ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་སྲས་དཔའ་ཐར།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      རྒྱལ་པོ་དང་བཙུན་མོ་ཐག་རིང་དུ་སོང་ནས་ཅང་མ་འགོར་བར། ཉིན་ཞིག་ལ། སྲས་མོར་སུན་སྣང་ཞིག་སྐྱེས་ནས། སྐུ་སྲུང་པ་དཔའ་ཐར་དང་བཅས་ཕོ་བྲང་དང་བར་ཐག་ཅུང་རིང་སའི་མཚོ་ཁ་རུ་སྐྱོ་སངས་ལ་སོང༌། སྐབས་དེར། མུ་ཏིག་སོགས་རིན་ཆེན་ནོར་བུས་བྱུར་བུར་གཏམས་པའི་ཚོང་གྲུ་ཞིག་དལ་གྱིས་མཚོ་འགྲམ་དུ་བསླེབས་པ་དང་ཕྲད། ཚོང་གྲུའི་སྟེང་གི་ཚོང་བ་ཆེན་པོས་མཛེས་སྡུག་ཡིད་དུ་འོང་བའི་སྲས་མོ་མཐོང་ནས་ཡིད་ཀྱི་བརྟན་པ་ཡོངས་སུ་ཕྲོགས་ཏེ་ཅི་བྱུང་ཡང་སྲས་མོ་ཆུང་མར་ལེན་རྒྱུའི་དམ་བཅས།
      ཕྱིས་སུ་ཁོས་རྒྱལ་པོའི་སྲས་མོ་ཡིན་པ་ཤེས་ཀྱང་སེམས་མ་ཤི་བར་རྒྱུ་ཤེད་ངོམ་ནས་ལག་ཏུ་ཐོབ་པར་བྱ་བསམས། ཁོས་ཕྱོགས་ཕྱོགས་སུ་རྩད་བཅད་མཐར། སྲས་མོ་དང་ཆེས་ཉེ་བ་སྐུ་སྲུང་དཔའ་ཐར་ཡིན་པ་ཤེས། ཚོང་བ་ཆེན་མོ་དེས་ཐབས་སྣ་ཚོགས་འཐེན་ནས་དཔའ་ཐར་དང་ཕྲད། ཁོས་དཔའ་ཐར་ལ་རྒྱུ་བརྫངས་ནས་ན་རེ། ང་ཡིས་རྒྱལ་པོའི་སྲས་མོ་ཤིན་ཏུ་བློར་འབབ་པས། སྲས་མོས་ཀྱང་ང་རང་བློར་འབབ་པར་རེ། ང་ཚོང་བ་ཆེན་པོ་ཞིག་ཡིན། སྲས་མོར་ཅི་ཞིག་མཁོ་ཡང་ང་ཡིས་དེ་སྦྱིན་ཐུབ། གལ་ཏེ་ཁྱོད་ཀྱིས་ང་ལ་རོགས་བྱས་ནས་ང་ཡི་རེ་བ་མངོན་འགྱུར་བྱས་ཚེ། ང་ཡིས་ཁྱོད་ལ་དངུལ་སྲང་ལྔ་བརྒྱ་སྟེར་ཟེར། དཔའ་ཐར་གྱིས་འདི་ནི་སྲས་མོར་ཉམས་ཚོད་ལེན་པའི་གོ་སྐབས་བཟང་པོ་ཞིག་ཡིན་སྙམ་ནས། ཐབས་ཀྱིས་ཚོང་དཔོན་ཀྱི་རེ་བ་དང་དུ་བླངས་པ་མ་ཟད། ཚོང་བ་ཆེན་མོའི་སྐད་ཆ་སྲས་མོར་བཤད། སྲས་མོས་ཐོས་རྗེས་ཡིད་ནས་ཤིན་ཏུ་མ་རང་མོད། ཡིན་ཡང༌། མོས་བསམ་བློ་ཞིག་བཏང་རྗེས་ན་རེ། དེས་ན་བཟང་གི