ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་སྲས་དཔའ་ཐར།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་བོའི་རྒྱལ་ཁབ་སྟོབས་ལྡན་ཞིག་ན། རྒྱལ་བོ་ཁྱོ་ཤུག་ལ་རྒྱལ་སྲས་གཅིག་མ་གཏོགས་མ་སྐྱེས་པར་བུ་ཁེར་སྐྱེས་སུ་ལུས་པའི་མིང་ལ་དཔའ་ཐར་ཟེར། རྒྱལ་སྲས་དཔའ་ཐར་ལྷན་སྐྱེས་ཀྱི་བློ་རིག་གྲུང་པ་མ་ཟད། ལོ་ན་ཕྲ་བའི་དུས་ནས་སྦྱངས་བརྩོན་ལ་བཏང་ལྷོད་མེད་པར་ཤེས་བྱ་ཡོད་དོ་ཅོག་དང་ཕོ་རྩལ་སྣ་དགུ་དཔྱིས་ཕྱིན་པར་སྦྱངས།
      ཕྱིས་སུ་ལོ་ཟླ་རིང་མོ་རིམ་གྱིས་འདས་པ་དང་རྒྱལ་སྲས་དཔའ་ཐར་ཡང་ལང་ཚོ་དར་ལ་བབས་པས། རྒྱལ་པོ་དང་བཙུན་མོས་རྒྱལ་སྲས་ལ་བག་མ་བསུ་རན་སྙམ་ནས་རྒྱལ་སྲས་ཀྱི་འདོད་བློ་དྲིས། རྒྱལ་སྲས་ན་རེ། ཐོབ་དཀའི་དལ་འབྱོར་མི་ལུས་སྦྱིན་པའི་དྲིན་ཅན་ཡབ་ཡུམ་རིན་པོ་ཆེ། གལ་ཏེ་ཁྱེད་གཉིས་ཀྱིས་སྲས་ང་ལ་མནའ་མ་ཞིག་བསུ་བསམ་ན། བུ་ང་ལ་ཆ་རྐྱེན་གཅིག་ཡོད། དེ་ནི་བུ་མོའི་གཤིས་རྒྱུད་ལེགས་དགོས་ཞེས་སྨྲས། རྒྱལ་པོ་ཁྱོ་ཤུག་རྒྱལ་སྲས་ཀྱི་འདུན་པར་ཤིན་ཏུ་འཐད་པ་བྱུང་ནས་ན་རེ། ལེགས་སོ། ། བདག་གི་བུ། མི་གཤིས་ནི་ཡོད་ཚད་ལས་གལ་ཆེ་བ་རེད། ཡིན་ཡང༌། དེ་ལ་དཀའ་ཁག་ཆེན་པོ་མི་འདུག རང་རེའི་རྒྱལ་ཁབ་འདི་འདྲའི་ཡངས་པས་མི་ཡིས་མི་དཀོན། རང་རེའི་རྒྱལ་ཁབ་འདི་འདྲའི་སྟོབས་དང་ལྡན་ཕྱིར། རྒྱུ་ནོར་གྱིས་མི་དབུལ་པས་ན། རྒྱལ་ཁབ་གང་དུའང་འཚོལ་ཆོག་ཅེས་སྨོས།
      དེ་ནས་རྒྱལ་པོས་བློན་ཆེན་དག་མདུན་དུ་བོས་ནས། རྒྱལ་སྲས་ཀྱི་འདོད་བློ་ལྟར་ས་ཕྱོགས་སོ་སོར་བག་མ་འཚོལ་བའི་ཕོ་ཉ་མངག་དགོས་པའི་བཀའ་བབས།
      བག་མ་འཚོལ་བའི་ཕོ་ཉ་རྣམས་ས་ཆ་རེ་རེ་དང་སྡེ་བ་རེ་རེར་མྱུལ་ནས་མངོན་ལྐོག་གཉིས་ཐབས་ཀྱིས་འཚོལ་ཡང་རྒྱལ་སྲས་ཀྱི་བག་མར་འོས་པ་ཞིག་རི་བོང་རྭ་ལྟར་དཀོན་ནོ། །རྒྱལ་སྲས་ལ་བག་མ་འཚོལ་བའི་གཏམ་དང་རྒྱལ་སྲས་ཀྱི་སྙན་པའི་བ་དན་ཕྱོགས་ཕྱོགས་སུ་རླུང་ལྟར་ཁྱབ་སོང༌།
      ཤར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རྒྱལ་པོའི་སྲས་མོ་ཞིག་གིས་རྒྱལ་སྲས་དཔའ་ཐར་གྱི་སྙན་གྲགས་ཐོས་ནས་རྒྱལ་སྲས་དཔའ་ཐར་ལ་ཡིད་སྨོན་ཤོར། མནའ་མ་འཚོལ་བའི་ཕོ་ཉ་རྣམས་རེ་རེ་བཞིན་འབྲས་མེད་དུ་ཕྱིར་གོང་མའི་ཕོ་བྲང་དུ་ཕྱིན།
      ཡབ་རྒྱལ་པོས་སླར་ཡང་བློན་ཆེན་རྣམས་བསྡུས་ནས་རྒྱལ་ཁབ་གཞན་ལ་འཚོལ་དུ་སོང༌། ཕྱོགས་བཞིའི་རྒྱལ་ཁབ་ཀྱི་སྲས་མོ་ཡོད་དོ་ཅོག་དཔྱད་པར་གྱིས་ཞེས་བཀའ་བབས་པས། ཕོ་ཉ་རྣམས་ཀྱང་རིངས་པའི་སྟབས་ཀྱིས་ཕྱོགས་བཞིའི་རྒྱལ་ཁབ་ཏུ་བརྟག་པར་ཆས་སོང༌།
      ཟླ་གསུམ་ཉིན་གསུམ་འགོར་རྗེས། ཕོ་ཉ་རྣམས་ཀྱིས་ཤར་ནུབ་ལྷོ་བྱང་ཕྱོགས་བཞིའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྲས་མོ་དག་གི་རྒྱུས་བླངས་ནས་ཕྱིར་རྒྱལ་པོའི་སྐུ་མདུན་དུ་འོངས།
ལྷོ་ཕྱོགས་རྒྱལ་ཁབ་ཏུ་སོང་བའི་ཕོ་ཉ་བློན་པོ་ན་རེ། རྒྱལ་པོ་རིན་པོ་ཆེ། ལྷོ་ཡི་རྒྱལ་ཁབ་ལ་སྲས་མོ་ལྷ་མོ་ཟེར་བ་ཞིག་ཡོད། སྲས་མོ་དེ་ནི་ཕྱིའི་གཟུགས་བྱད་མཛེས་པ་ནམ་མཁའི་ལྷ་མོ་འདྲ། ཡིན་ཡང༌།བློ་རིག་པ་ཞན་ལ་ནང་གི་ཡོན་ཏན་མེད་ཟེར། རྒྱལ་སྲས་ན་རེ། ནང་གི་ཡོན་ཏན་ནི་མིའི་སྲོག་དང་འདྲ་བས། གཟུགས་བྱད་མཛེས་པ་ཁོ་ནས་རྒྱལ་སྲས་ཀྱི་མནའ་མར་མི་འོས་ཞེས་ཟེར།
ནུབ་ཀྱི་རྒྱལ་ཁབ་ལ་སོང་བའི་ཕོ་ཉ་བློན་པོ་ན་རེ། རྒྱལ་པོ་རིན་པོ་ཆེ། ནུབ་ཀྱི་རྒྱལ་པོར་སྲས་མོ་རིག་འཛིན་སྒྲོལ་མ་ཟེར་བ་ཞིག་ཡོད། སྲས་མོ་དེ་ནི་ཕྱི་ཡི་སྐྱེས་གཟུགས་རྒྱུ་སྐར་ཁྲོད་ཀྱི་ཉ་གང་ཟླ་བ་བཞིན། ཡིན་ཡང༌། མོ་རྩལ་སྣ་དགུའི་རྩལ་གྱིས་དབེན་ཟེར། རྒྱལ་སྲས་ན་རེ། མ་འོངས་པ་ན་རྒྱལ་སྲིད་ཁུར་དུ་ལེན་པའི་རྒྱལ་སྲས་བདག་གི་ཆུང་མ་ནི་རྒྱལ་ཁམས་མཛངས་མའི་གོ་འཕང་ལྡན་དགོས་པས། མོ་རྩལ་སྣ་དགུས་དབེན་ཚེ་ང་ཡི་ཆུང་མར་མི་འོས་ཞེས་ཟེར།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号