ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་སྲས་དཔའ་ཐར།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      བྱང་གི་ཁྱིམ་མཚེས་རྒྱལ་ཁབ་ཏུ་སོང་བའི་ཕོ་ཉ་ན་རེ། རྒྱལ་པོ་རིན་པོ་ཆེ། བྱང་གི་རྒྱལ་པོར་སྲས་མོ་བདེ་སྐྱིད་མཚོ་མོ་བྱ་བ་ཡོད། སྐྱེས་གཟུགས་མཛེས་མ་ལྟ་བས་ཆོག་མི་ཤེས། ཡིན་ཡང༌། གཤིས་རྒྱུད་གྱོང་པོ་རྭ་ཅོ་འདྲ་ཟེར། རྒྱལ་སྲས་ཀྱིས་མགོ་བོ་འཕྲེད་ལ་གཡུག་བཞིན་རྒྱལ་ཁམས་སྐྱེས་མ་ཡོད་དོ་ཅོག་གི་མིག་དཔེར་གྱུར་བའི་རྒྱལ་སྲས་ཀྱི་བཙུན་མོ་ཞིག་ལ་མཚོན་ན་གཤིས་རྒྱུད་ཀུན་དང་མཐུན་པ་ནི་ལྷག་པར་གལ་ཆེ་བས། དེ་ཡང་མི་འོས་ཞེས་སྨོས།
      ཤར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཏུ་སོང་བའི་ཕོ་ཉ་ནི་ལོ་ན་བགྲེས་པའི་བློན་པོ་ཞིག་རེད། །ཁོས་སྨྲ་ར་བྱིལ་བྱིལ་བྱེད་ཀྱིན་ན་རེ། རྒྱལ་པོ་རིན་པོ་ཆེ། འུ་ཅག་གི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་རྒྱལ་སྲས་འདི་ནི་རིག་པ་རྣོ་བ། བློ་རྩེ་གྲུང་པ། ངང་རྒྱུད་འཇམ་པ། སྙིང་རྗེ་དང་ལྡན་པ། ཤེས་བྱར་བྱང་ཆུབ་པ། ལེགས་ཉེས་ཀྱི་དོན་ལ་མི་རྨོངས་པ་བཅས་དགེ་བའི་མཚན་མ་དུ་མས་ཕྱུག་པ་ན། དེའི་ཡོན་ཏན་གྱི་དོ་ཟླར་འོང་བའི་བག་མ་ཞིག་སྲིད་ན་དཀོན་ནོ། །ཤར་གྱི་ཁྱིམ་མཚེས་རྒྱལ་ཁབ་དེའི་རྒྱལ་པོས་རྒྱལ་ཁབ་ལུགས་བཞིན་སྐྱོང་བས། དེ་ནི་སྟོབས་འབྱོར་མངའ་ཐང་ལྡན་ལ། འབངས་རྣམས་སྐྱིད་ལ་བཀོད་པའི་རྒྱལ་ཁབ་ཅིག་རེད། རྒྱལ་པོ་དེར་དཔྲལ་བའི་མིག་ལྟར་གཅེས་པའི་སྲས་མོ་ཡིད་དུ་འོང་བ་ཞིག་ཡོད་པའི་མིང་ལ་ཤེས་རབ་བཟང་མོ་ཟེར། དེའི་སྐྱེས་གཟུགས་ཚིགས་དྲུག་སྨྱུག་མ་འདྲ། ཞལ་རས་བཅོ་ལྔའི་དུང་ཟླ་འདྲ།གསུང་སྙན་ཁུ་བྱུག་སྔོན་མོ་འདྲ། ངང་རྒྱུད་དར་གོས་འཇམ་པོ་འདྲ། མཛངས་མའི་ཡོན་ཏན་དུ་མས་བརྒྱན། རང་རེའི་རྒྱལ་སྲས་ཀྱི་བཙུན་མོར་འོས་ཤིང་འོས་པར་གདའ། ཡིན་ཡང༌། རྒྱལ་ཁབ་དེར་སྲས་མོ་དེ་གཅིག་པུ་ལས་མེད་ལ། ཡབ་ཡུམ་གཉིས་ཀྱིས་ཁོང་གི་སྙིང་དང༌། འབངས་རྣམས་ཀྱིས་དེད་ཅག་གི་བསོད་ནམས་ཀྱི་རྟེན་སྐལ་ཞེས་ཤིན་ཏུ་གཅེས་ཤིང༌། ལོ་ནའང་ཤིན་ཏུ་ཕྲ་བས་ན། འོ་ཅག་གི་བསོད་ནམས་ཀྱི་སྐལ་ལ་ཨེ་ལོན་མི་ཤེས་ཞེས་སྲས་མོ་ཤེས་རབ་བཟང་མོའི་ལོ་རྒྱུས་ཞིབ་ཏུ་སྨོས།