ཁྱོད་ཀྱིས་ཚོང་བ་དེ་ལ་དོ་དགོང་ང་ཡི་བཞུགས་གནས་སུ་ཤོག་དང་ང་ཡིས༌ཁོ་དང་ཁ་བརྡ་ཐེངས་ཞིག་བྱ། ང་ཡིས་ཁོ་ལ་ནམ་གུང་ཆུ་ཚོད་བཅུ་གཉིས་བར་གོ་སྐབས་སྦྱིན།གལ་ཏེ། མཚན་མོ་ཆུ་ཚོད་བཅུ་གཉིས་བར་ཁོས་ང་ཡི་བློ་འགུགས་ནུས་ཚེ། ངས་ཁོའི་རེ་བ་དང་ལེན་བྱ། གལ་ཏེ། ཁོས་ང་ཡི་བློ་འགུགས་མ་ནུས་ཚེ། ཆུ་ཆོད་བཅུ་གཉིས་སྟེང་ནས་བདག་གིས་ཁོ་རང་ཕྱིར་བསྐྲོད་དེས། ཡིན་ཡང་ཁོའི་རིན་པོ་ཆེ་གྲུ་གང་བོ་ང་ལ་དབང་ཞེས་ཤོད། ཁོ་དང་གྲོས་ཡིག་ཕྲིས། ཕྱིས་སུ་ཕོ་རབ་ཚིག་ཐོག་ཡིན་ངརྒོས་ཟེར།
      སྐུ་སྲུང་དཔའ་ཐར་གྱིས་སྲས་མོའི་སྐད་ཆ་ཇི་མ་ཇི་བའིན་དུ་ཚོང་དཔོན་ཆེན་མོར་བརྗོད། ཚོང་བ་དགའ་དྲགས་སྲས་མོའི་སྐད་ཆར་ཞིབ་འདང་མ་བརྒྱབ་པར། དེ་མ་ཐག་གཟུར་མོ་མདའ་ལ་ཕྱིར་ལྡོག་མེད་ཅེས་མནའ་ཡིག་བྲིས། མཚན་མོ་མུན་པས་གཡོགས་མ་ཐག་ཚོང་བ་ཆེན་མོ་བྲེལ་བ་ལངས་ནས་མྱུར་དུ་རྒྱལ་པོའི་ཕོ་བྲང་དུ་བརྒྱུགས་འོངས།སྲས་མོས་ཚོང་བ་ནང་དུ་བསུས་ནས། ཁྱོད་རང་མགྲོན་པོ་གལ་ཆེན་ཡིན་པས་མགྲོན་བཟང་པོ་བྱེད་དགོས། གཡོག་མོ་ཚོས་ལེ་ལོར་གཡེང་ནས་ཟ་མ་ཡག་པོ་མི་གཡོ་པས། ང་སོང་ནས་ལྟ་རྟོག་ཅིག་བྱ། ཁྱོད་ཀྱིས་ཅུང་སྒུགས་ཟེར་ནས་ཕྱིན་སོང༌། ཚོང་བས་ཡུན་རིང་ལ་བསྒུགས་པའི་མོད་ལ་དགོང་མོའི་ཆུ་ཚོད་དགུ་པའི་ཅོང་བརྡ་གྲགས་སོང༌།
      དེ་ནས་ཡང་ཡུན་རིང་འགོར་བ་ན། གཡོག་མོ་རྣམས་ཀྱིས་ཟ་མ་ཞིམ་པོ་སྣ་ཚོགས་ཁྱེར་འོངས། སྲས་མོས་ཁྱོད་ཀྱིས་ཡུན་རིང་ལ་བསྒུགས་པས་ཐུགས་རྒྱལ་མ་བཞེངས། དགོང་ཟས་བཞེས་རོགས་ཟེར། ཚོང་བས་ད་ནི་སྲས་མོ་ལ་རང་གི་རྒྱུ་མཚན་བཤད་པར་བྱ་བསམས་ནས་དཔོན་འདུག་ཅིག་བྱས་ཤིང་སྐད་ངག་ཅིག་བསལ་ནས། གུས་པའི་སྲས་མོ་ལགས། ཁྱེད་ནི་ཉ་གང་ཟླ་བ་ཇི་བཞིན་ཞེས་སྐད་ཆའི་མགོ་གླེང་མ་ཐག་སྲས་མོས་མེ་ཏོག་བཞད་འདྲའི་འཛུམ་ཞིག་ལངས་ནས། བརྩེ་བའི་མགྲོན་པོ་ལགས། ཟ་མ་བཞེས་དུས་གྲོས་མོལ་བྱས་ཚེ། ལུས་ཁམས་བདེ་ཐང་ལ་གནོད་པས། ཟ་མའི་རྗེས་ནས་ང་ཡིས་ཁྱོད་ཀྱིས་གཏམ་ལ་ཉན་ཟེར་ཏེ། མགོ་བོ་སྨད་དེ་སོས་དལ་དལ་ངང་ཟ་མ་བཞེས། ཚོང་བས་ཁ་ཤ་འགུལ་ཙམ་བྱས་ནས་ཅི་ཡང་སྨྲ་མ་ནུས། མཚན་མོ་ཆུ་ཚོད་བཅུ་ཡི་ཅོང་བརྡ་དལ་གྱིས་གྲགས་སོང༌།
      ཟ་མ་ཟོས་ཚར་རྗེས། ཚོང་བ་ཆེན་མོ་སླར་ཡང་དགྱེ་དགྱེ་ཞིག་བྱས་ཏེ། གུས་པའི་སྲས་མོ་ལགས། ཁྱོད་ནི་ནམ་མཁའི་ལྷ་མོ་བཞིན་ཞེས་ཚིག་མགོ་གླེང་དུས། སྲས་མོ་ན་རེ། ཁྱོད་ནི་མགྲོན་པོ་གལ་ཆེན་ཡིན་པས། ཟ་མའི་རྗེས་སུ་སིལ་ཏོག་ཀ་རའི་སྡེར་ཁ་མེད་དུ་མི་རུང༌། ཁྱོད་ཀྱིས་ཅུང་སྒུགས་ཟེར་ནས་ཕྱིན་སོང༌། ཚོང་བས་ཡུན་རིང་ལ་བསྒུགས། རེ་ཞིག་ནས་གཡོག་མོ་ཚོས་ཀ་ར་སིལ་ཏོག་སྣ་ཚོགས་ཀྱི་སྡེར་ཁ་རིམ་གྱིས་བཤམས་ནས། སྲས་མོས་དུང་ཟླ་ཤར་འདྲའི་འཛུམ་ཞིག་བསྟན་ནས། ཐུགས་རྒྱལ་མ་བཞེངས། ཁྱོད་ཀྱིས་སིལ་ཏོག་མངར་མོའི་བྲོ་བར་མྱོང་རོགས་ཟེར་བཞིན། བག་ཕབ་ངང་སིལ་རིགས་འདི་དག་ས་གང་དང་གང་ནས་ཐོན་པ་དང༌། ཁྱད་ཆོས་ཅི་དང་ཅི་འདྲ་ཡོད་པ་བཅས་ལྷུགས་པོར་བརྗོད་བྱུང༌། སྲས་མོའི་ཁུ་བྱུག་གསུང་ལྟར་སྙན་པའི་གཏམ་གྱིས་ཚོང་བའི་ཡིད་དབང་ཡོངས་སུ་བཀུག་ནས་རང་གི་བཤད་རྒྱུའི་གཏམ་གཏིང་ནས་བརྗེད་སོང༌། ཡུད་ཙམ་ནས་ཆུ་ཚོད་བཅུ་གཅིག་གི་ཅོང་བརྡ་དལ་མོར་གྲགས་སོང༌།
      དེ་ནས་ཚོང་བས་སླར་ཡང་ལག་པ་ཕུར་ཕུར་དང་ཁ་མུར་མུར་ཙམ་བྱས་ནས། གུས་པའི་སྲས་མོ་ལགས། ཁྱེད་ནི་སྤང་གི་མེ་ཏོག་བཞིན་ཞེས་སྨོས་མ་ཐག གཡོག་མོ་ནང་དུ་འོངས་ནས། སྲས་མོ་ལགས། ཁྱེད་ཀྱིས་བཤད་པའི་ལོ་ཆང་ཁམ་པ་དེ་ཡབ་རྒྱལ་པོའི་བཞུགས་གནས་སུ་ཡོད་ཕྱིར། ཁྱེད་ཉིད་དངོས་སུ་ཕེབས་དགོས་ཟེར། སྲས་མོ་ཡར་བཞེངས་ནས་མགྲོན་པོ་གལ་ཆེན་ལ་ལོ་ཆང་ཁམ་པས་མགྲོན་བྱ་དགོས་ཟེར་ནས་ཕྱིན་སོང༌། ཡུན་རིང་འགོར་ནས་གཡོག་མོས་ལོ་ཆང་ཁམ་པ་ཡིན་ཟེར་ནས་རྫ་བུམ་འབྲུག་རིས་མ་ཆང་གིས་བལྟམས་པ་ཞིག་ཁྱེར་འོངས། སྲས་མོས་དངུལ་གྱི་དཀར་ཡོལ་ནས་འབྲུ་མ་ཞིག་གི་ནང་ལོ་ཆང་ཁམ་པ་ལྟེམས་ལྟེམས་བྱེད་པ་ཞིག་བླུགས་ནས་ན་རེ། གུས་པའི་ཚོང་བ་ཆེན་མོ་ལགས། ཁྱེད་རང་དང་ཕྲད་པའི་གོ་སྐབས་ལྡན་པ་ང་ཡི་བསོད་ནམས་དང་ངེད་གཉིས་ཀྱི་སྨོན་ལམ་བཟང་པོ་རེད། ཁྱེད་ཀྱིས་རྟེན་འབྲེལ་གྱི་ལོ་ཆང་ཁམ་པ་འདི་གཙང་བཞེས་གནང་རོགས་ཟེར། ཚོང་བ་དགའ་བས་མྱོས་ནས་ལོ་ཆང་དངུལ་དཀར་གང་བོ་གཙང་མར་འཐུངས་པ་དང་མཉམ་དུ་ཆུ་ཚོད་བཅུ་གཉིས་ཀྱི་ཅོང་སྒྲ་ཡང་དལ་གྱིས་གྲགས་སོང༌། སྲས་མོ་ཤེས་རབ་བཟང་མོའི་ཞལ་ལ་ཞོགས་པའི་ཉི་གཞོན་ཤར་འདྲའི་འཛུམ་ཞིག་ལངས་ནས། གུས་སུ་འོས་པའི་ཚོང་བ་ཆེན་མོ་ལགས། དུས་བཅད་འདས་རུང་ཁྱེད་ལ་ང་ཡི་བློ་འགུགས་པའི་རྩལ་གྱིས་དབེན་པས། ཕོ་རབ་ཚིག་ཐོག་ཡིན་པར་སྨོན། ཁྱེད་ཀྱིས་རིན་ཆེན་མུ་ཏིག་སོགས་ནོར་བུ་གྲུ་གཟིངས་གང་པོས་ཕྱོགས་བཞིའི་མུ་གེས་མནར་བའི་ཚེ་སྲོག་མང་པོ་སྐྱོབ་ཐུབ་པས་ན། ཁྱེད་ཀྱིས་དགེ་བ་བསམ་གྱིས་མི་ཁྱབ་པ་བསགས་སོ་ཟེར་བཞིན་ཁ་ཕྱིར་འཁོར་ནས། སྐུ་གསུང་དཔའ་ཐར་ལགས། མགྲོན་པོར་སྐྱེལ་མ་བྱོས་དང་ཟེར། ཚོང་བ་ཆེན་མོ་སྐྱེངས་ནས་ཁ་གྲགས་རྒྱུ་མ་བྱུང༌།
      ཕྱི་ཉིན། རྒྱལ་མཁར་ཕྱུག་མོའི་ཁྲོམ་སྲང་ཀུན་ཏུ་གོང་མའི་ཕོ་ཉས་རུ་དཔུང་གི་སྣ་དྲངས་ཏེ། དུང་ཆེན་བུས་ཤིང་དབྱར་རྔ་རྡུང་བཞིན། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཁ་སང་ཉི་མའི་སྐར་བཟང་ལ། །ཚོང་བ་ཆེན་མོ་སྐལ་བཟང་གིས། །རིན་ཆེན་ནོར་བུས་ཞལ་འདེབས་ཕུལ། །མུ་གེའི་བཀྲེས་ཀྱིས་མནར་བ་ཡི། །ཉམ་ཐག་མང་པོ་འཇིགས་ལས་བསྐྱབས། །ཞེས་བསྟུད་མུར་ཉིན་བདུན་ལ་ཁྲོམ་བསྒྲགས་བྱས། དེར་བརྟེན། ཚོང་བ་ཆེན་མོ་སྐལ་བཟང་གི་སྙན་པའི་བ་དན་ཕྱོགས་ཕྱོགས་སུ་གཡོས་ནས། ཁོ་ཡང་རྒྱལ་ཁམས་ཀུན་ཏུ་གྲགས་པའི་ཚོང་བ་ཤིན་ཏུ་ཆེན་པོར་གྱུར། དོན་དེ་ལས་རྒྱལ་སྲས་དཔའ་ཐར་གྱིས་སྲས་མོའི་འགྲན་མེད་ཀྱི་བློ་གྲོས་དང་སྤྱང་གྲུང༌། ན་སོ་ལས་བརྒལ་བའི་བག་ཕབ་དང་ཞི་ཞིང་དུལ་བའི་ངང་རྒྱུད། དེ་མིན་བླ་མེད་རྒྱུད་ནས་མངོན་པའི་བྱམས་སྙིང་རྗེ་དང་དོན་ལ་མི་རྨོངས་པའི་ལྷད་མེད་ཀྱི་རང་གཤིས་མཐོང་ནས། བཅོས་མ་མིན་པའི་ཡིད་སྨོན་ཞིག་ཞེ་བསམ་པའི་གཏིང་ནས་སྐྱེས་བྱུང༌།
