ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་སྲས་དཔའ་ཐར།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

རྒྱལ་པོ་ཡབ་ཡུམ་གྱིས་སྲས་མོ་གམ་དུ་བོས་ནས་ན་རེ། བདག་གི་སྙིང་གི་དུམ་བུ། སྟོབས་ལྡན་རྒྱལ་ཁབ་ཀྱིས་གཉེན་གྱི་ཕོ་ཉ་མངགས་ནས་འོངས། སྟོབས་ལྡན་རྒྱལ་ཁབ་དེ་ནི་སྟོབས་འབྱོར་མངའ་ཐང་ལྡན། སྲིད་ཀྱི་ཟིལ་ཤུགས་ཆེ། རྒྱལ་སྲས་དཔའ་ཐར་དེ་ལ་ཕོ་རྩལ་སྣ་དགུ་འཛོམས། གཤིས་རྒྱུད་ཀུན་ལས་འཕགས། འཇིག་རྟེན་སྐྱ་ཡ་དེ་ཡི་ཡན་ན་མེད། བུ་མོའི་གཏན་གྱི་བདེ་སྐྱིད་བཅོལ་ས་དེ་ཡི་ཡན་ན་དཀོན། ཡབ་ཡུམ་བགྲོས་ནས་མི་ཕོད་བཞིན་དུ་བུ་མོ་དེ་ལ་བྱིན་ནོ། །ཞེས་སྨོས་པ་དང༌། ད་ནས་རང་གི་ཤ་ལས་ཆད་ཅིང་དཔྲལ་བའི་མིག་ལྟར་གྱུར་བའི་སྲས་མོ་གཅིག་པུ་དང་རིང་ནས་གྱེས་དགོས་བསམ་མ་ཐག་ཁོང་གི་སྙིང་བལ་བ་ལྟ་བུའི་ན་ཟུག་སྐྱེས་ནས། རྒྱལ་པོ་ཡབ་ཡུམ་རང་དབང་མེད་པར་མགྲིན་པ་བརྣངས་ཤིང་སྤྱན་ཆབ་ཉིལ་ལེར་བརྒྱལ་སོང༌།
སྲས་མོའང་ཤིན་ཏུ་ཡིད་སྐྱོ་བ་ཞིག་བྱུང་ནས། འདུས་པའི་མཐའ་མ་འབྲལ་དགོས་པ་ནི་འཇིག་རྟེན་འཁོར་བའི་སྤྱིའི་སྡུག་བསྔལ་ཡིན་ནའང༌། བྱིས་པའི་རྩེད་མོའི་དུས་ཀྱང་མ་ཡལ་བར་རང་གི་བྱམས་པའི་ཡབ་ཡུམ་དང་སྐྱིད་པའི་ཕ་ཡུལ། ན་ཟླ་རྩེད་གྲོགས་དང་རིང་དུ་གྱེས་ནས་རྒྱུས་བ་སྤུའི་རྩེ་མོ་ཙམ་ཡང་མི་མངའ་བའི་གནས་ཆ་མེད་འགྲིམས་ནས་མི་ཆ་མེད་དང་འགྲོགས་དགོས་པའི་སྐྱེས་དམན་བུ་མོ་དག་གི་སྡུག་བསྔལ་གྱི་ལས་དབང་འདི་ནི་ཅི་འདྲའི་སྐྱོ་བ་ལ་བསམས་ནས་མཆི་མའི་མུ་ཏིག་ཕྲེང་བ་སྲས་མོ་ཤེས་རབ་བཟང་མོའི་ཞལ་རས་དུང་ཟླ་དཀར་པོའི་ངོས་ནས་སིལ་བུར་འཐོར་འོངས། རེ་ཞིག་ནས་སྲས་མོ་ན་རེ། བདག་ལ་ཁོང་གི་སྙིང་ལྟར