རྒྱལ་སྲས་ཀྱིས་བློན་པོའི་སྐད་ཆ་དེ་ཐོས་ནས་སེམས་ལ། བློན་པོའི་བཤད་པ་ལྟར་ན་དེ་ནི་བདག་གི་ཆུང་མར་ཤིན་ཏུ་འོས་མོད། ཡིན་ཡང༌། དངོས་སུ་བརྟག་དགོས་སྙམ། དེ་ནས་ཁོས་ཡབ་ཡུམ་ལ་ཞུས་རྗེས། མི་དཀྱུས་མ་ཞིག་ཏུ་བརྫུས་ནས་གཅིག་པུར་ལམ་ལ་ཆས་སོང༌།
      ལམ་ཐག་རིང་མོ་བརྒྱུད་ཅིང་དཀའ་བ་དུ་མ་མྱངས་མཐར། རྒྱལ་སྲས་དཔའ་ཐར་ཤར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རྒྱལ་མཁར་ཕྱུག་མོའི་རྒྱལ་པོའི་ཕོ་བྲང་མདུན་དུ་བསླེབས། ཉིན་དེར། ཁོས་རྩི་ཞྭ་ཐེད་པོ་ཞིག་གོན་ནས་ཕོ་བྲང་གི་མདུན་སྒོ་བརྒྱུད་ནས་འགྲོ་སྐབས། རྒྱལ་པོའི་སྲས་མོ་རྟ་མཆོག་བའི་ཡིས་དྲུད་པའི་ཤིང་རྟར་བཞུགས་ཏེ་ཕོ་བྲང་ཕྱི་རུ་གཟིགས་མོར་ཕེབས་པ་དང་ཕྲད། ཕོ་བྲང་གི་མདུན་སྒོ་དང་ཐག་མི་རིང་ས་ནས་ཨ་ཕྱི་བགྲེས་མོ་མིག་གིས་དེ་འདྲ་མི་མཐོང་བ་ཞིག་དང་ཁ་གཏད་དུ་ཕྲད་པ་སྲས་མོས་ཨ་ཕྱི་བགྲེས་མོ་ཤིང་རྟས་བརྫི་བར་དོགས་ནས། རེམ། རེམ། ཤིང་རྟ་ལམ་གྱི་ལོགས་སུ་བསློར་ཞེས་སྐད་བརྒྱབ་པས། ཤིང་རྟའི་ཁ་ལོ་བས་འཚབ་འཚུབ་ངང་རྟ་ལ་ལྕག་གིས་གཞུ་གང་ཐུབ་བྱས་ནས་ལོགས་སུ་བསྐོར་ནས་ཕྱིན། ཤིང་རྟ་ལམ་འགྲམ་གྱི་ལྗོན་པར་ཐོགས་ནས་རྟ་འདྲོགས་ཏེ་བྱ་འཕུར་བ་ལྟར་མདུན་དུ་མཆོངས། ཀུན་ཧ་ལས་ཧད་པ་དང༌། ཤིང་རྟའི་ཁ་ལོ་བ་དངངས་འཚབ་ལངས་ནས་ཅི་བྱ་བཏོལ་མེད་དུ་གྱུར། བལྟས་བལྟས་རིག་རིག་ལ་རྒྱལ་པོའི་སྲས་མོ་འཁོར་དང་བཅས་པ་ཉེན་ཁས་གཟིར།
      སྐབས་དེར། རྒྱལ་སྲས་དཔའ་ཐར་གྱིས་ཡུག་ཙམ་ལ་བསམ་བློ་གཏོང་དབང་མེད་པར་རྒྱུག་མ་མཆོང་གིས་ཤིང་རྟའི་སྔུན་བླངས་ཤིང་། རྟ་མགོ་མའི་ཐོང་ནས་བཟུང་སྟེ་ཤེད་ཡོད་རྒུས་ཟུག་འཐེན་ཞིག་བྱས་པ་ན་རྟ་དེ་ཡང་ཀག་གིས་ལངས་ཏེ་འཚེར་རིང་ཞིག་འབྱིན་ནས་ཏགས་སེ་བསྡད། དེ་མུར་རྒྱལ་སྲས་ཀྱིས་མགོ་བོ་ཅུང་སྒུར་ཏེ། གུས་པའི་སྲས་མོ་ལགས། ཁྱེད་ཉིད་ལ་སྐྱོན་འདྲ་ཨེ་བྱུང་ཅེས་དྲིས། སྲས་མོ་འཇིགས་པ་དེ་ལས་ཐར་རུང༌། ད་དུང་ཅུང་དངངས་འདུག་མོད། རྒྱལ་སྲས་ཀྱི་དཔའ་སྟོབས་ལ་ཡི་རང་ནས་རྒྱལ་སྲས་དཔའ་ཐར་གྱི་དྲིས་པ་ཐོས་འཕྲལ། བརྟན་བརླིང་དང་བཅས་ང་མི་སྐྱོན་ནོ། །གཞོན་ནུ་ཁྱེད་ཀྱིས་དེད་ཅག་ཉེན་ཁ་ལས་བསྐྱབས་པར་ཤིན་ཏུ་ཐུགས་རྗེ་ཆེ། ཁྱེད་ཀྱི་ཕ་ཡུལ་གང་དུ་ཡོད། ད་ལྟ་གང་དུ་ཕེབས། བདག་གིས་ཁྱེད་ལ་དྲིན་ལན་འཇལ་འོས་ཞེས་སྐད་སྙན་ཁུ་བྱུག་གསུང་གིས་སྨོས། རྒྱལ་སྲས་ན་རེ།སྲས་མོ་ལགས། དྲིན་ལན་འཇལ་མི་དགོས། ང་ནི་ཡུལ་དུ་འབྱོར་བས་དབུལ་ཕྱིར། རྒྱལ་མཁར་ཕྱུག་མོ་རུ་ལས་ཀ་ཞིག་འཚོལ་བར་ཡོང་བ་ལགས་ཞེས་ལན་ལྡོག
      སྲས་མོས་རྒྱལ་སྲས་དཔའ་ཐར་ལ་དཔའ་སྟོབས་ལྡན་པར་མ་ཟད། གུས་ལུགས་དང་ལྡན་ཞིང་སྨྲ་བརྗོད་ཀྱི་བར་ནས་གཟི་མདངས་ཤིག་རང་ཤུགས་སུ་མངོན་པ་མཐོང་སྟེ་ཡི་རང་ནས། དེ་ལྟ་ན་ཁྱེད་ཀྱིས་ང་ཡི་ཡབ་ཀྱི་ཕོ་བྲང་ནས་ལས་ཀ་ལས་འདོད་དམ་ཞེས་དྲིས། རྒྱལ་སྲས་ཀྱི་འདོད་ཐོག་ལ་རྟ་བརྒྱུགས་ནས། ལེགས་སོ། །སྲས་མོ་ལགས། དེ་བས་ན། ཁྱེད་ཉིད་ཀྱིས་ང་ལ་ཤིན་ཏུ་དྲིན་ཆེན་པོ་ཞིག་བསྐྱངས་སོང་ཟེར། རྒྱལ་པོའི་སྲས་མོས་ཁོ་མོའི་སྐུ་སྲུང་པར་བསྐོས།
      དེ་ལྟར་རྒྱལ་སྲས་དཔའ་ཐར་ཉིན་རེ་རེར་སྲས་མོ་ཤེས་རབ་བཟང་མོ་དང་མཉམ་དུ་འགྲོགས་ནས་བསྡད། སྲས་མོས་ཀྱང་ཉིན་རེ་རེར་ཁོ་རང་བཙལ་ནས་གླེང་མོལ་བྱེད་པ་དང༌། ཡང་ན་ཁོ་དང་མཉམ་ཅེདུ་རྩེད་མོ་རྩེས།
      ཡུན་རིང་སོང་བ་ན། རྒྱལ་སྲས་དཔའ་ཐར་དང་སྲས་མོ་ཤེས་རབ་བཟང་མོ་གཉིས་ཤིན་ཏུ་འདྲིས་ཤིང་བརྩེ་བར་གྱུར་ནས། སྲས་མོ་འགྲོ་བའི་འགྲོ་གྲོགས་དང་འདུག་པའི་འདུག་གྲོགས། དགའ་བའི༌དགའ་གྲོགས་དང༌། སྡུག་པའི་སྡུག་གྲོགས། རྩེ་བའི་རྩེ་གྲོགས་བཅས་སུ༌གྱུར།
      ཉིན་ཞིག་ལ། རྒྱལ་པོ་དང་བཙུན་མོ་རྣམ་གཉིས་ཀྱིས་རྒྱལ་སྲས་དཔའ་ཐར་བོས་ནས་ན་རེ། ང་ཚོ་ད་ཐེངས་ཐག་རིང་ཞིག་ལ་འགྲོ༌དགོས། དེད་ཅག་གི་བརྟགས་པ་ལྟར་ན། ཁྱོད་ལ་དཔའ་རྩལ་འཛོམས༌པ་མ་ཟད། གཞུང་དྲང་ཡིད་རྟོན་རུང་བ་ཞིག་རེད། དེ་མིན་སྲས་མོ༌ཡང་ཁྱོད་དང་ཤིན་ཏུ་འདྲིས་འདུག་པས། དེད་ཁྱོ་ཤུག་མེད་ཤུལ་ནས་ཁྱོད་ཀྱིས་བདག་གི་སྲས་མོར་སྲུང་སྐྱོབ་གཟབ་གཟབ་བྱ་དགོས། བདག་གིས་རང་གི་གཅེས་ཕྲུག་ཁྱོད་ལ་གཏད་པ་ཡིན་ཞེས་བཀའ་བབས། རྒྱལ་སྲས་ན་རེ། རྒྱལ་པོ་ཡབ་ཡུམ་ཀྱིས་སེམས་བདེ་མོ་བྱོས། བདག་གི་སྲོག་མ་ཤོར་ན་སྲས་མོར་སྐྱོན་ཅི་ཡང་མི་འབྱུང་བར་བདག་གིས་ཁག་ཐེག་བྱའོ། །ཞེས་དམ་བཅས། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号