      མ་འགྱངས་པར། རྒྱལ་པོ་དང་བཙུན་མོ་འཁོར་དང་བཅས་པ་ཕྱིར་ཕེབས། རྒྱལ་སྲས་དཔའ་ཐར་གྱིས་ད་ནི་རང་གི་དོན་བྱ་ཡིད་བཞིན་དུ་གྲུབ་པས། ཕྱིར་ལོག་ནས་གཉེན་སློང་བའི་ལས་ལ་རེམ་དགོས་སྙམ། དེ་ནས་ཁོས་སྲས་མོ་ལ། ང་རང་ཕ་ཡུལ་དང་བྲལ་ནས་ཡུན་རིང་སོང༌། ཕ་མ་གཉིས་ཀའང་ཤིན་ཏུ་དྲན་ནས་མི་བཟོད་པས་ཕྲན་ང་ལན་ཞིག་ཡུལ་ལ་གཏོང་རོགས་གནང༌། མི་རིང་བར་དེད་གཉིས་འཕྲད་པའི་ཁག་ཐེག་ང་ཡིས་བྱ་ཟེར་བས། སྲས་མོས་ཤིན་ཏུ་བློས་མི་ཐོངས་པ་དང་རྒྱལ་པོ་ཡབ་ཡུམ་གྱིས་ནན་གྱིས་བཀག་རུང་མ་ཁེགས་པར་རིངས་སྟབས་ཀྱིས་རང་གི་རྒྱལ་ཁབ་ཏུ་ཆས་སོང༌།
ཟླ་གསུམ་གྱི་རྗེས་སུ། སྟོབས་ལྡན་རྒྱལ་ཁབ་ཀྱིས་བློན་ཆེན་གསུམ་ལེགས་སྐྱེས་བཟང་པོ་དང་བཅས་ཤར་གྱི་རྒྱལ་ཁབ་ལ་གཉེན་གྱི་ཕོ་ཉར་མངགས། ཤར་གྱི་རྒྱལ་ཁབ་ཀྱི་རྒྱལ་པོས་རང་གི་སྲས་མོ་ཐག་རིང་ཡུལ་ལ་བརྫངས་མ་འདོད་པས། དང་ཐོག་སྟོབས་ལྡན་རྒྱལ་ཁབ་ཀྱི་གཉེན་ཁས་མ་བླངས། ཡིན་ཡང༌། བློན་ཆེན་གསུམ་པོས་སྟོབས་ལྡན་རྒྱལ་ཁབ་ཀྱི་སྟོབས་འབྱོར་མངའ་ཐང་དང་སྲིད་ཀྱི་ཟིལ་ཉམས། རྒྱལ་སྲས་དཔའ་ཐར་གྱི་སྲིད་ན་བྲལ་བའི་ཡོན་ཏན་དུ་མ་བཅས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཕྱིར། རྒྱལ་པོས་ཀྱང་སྟོབས་ལྡན་རྒྱལ་ཁབ་ཀྱི་སྟོབས་འབྱོར་དང་ལྷག་པར་དུ་རྒྱལ་སྲས་ཀྱི་ཡོན་ཏན་ལ་ཡིད་སྨོན་ཤོར་ཞིང་རང་གི་བུ་མོའི་གཏན་གྱི་བདེ་སྐྱིད་བསམས་ནས་སེམས་ནས་མི་ཕོད་བཞིན་དུ་འཐད་པ་བྱུང་སྟེ། བློན་ཆེན་གསུམ་པོར་ད་དུང་སྲས་མོ་འཐད་མིན་འདྲི་དགོས། ཉིན་གསུམ་གྱི་རྗེས་ནས་ཁྱེད་རྣམས་ལ་ལན་སྟེར་ཞེས་སྨོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号