་གཅེས་པའི་ཡབ་ཡུམ་ལགས། བྱམས་པའི་ཡབ་ཡུམ་དང་སྐྱིད་པའི་ཕ་ཡུལ་དང་འབྲལ་དགོས་བསམས་ན་ཡིད་སྐྱོ་བ་ལ་ཚད་མེད་པ་ཞིག་ཡིན་མོད། ཡིན་ནའང། གནས་ཡུལ་འགྲིམས་པ་བུ་མོ་སྤྱི་ཡི་ལས་དབང་ཡིན་པས། བུ་མོ་ངས་ཀྱང་ཡབ་ཡུམ་ཟུང་གི་ཁ་ལེན་ཚིག་བརྩིའོ། །ཞེས་ལན་བཏབ།
ཉིན་གསུམ་པར་ཤར་གྱི་རྒྱལ་པོས་རང་རེའི་ལྷ་གཅིག་སྲས་མོ་སྟོབས་ལྡན་རྒྱལ་ཁབ་ཀྱི་རྒྱལ་སྲས་དཔའ་ཐར་ལ་བག་མར་གནང་ངོ༌། །ཞེས་བཀའ་ཡིག་ཁྲོམ་བསྒྲགས་བྱས།
སྟོབས་ལྡན་རྒྱལ་ཁབ་ཀྱིས་དེ་མ་ཐག་གཉེན་བསུ་བའི་སྟ་གོན་རྒྱ་ཆེན་པོ་བྱས་ཏེ། རུ་དཔུང་གཟབ་རྒྱས་ཆེ་བས་གསེར་དངུལ་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་རི་རབ་ལྟར་ཁྱེར་ནས་ཤར་གྱི་རྒྱལ་ཁབ་ཀྱི་ལྷ་གཅིག་སྲས་མོ་ཤེས་རབ་བཟང་མོ་བསུ་རུ་སོང༌། རྒྱལ་སྲས་དཔའ་ཐར་གྱིས་སྲས་མོ་བསུ་བར་ང་རང་ཅིས་ཀྱང་འགྲོ་དགོས། ཡིན་ཡང་ང་རྒྱལ་སྲས་ཡིན་པ་གསང་དགོས་ཟེར་ནས་གཉེན་བསུ་རུ་དཔུང་དང་མཉམ་དུ་སོང་ཞིང༌། རྒྱལ་མཁར་ཕྱུག་མོར་སླེབ་སྐབས། གཉེན་བསུ་བའི་རུ་དཔུང་ལ། ད་ནས་བཟུང་ཕྱིར་རང་ཡུལ་ཕོ་བྲང་དུ་མ་སླེབ་གོང་ང་རྒྱལ་སྲས་ཡིན་པ་སུ་ལའང་བཤད་མི་རུང༌། སུས་བཤད་ན་དེ་ལ་ཆད་པ་ལྕི་མོ་གཅོད་དེས་ཡིན་ཟེར་ནས་གཅིག་པུར་ཕྱིན་སོང༌།
ཤར་གྱི་རྒྱལ་ཁབ་ཀྱིས་ཀྱང་སྲས་མོ་གནས་ལ་སྐྱེལ་བའི་སྟ་གོན་ལ་རེམ་པ་དང༌། སྲས་མོས་རང་ཉིད་མི་འགྱངས་པར་ཐག་རིང་ཡུལ་ལ་འགྲོ་དགོས་བསམས་ནས་ཞེ་ཤིན་ཏུ་སྡུག་སྟེ། ཉིན་མཚན་ཀུན་ཏུ་ཟས་ཀྱང་མི་འདོད་པའི་སྐབས་དེར། སྔོན་གྱི་སྐུ་སྲུང་དཔའ་ཐར་སྔར་ལས་གཟི་ཉམས་དང་བཅས་གློ་བུར་དུ་སླེབ་བྱུང༌། སྲས་མོ་དགའ་དྲགས་སེམས་སྡུག་གི་མུན་པ་རེ་ཞིག་སངས་ནས། ཁྱོད་རང་གང་ནས་འོང༌། དེ་རིང་ཇི་ལྟར་སླེབ་ཞེས་འདྲི་ཚིག་མང་པོ་དུས་གཅིག་ལ་དྲིས་པ་ན། དཔའ་ཐར་གྱི་ཞལ་ལ་ཉི་མ་ཤར་འདྲའི་འཛུམ་ཞིག་རྒྱས་ནས། སྲས་མོ་བྲེལ་བ་མ་ལངས། བདག་གི་སྐད་ཆར་དལ་མོར་གསན་པར་ཞུ། སྔོན་མ་ང་སྲས་མོ་དང་ཁ་གྱེས་དུས་མི་རིང་བར་འཕྲད་འོང་ཟེར་བ་མིན་ནམ། ཕྲན་ངས་སྲས་མོ་ཉིད་སྟོབས་ལྡན་རྒྱལ་ཁབ་ཀྱི་བསོད་ནམས་ཀྱི་སྐལ་ལ་གནང་བ་ཐོས་ནས་མྱུར་དུ་ཁྱེད་ལ་སྐྱེལ་མ་ཞུ་བར་འོངས་པ་ཡིན་ཟེར་བས། སྲས་མོས་སེམས་ཀྱི་སྐྱོ་བ་འགོག་མ་ཐུབ་པར་མགོ་བོ་སྨད་དེ་མིག་ཆུ་ཤོར། རྒྱལ་སྲས་ན་རེ། སྲས་མོའི་སེམས་དེ་འདྲ་མ་སྡུག་ཅིག སྟོབས་ལྡན་རྒྱལ་ཁབ་ཀྱི་རྒྱལ་སྲས་དེ་ནི་ངང་རྒྱུད་འཇམ་ཞིང་གཤིས་རྒྱུད་ལེགས་པའི་ཡ་རབས་སྤྱོད་པ་ཤ་སྟག་འཛིན་པ་ཞིག་རེད་ཅེས་ཀུན་གྱིས་བསྒྲགས་པས། བློ་གཏོད་ཆོག་པའི་སྐྱེ་ཕོ་རབ་ཅིག་ཡིན་པར་གདོན་མི་ཟ། གལ་ཏེ་སྲས་མོ་གཅིག་པུར་གནས་ཆ་མེད་འགྲིམས་པར་ཡིད་སྐྱོ་ཚེ། ཕྲན་ང་སྔོན་ཆད་ཀྱང་སྲས་མོའི་སྐུ་སྲུང་ཡིན་པ་ལ། ད་རེབ་ཀྱང་སྲས་མོའི་རྗེས་འབྲངས་ནས་ཚེ་འདིར་དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་སྲས་མོ་ཁྱེད་ཀྱི་སྐུ་སྲུང་བྱའོ་ཟེར་བས་སྲས་མོ་ཤིན་ཏུ་དགའ་ནས་མིག་མཆི་མ་ཤ་ལེར་འཛུམ་བྱུང༌།
དེ་ནས་ཅང་མ་འགོར་བར། ཉིན་བཟང་སྐར་བཟང་ལ།སྟོབས་ལྡན་རྒྱལ་ཁབ་ཀྱི་མ་ཞང་དང་བཅས་པའི་བློན་ཆེན་གསུམ་པོས་གཉེན་བསུ་བའི་དཔུང་གེ་རུ་སྣ་དྲངས་ནས། སྲས༌མོ་ཤེས་རབ་བཟང་མོ་བསུས་ནས་ལམ་ལ་ཆས་མགོ་བརྩམས། རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པས་དང་ཐོག་ཉིན་གཅིག་གི་ལམ་ལ་བསྐྱལ་རྒྱུ་བྱས། ཉིན་དང་པོར་བསྐྱལ་རྗེས། བློས་མ་ཐོངས་པར་ཉིན་གཉིས་ཀྱི་ལམ་ལ་བསྐྱལ། དེ་ནས་ཀྱང་འབྲལ་བར་མ་བཟོད་པར་ཉིན་གསུམ་གྱི་ལམ་ཐག་བརྒྱུད།
ཉིན་བཞི་པར། ཞོགས་པའི་ཉི་རྩེ་ཤར་རིའི་རྩེ་ལ་འཕགས་དུས།སྲས་མོ་ཤེས་རབ་བཟང་མོ་སྔ་མོ་ནས་མལ་ལས་ལངས་ནས་ཡབ་ཡུམ་ཟུང་ལ་འབྲི་མར་གསོལ་ཇ་དྲངས་ཤིང༌། ཡབ་ཡུམ་གཉིས་ཀྱི་ཞབས་སྤྱི་བོར་བླངས་ཏེ་ཕྱག་གསུམ་འཚལ་ནས་ན་རེ། སྙིང་ནས་བརྩེ་བའི་ཡབ་ཆེན་ལགས། །ཤ་ནས་བྱམས་པའི་ཡུམ་ཆེན་ལགས། །བུ་མོ་གནས་ཡུལ་འགྲིམས་པ་ལ། །དྲིན་ཆེན་ཡབ་ཡུམ་བསྐྱུར་ནས་ནི། །གཅིག་པུར་བགྲོད་དགོས་བསམ་ཙ་ན། །སེམས་ཀྱི་སྡུག་བསྔལ་བཟོད་གླགས་བྲལ། །ཡབ་ཡུམ་ཟུང་གིས་མ་ཕོད་པར། །ཉིན་ནས་ཉིན་ལ་སྐྱེལ་མ་བྱས། །ཐུགས་ཀྱི་སྡུག་བསྔལ་མ་ཚད་པར། །སྐུ་ལུས་ཚེགས་ལ་གཏད་པ་འདི། །བུ་མོས་སེམས་ཀྱིས་བཟོད་པར་དཀའ། །དེ་རིང་ཉི་མ་འདི་ནས་བཟུང༌། །བུ་མོ་མི་འདུག་གནས་ཡུལ་འགྲིམས། །དྲིན་ཅན་ཡབ་ཡུམ་བཞུགས་པར་གྱིས། །བུ་མོ་ཐུགས་ལ་མི་འཁྲེང་བར། །མྱུར་དུ་ཡུལ་ལ་ཕེབས་པར་ཞུ། །ཡབ་ཡུམ་སྐུ་ལུས་བདེ་བར་སྨོན། །ཞེས་ཞུ་བ་ཡང་ཡང་བཏབ་མཐར། ཡབ་ཡུམ་ཟུང་གིས་བདེན་པ་བུ་མོ་ཁྱོད་རང་བདེན། བློས་ཀྱིས་མི་ཐོངས་པར་གདའ་མོད། ཡིན་ཡང་སྔ་རུང་འཕྱི་རུང་འབྲལ་དགོས་པས། བུ་མོ་ཁྱོད་ཀྱིས་བཤད་པ་ལྟར་བྱ་ཟེར་ནས་བཀྲ་ཤིས་པའི་གཡང་འབོད་དང་བཅས་སྲས་མོ་ཤེས་རབ་བཟང་མོ་གཉེན་བསུ་རུ་དཔུང་ཆེན་མོ་དང་བཅས་པ་ལམ་ལ་ཆས་སོང༌།
སྲས་མོ་འཁོར་དང་བཅས་པ་ཇ་ལམ་ཞིག་ལ་སོང་ནས་ལུང་བ་ཆེན་མོ་ཞིག་གི་ཁར་བུད་དེ་ཕྱི་མིག་ཅིག་བལྟས་པ་ན། ཡབ་ཡུམ་འཁོར་དང་བཅས་པ་ད་དུང་ཕ་གི་གདོང་སྣ་དེ་ན་གདུགས་རྒྱན་མཚན་དང་བཅས་སེར་ཕུང་དེར་ཁོ་ཚོའི་རྗེས་ལ་བལྟས་གདའ། སྲས་མོ་ཤེས་རབ་བཟང་མོ་ཡབ་ཡུམ་ལ་སེམས་འཁྲེང་དྲགས་ད་ལྟ་ཉིད་དུ་ཕྱིར་ཡབ་ཡུམ་གམ་དུ་ལོག་ན་སྙམ་ནས་ཡུག་ཅིག་ལ་དྲན་མེད་དུ་བརྒྱལ་སོང༌།
