་རེ། རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱི་བསོད་ནམས་ཀྱི་མཐུས་འབངས་ང་ཡིས་སྲིད་པའི་ཁྱད་ནོར་ཡིད་བཞིན་ནོར་བུ་བླངས་ནས་འོངས། ད་ནི་རྒྱལ་པོའི་བཀའ་ལ་ཕྱིར་ལྔོག་མེད་པས། འབངས་ང་ཡིས་སྲས་མོ་བག་མར་བསུ་བས་གནང་བར་ཞུ་ཞེས་སྨོས།
      རྒྱལ་པོ་སྐྲག་ནས་སྙིང་རྩ་གས་ཏེ་ཨ་སྒྲ་དང་བཅས་ཁྲག་སྐྱུགས་ནས་འདས་སོ། །དེ་འཕྲལ་བློན་ཆེན་གྱིས་རྒྱལ་པོའི་སྐུ་སྲུང་རུ་དཔུང་ཁྲིད་དེ་འཐབ་པར་བརྩམ་ཚེ། མདའ་བ་ལྷ་བཙན་གྱིས་དུས་གཅིག་ལ་མདའ་མོ་གསུམ་ཕོ་བྲང་གེ་གླིང་གསུམ་ལ་འཕངས་པས། ཕོ་བྲང་གི་གླིང་གསུམ་པོའི་ཐོག་ཁང་གསུམ་བཅོམ་པ་དང༌། གྱད་མི་སྟོབས་ལྡན་གྱིས་མི་སྟོང་གིས་མི་འཁྱོགས་ཤིང་རིན་ཆེན་གསེར་ལས་གྲུབ་པའི་རྒྱལ་པོའི་གསེར་ཁྲི་སོར་མོའི་རྩེ་ནས་བསྐོར་བཞིན་གཞོན་ནུ་དོན་གྲུབ་ཀྱི་ཅི་བཤད་ལ་བསྒུགས། དེ་མུར་གཞོན་ནུ་དོན་གྲུབ་ཀྱིས་ལག་པས་ཡིད་བཞིན་ནོར་བུ་བཏེགས་ནས་འཛུམ་དམུལ་ལེར་ངག་སྒོ་འཇམ་ལ་ཚིག་བརྗིད་པའི་ངང་ན་རེ། ཀྱེ། ཀ་ཡེ་གྲོགས་པོ་ཚོ། རྒྱལ་པོའི་བཀའ་ལ་ཕྱིར་ལྡོག་མེད་དོ། །རྒྱལ་པོའི་བཀའ་ལྟར་འབངས་ང་ཡིས་བྱང་ཕྱོགས་གདོན་གྱི་མི་བོ་ཆེ་གཉིས་བཏུལ་ནས་རིན་ཆེན་འཕྲུལ་གྱི་མེ་ལོང་ཁྱེར་འོངས། ནུབ་ཕྱོགས་བསེ་རུ་རྭ་གཅིག་བཏུལ་ནས་རྒྱལ་ཁམས་བདེ་ལ་འགོད་པའི་རྡོ་རྗེ་རྩེ་ལྔ་ཁྱེར་འོངས། ཤར་གྱི་ཀླུ་སྲིན་གདེངས་ཀ་བཏུལ་ནས་དགོས་འབྱུང་ཡིད་བཞིན་ནོར་བུ་ཁྱེར་འོངས། དོན་འགྲུབ་རྟིང་སྲས་མོ་བག་མར་སྦྱིན་ཞིང་རྒྱལ་པོའི་ཁྲི་ལ་འགོད་པའི་བཀའ་ལུང་རྒྱལ་པོ་ལ་ཐོག་མ་ཉིད་ནས་ཡོད་དོ། །ད་ནི་རྒྱལ་པོ་འདས་པས། རྒྱལ་པོའི་བཀའ་དང་བདེན་པའི་ལུགས་ལྟར་བདག་གིས་རྒྱལ་ཁབ་སྐྱོང་བར་བྱ། གཡུལ་བཤམས་ན་ང་ཡི་མནའ་བཅད་སྤུན་གསུམ་པོའི་ཁ་ཡ་རྒྱལ་ཁམས་ཀྱི་རུ་དཔུང་གིས་མི་འོང་པས་དོན་མེད་ཀྱི་ཚེགས་ཁོ་ན་ལས་མ་འདས། དེ་བས་བདག་ལ་བློ་གཏོད་དང༌། དེ་རིང་ཉི་མ་ཕན་ཆད་ནས་རྒྱལ་ཁབ་ཆོས་བཞིན་མི་སྐྱོང་རི། འབངས་ལ་བུ་བཞིན་མི་གཅེས་རི་ཞེས་ཚིག་ཐོག་མནའ་ཡིས་མནན་ནས་དེ་ལྟར་སྨོས་པས། ཀུན་གྱི་བློ་བཀུག་ནས་བློན་ཆེན་དང་བཅས་པས་རྒྱལ་པོར་བཀུར་རོ། །
      དེ་ནས་ཉིན་བཟང་སྐར་བཟང་བདམས་ནས། གཞོན་ནུ་དོན་གྲུབ་རྒྱལ་པོའི་ཁྲི་ལ་བཞུགས་པའི་ཆོ་ག་རྒྱ་ཆེན་པོ་དང་སྲས་མོ་བཙུན་མོར་བསུ་བའི་སྟོན་མོ་རྒྱ་ཆེན་པོ་ཉིན་བདུན་རིང་བཤམས་ཤིང༌། མནའ་བཅད་སྤུན་གསུམ་པོར་བློན་ཆེན་གྱི་གོ་གནས་སྤྲད་ནས་རྒྱལ་ཁབ་ཆོས་བཞིན་བསྐྱངས་སོ། །
      གྲོགས་པོ་ཆུང་ཆུང་ཚོ། བྱ་བ་ཅི་ཞིག་བསྒྲུབ་ཀྱང་ཐབས་ལ་བརྟེན་དགོས། མི་སུ་དང་སུ་ཡིན་ཡང༌། སོ་སོར་རང་རང་གི་དགེ་མཚན་རེ་ཡོད་པ་རེད། གཞན་གྱི་བཟང་ཆ་མཐོང་བ་དང༌། གཞན་གྱི་བཟང་ཆར་སློབ་མཁས་པ། གཞན་གྱི་བཟང་ཆར་བརྩི་འཇོག་བྱེད་མཁས་པ་བཅས་ཡིན་ཚེ། དེ་ཡང་དགེ་མཚན་ཞིག་རེད། མི་གཞན་གྱི་བཟང་ཆ་ཁྱོད་ཀྱིས་ཁས་མ་བླངས་ཚེ་མེད་པར་འགྱུར་བ་ཞིག་མ་ཡིན་ལ། ཁྱོད་ཀྱི་སྐྱོན་ཆ་རང་གིས་ཁས་མ་བླངས་ན་མེད་པར་འགྱུར་བ་ཞིག་ཀྱང་གཏན་ནས་མིན། དེ་བས། ང་ཚོས་འཚོ་བ་དང་སློབ་སྦྱོང་ཁྲོད་གཞན་གྱི་བཟང་ཆར་བལྟ་བ་དང་རང་གི་སྐྱོན་ཆར་བལྟས་ན། གཞན་གྱི་དགེ་མཚན་རང་གི་དགེ་མཚན་དུ་འགྱུར་སྲིད།
      མཁས་པའི་ལེགས་བཤད་ལས། མཁས་པ་ཤེས་རབ་ཀྱིས་བསྲུངས་ན། །དགྲ་བོ་མང་ཡང་ག་ལ་ཚུགས། །འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། །གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ། །ཞེས་གསུངས།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号