ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
  །།གཉིས་པ་རྟེན་འབྲེལ་གང་ཟག་བདག་མེད་སྒོ་ནས་བཤད་པ་ལ་དོན་གསུམ་སྟེ། མཚམས་སྦྱར་བའི་སྒོ་ནས་བདག་འགོག་གི་རྒྱུ་མཚན་བཤད་པ། གཞུང་དོན་གྱི་སྒོ་ནས་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པ། སྤྱི་དོན་གྱི་སྒོ་ནས་དགག་སྒྲུབ་ཀྱི་མཐའ་དཔྱད་པ་དང་གསུམ། དང་པོ་ནི། ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་དེ་ཉིད་དབུ་མའི་རིགས་པས་རྣམ་པར་དཔྱད་ནས་འགོག་དགོས་པ་ཡིན་ཏེ། དེ་མ་བཀག་ན་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པ་དང་། ང་ཡིར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་འབྱུང་ཞིང་། འཇིག་ལྟ་དེ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། སྐྱེ་རྒ་ན་འཆི་ལ་སོགས་པའི་སྐྱོན་མ་ལུས་པ་འབྱུང་བ་ཡིན་པའི་ཕྱིར། དེ་སྐད་དུ་གཞུང་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པའི་ཕྱིར། འོ་ན་འོག་ནས། ཀུན་བཏགས་ཀྱི་བདག་འགོག་པའི་རིགས་པ་ཁོ་ན་གསུངས་པས། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་པའི་བདག་ཀྱང་ལྷན་སྐྱེས་ཀྱི་བདག་མ་ཡིན་པར་ཀུན་བཏགས་ཀྱི་བདག་ལ་འཇོག་དགོས་སོ་སྙམ་ན། སྐྱོན་མེད་དེ། ལྷན་སྐྱེས་ཀྱི་བདག་རིགས་པས་དཔྱད་ནས་འགོག་པར་དམ་བཅས་ནས། ཀུན་བཏགས་ཀྱི་བདག་འགོག་པ་འདི་ཉིད་རིགས་པའི་གནད་ཤིན་ཏུ་ཟབ་པ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། ཕྱི་རོལ་པ་དང་རང་སྡེ་མང་བཀུར་བ་སོགས་ཀྱིས་ལྷན་སྐྱེས་ཀྱི་བདག་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དུ། བདག་ཕུང་རྫས་གཞན་ཡིན་པ་དང་། རྫས་གཅིག་ཡིན་པ་སོགས་འདོད་པ་ལས། སློབ་དཔོན་འདིས་སྒྲུབ་བྱེད་དེ་རྣམས་གཙོ་བོར་འགོག་པར་མཛད་དེ། སྒྲུབ་བྱེད་བཀག་པས་སྒྲུབ་བྱ་ཤུགས་ཀྱིས་ཁེགས་པར་འགྱུར་བ་ལ་དགོངས་པའི་ཕྱིར། དཔེར་ན་མྱུ་གུ་བདག་ལས་སྐྱེ་བ་སོགས་པས་མྱུ་གུ་རང་བཞིན་གྱིས་སྐྱེ་བ་དོན་གྱིས་ཁེགས་པ་ལ་དགོངས་ནས། བདག་སྐྱེ་སོགས་འགོག་པ་གཙོ་བོར་མཛད་པ་བཞིན་ནོ། །ཁ་ཅིག་གཞུང་དེའི་དངོས་བསྟན་གྱི་འཇིག་ལྟ་ཡིན་ན། ངར་འཛིན་ཡིན་པས་ཁྱབ། གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་ཟེར་བ་ནི་མི་འཐད་དེ། འོ་ན་ང་ཡིར་འཛིན་པའི་བློ་ལྷན་སྐྱེས་ཆོས་ཅན། ངར་འཛིན་དང་གང་ཟག་གི་བདག་འཛིན་ཡིན་པར་ཐལ། འདིའི་དངོས་བསྟན་གྱི་འཇིག་ཚོགས་ལ་ལྟ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཀྱི་ལན་འདེབས་མི་ནུས་ཏེ། འདིའི་ཐད་ཀྱི་རང་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན་དེ་དང་དེ་མིན་པར་ཐལ། ང་ཡིར་འཛིན་པའི་བློ་ཡིན་པའི་ཕྱིར་དང་། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། ངར་འཛིན་པ་དེ་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དབྱིངས་བསྟོད་པ་ལས། བདག་དང་བདག་གིར་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམས་བཏགས་པ། །བདག་མེད་རྣམ་པ་གཉིས་མཐོང་ནས། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཞན་དུ་ན། གང་ཟག་བདག་མེད་མཐོང་ནས་ནི། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号