ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་སྲས་དཔའ་ཐར།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

ཉིན་གསུམ་པོར་སྲས་མོར་གཡོག་འཁོར་མང་པོས་སེམས་ཞིབ་མོས་ཞབས་ཕྱི་བསྒྲུབས་ཤིང༌། དཔའ་ཐར་གྱིས་ནངས་ནམ་ཁ་ལངས་པ་ནས་དགོང་མུན་པ་འཐིབས་རག་བར་སྲས་མོའི་སྐུ་སྲུང་བྱས་ནས་བཞུགས་གྲོགས་མཛད་དེ་སྲས་མོ་ཉིད་ཡབ་ཡུམ་དང་ཕ་ཡུལ་དྲན་པ་དང་ས་ཆ་མེད་འགྲིམས་པའི་སྡུག་བསྔལ་ལས་འགྲོལ་ཅི་ཐུབ་བྱས། ཉིན་གསུམ་པའི་ཞོགས་པར། ཞང་བློན་ཆེན་མོ་འོངས་ནས་ན་རེ། གུས་པའི་སྲས་མོ་ལགས། གོང་མ་རྒྱལ་པོའི་བཀའ་ལ། དེ་རིང་ཉིན་བཟང་སྐར་བཟང་ལ་རྒྱལ་སྲས་དཔའ་ཐར་དང་སྲས་མོ་ཤེས་རབ་བཟང་མོ་ཁྱེད་ཉིད་ཀྱི་བཀྲ་ཤིས་པའི་གཉེན་སྟོན་གྱི་ཆོ་ག་བསྒྲུབ་རྒྱུ་ཡིན་ཕྱིར། སྲས་མོ་ཉིད་ཀྱིས་བག་མའི་རྒྱན་དང་གོས་ནོབས་པར་གྱིས་ཞེས་སྨོས་ནས། ནམ་མཁའི་ལྷ་ལ་འགྲན་པའི་གོས་ཀྱི་རིགས་རྣམ་པ་སྣ་ཚོགས་དང༌། ཀླུ་རྒྱལ་བང་མཛོད་སྟོངས་པའི་རིན་ཆེན་ནོར་བུའི་རྒྱན་ཆ་མང་པོ་སྲས་མོའི་བཞུགས་ཁང་དུ་རི་བོའི་གཏོས་ལྟར་སྤུངས་སོང༌། དེ་ནས་སྲས་མོ་རིན་ཆེན་རྒྱན་ཆ་དང་དར་གོས་ཀྱི་བག་ལྭས་ཡོངས་སུ་བརྒྱན་ཞིང་ཞལ་རས་ལྷ་རྫས་ཁ་བཏགས་དཀར་པོས་བཀབ་སྟེ། ཤར་གྱི་རྒྱལ་ཁབ་ཀྱི་སྲས་མོ་སྐྱེལ་སྲུང་བྱེད་པའི་དཔོན་བློན་དང་གཡོག་མོ་འཁོར་གྱིས་བསྐོར་ནས་སྟོབས་ལྡན་རྒྱལ་ཁབ་ཀྱི་ཞང་བློན་གཙོས་དཔོན་བློན་ཆེ་ཆུང་ཀུན་གྱིས་རུ་སྣ་ཁྲིད་དེ་རྒྱལ་པོའི་ཕོ་བྲང་གི་ཕོ་བྲང་གཙོ་བོ་དགའ་ལྡན་གླིང་དུ་ཕེབས། སྲས་མོ་ཤེས་རབ་བཟང་མོས་ཁོར་ཡུག་ཏུ་གཟིགས་པར། ནམ་རྒྱུན་ཁོ་མོའི་གམ་ནས་གོམ་པ་གསུམ་གྱི་བར་ཐག་མི་གཅོད་པའི་སྐུ་སྲུང་་དཔའ་ཐར་དེ་རིང་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང༌།
གཉེན་སྟོན་གྱི་ཐོག་མར་དགའ་ལྡན་གླིང་ནས་རྒྱལ་སྲས་དཔའ་ཐར་དང་བག་མ་ཤེས་རབ་བཟང་མོ་གཉིས་ཀྱིས་རྒྱལ་པོ་ཡབ་ཡུམ་ལ་ཕྱག་ཕུལ་བ་དང་དེ་མུར་ཤར་གྱི་རྒྱལ་ཁབ་ཀྱི་སྲས་མོ་སྐྱེལ་སྲུང་བྱེད་མཁན་དཔོན་བློན་གྱིས་ཤར་གྱི་རྒྱལ་པོ་ཡབ་ཡུམ་གྱིས་བརྫངས་པའི་རིན་པོ་ཆེ་ལེགས་སྐྱེས་དང་བཅས་སྟོབས་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་དང་བཙུན་མོ་ཟུང་ལ། དེ་རིང་ཉི་མ་ཕན་ཆད་ནས་དེད་ཅག་གི་བསོད་ནམས་ཀྱི་རྟེན་སྐལ་དུ་གྱུར་བ། རྒྱལ་པོ་ཡབ་ཡུམ་མ་ཚད་པར་རྒྱལ་ཁམས་ཡོངས་ཀྱི་དཔྲལ་བའི་མིག་ལྟར་གཅེས་ཤིང་སྲུང་པའི་ལྷ་གཅིག་སྲས་མོ་འདི་ཉིད་ཀྱི་སྐྱིད་སྡུག་རྒྱལ་པོ་ཡབ་ཡུམ་ཁྱེད་གཉིས་དང་རྒྱལ་སྲས་རིན་པོ་ཆེ་ལ་རག་གོ །སྲས་མོ་འདི་ཉིད་སྐུ་ན་ཕྲ་བ་དང་རང་གི་ཡབ་ཡུམ་ཟུང་དང་ཕ་ཡུལ་དང་ཡང་ཤིན་ཏུ་རིང་བས་ན། ཁྱེད་རྣམས་ཀྱིས་མནའ་མའི་ཚད་དུ་མི་འཛིན་པར་རང་གི་ཤ་ལས་ཆད་པའི་བུ་མོ་བཞིན་སྐྱོང་བར་མཁྱེན་ཞེས་མི་ཕོད་པའི་ངུ་ངག་གིས་བཅོལ་གདམས་བྱས་པས། བཙུན་མོ་གཙོས་དེར་བཞུགས་ཀུན་གྱིས་སྤྱན་ཆབ་ཤོར་སོང༌། དེ་ནས་རྒྱལ་སྲས་དང་ན་ཆུང་སྲས་མོ་མང་པོས་བསྐོར་ནས་སྲས་མོ་ཤེས་་རབ་བཟང་མོ་བཞུགས་གནས་གསར་བ་བཀྲ་ཤིས་གླིང་དུ་ཕེབས། གུས་པའི་སྲས་མོ་ལགས། འདི་ནི་ཁྱེད་དང་བདག་གཉིས་ཀྱི་སྐྱིད་ལ་སྡུག་པའི་མི་ཚེ་སྐྱེལ་ས་ཡིན་པས། དེ་རིང་ཉི་མ་ཕན་ཆད་ནས་བཀྲ་ཤིས་གླིང་འདི་ནས་སྐྱིད་ཀྱི་ཉིན་མོ་ལས་སྡུག་གི་མཚན་མོ་མེད་པར་སྨོན། ཨ་ལ།ཅི་འདྲའི་བརྩེ་ཞིང་རྣ་ལ་གོམས་པའི་སྐད་སྙན་ཞིག་གོ །བདག་གི་ཐོས་པ་ནོར་རམ། སྲས་མོས་དོགས་གཞི་དང་བཅས་ཉིན་གང་བོར་ཟུམ་པའི་ཞལ་གྱི་པད་མོ་དལ་གྱིས་བཞད་པ་ན། སྐུ་སྲུང་དཔའ་ཐར་དེ་ཉིད་རྒྱལ་སྲས་ཀྱི་གཟབ་འཕྱོར་གྱིས་སྤྲས་ཤིང་སྟག་ཤ་རའི་རྒྱན་གོས་དུ་མས་ལེགས་པོར་བརྒྱན་ནས་ཞོགས་པའི་ཉི་གཞོན་ཤར་འདྲའི་གཟི་ཉམས་དང་བཅས་འཛུམ་དམུལ་ལེར་ཁོ་མོའི་མདུན་དུ་བཞེངས་འདུག
རྒྱལ་སྲས་དཔའ་ཐར་དང་སྲས་མོ་ཤེས་རབ་བཟང་མོའི་གཉེན་གྱི་སྟོན་མོ་ཆེན་མོ་ཉིན་བདུན་རིང་བཤམས་ཤིང༌། འབངས་མི་ཡོངས་ལ་ཟས་ནོར་གྱི་སྦྱིན་པ་གཏོང་བ་སོགས་དགེ་བའི་ལས་བསམ་གྱིས་མི་ཁྱབ་པ་དུ་མ་དོན་དུ་གཉེར་ནས་རྒྱལ་ཁམས་ཡོངས་ཚིམ་པར་བྱས་སོ། །
རྒྱལ་སྲས་དཔའ་ཐར་དང་སྲས་མོ་ཤེས་རབ་བཟང་མོ་གཉིས་ཀྱང་མཛའ་བའི་ཕྱག་རྒྱས་བཅངས་པའི་ཉིན་མོ་དེ་ནས་བཟུང༌། བརྩེ་བའི་མདུད་པ་སྐད་ཅིག་ཙམ་ལའང་མ་ལྷོད་པར་ཀུན་གྱིས་ཡིད་སྨོན་དི་རི་རི་བྱེད་བཞིན་ཚེ་གང་བོར་བདེ་སྐྱིད་ཀྱི་འཚོ་བར་རོལ་ལོ། །
གྲོགས་པོ་ཆུང་ཆུང་ཚོ། རྒྱལ་སྲས་དཔའ་ཐར་དང་སྲས་མོ་ཤེས་རབ་བཟང་མོ་ལྟ་བུའི་གཏམ་རྒྱུད་ནི་ང་ཚོའི་ཕ་མ་དག་གི་བྱིས་དུས་དང་ང་ཚོའི་བུ་རབས་དག་གི་བྱིས་དུས། ང་ཚོ་རང་གི་བྱིས་དུས་བཅས་སུ་རྣ་བའི་བདུད་རྩི་དང་སེམས་ཀྱི་གསོ་བཅུད་དུ་གྱུར་ཞིང༌། ནམ་ཡང་སུན་པ་མེད་པའི་བྱིས་པའི་གཏམ་སྒྲུང་རེད། རྒྱུ་མཚན་ནི། རྒྱལ་སྲས་དཔའ་ཐར་དང་སྲས་མོ་ཤེས་རབ་བཟང་མོ་སོགས་གཏམ་སྒྲུང་ཁྲོད་ཀྱི་མི་སྣ་དེ་དག་ལ་བློ་རིག་འཛོམས་ཤིང་སྤྱང་གྲུང་ལྡན་པ་དང༌། གཤིས་རྒྱུད་བཟང་ཞིང་དཔའ་སྟོབས་ཆེ་ལ། བྱམས་སྙིང་རྗེ་དང་ལྡན་པས་ན། ང་ཚོས་སེམས་གཏིང་ནས་དགའ་ཞེན་བྱེད་འོས་པ་མ་ཡིན་ནམ།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号