དཔའ་ཐར་གྱིས་ལམ་ལ་ཆས་པའི་ཉིན་དང་པོ་ནས་བཟུང༌། སྲས་མོའི་བཅིབས་རྟའི་སྲབ་མདའ་ནས་ཁྲིད་དེ་རྟ་ཐོག་དུ་ཞོན་པའི་ཡར་འདེགས་དང་རྟ་ལས་འབབ་པའི་སྐྱོར་མ་བྱེད་པ་སོགས་སྲུང་སྐྱོབ་གང་ལེགས་བྱས་ནས། སྐད་ཅིག་ཙམ་ལའང་མ་བྲལ་བར། སྲས་མོ་དང་རྒྱལ་པོ་ཡབ་ཡུམ་ཕན་ཚུན་འབྲལ་བར་མ་བཟོད་པའི་ཡིད་སྐྱོ་བའི་རྣམ་པ་དེ་དག་དངོས་སུ་མཐོང་བས། སེམས་འགུལ་གྱི་མཆི་མ་དབང་མེད་དུ་ཤོར་ཞིང༌། ད་ནས་བཟུང༌། སྲས་མོ་ཤེས་རབ་བཟང་མོའི་སེམས་ཀྱི་སྡུག་བསྔལ་བདག་གིས་སེལ་དགོས་སྙམ།
སྲས་མོའི་གཉེན་གྱི་རུ་དཔུང་རྒྱལ་མཁར་ཕྱུག་མོ་ནས་ལམ་ལ་ཆས་པ་ནས་བཟུང༌། ལམ་བར་ཀུན་ཏུ་འབངས་མི་སེར་གྱིས་སྐྱེལ་མ་ཞུ་བའི་ཕྲེང་བསྒྲིགས་ནས་གླུ་ལེན་གར་རྩེ་བྱས་ཤིང༌། མེ་ཏོག་གང་མཛེས་དང་ལྷ་རྫས་གང་གཙང་གིས་གྲུ་ཆར་བར་མེད་དུ་ཕབ་བྱུང༌། དེ་ལྟར་གཉེན་བསུ་བའི་རུ་དཔུང་ཟླ་གསུམ་ལ་བསྐྱོད་མཐར་སྟོབས་ལྡན་རྒྱལ་ཁབ་ཀྱི་རྒྱལ་མཁར་མཐོང་བ་ཀུན་སྨོན་དུ་བསླེབས། རྒྱལ་མཁར་མཐོང་བ་ཀུན་སྨོན་དུ་མི་ཚོགས་ཀྱི་ཕྲེང་བ་རི་རྒྱུད་ལྟར་བརྗིད་པ་དང༌། ཁ་གཡང་དང་གླུ་སྒྲས་གནམ་ས་འགེངས་ཤིང༌། མེ་ཏོག་དང་ཁ་བཏགས་ཀྱིས་རྒྱ་མཚོ་འཁྱིལ་འདུག ཕོ་བྲང་དུ་ཕྱིན་ནས་ཞང་བློན་ན་རེ། སྲས་མོ་ལགས། རྒྱལ་པོ་རིན་པོ་ཆེའི་བཀའ་ལ། ལམ་ཐག་རིང་མོ་བརྒྱུད་ནས་སྲས་མོ་ཤིན་ཏུ་སྐུ་ངལ་ཆེ་བས་སང་ཉིན་ནས་ཉིན་གསུམ་ལ་སྐུ་ངལ་གསོ་བར་གྱིས། ཉིན་གསུམ་གྱི་རྗེས་ནས། རྒྱལ་པོ་ཡབ་ཡུམ་དང་རྒྱལ་སྲས་ཀྱིས་སྲས་མོར་མཇལ་ཁ་གནང་ནས་བསུ་བ་མཛད་དོ། །ཟེར་ནས་ཕྱིན་སོང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号