༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི |
སྤེལ་དུས།04-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ། རྩོམ་པ་པོ། |
ཞེས་འབྱུང་རིགས་པར་ཐལ། བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་གཉིས་ཀ་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར། གཞན་ཡང་ངའི་གཟུགས་ཕུང་ངོ་སྙམ་པའི་བློ་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་གཟུགས་ཕུང་དེ་གང་ཟག་ཡིན་པར་ཐལ། དེ་ལྟ་བུའི་བློ་ལྷན་སྐྱེས་དེ་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཡིན་པའི་ཕྱིར། རྟགས་ཁས། དེས་ན་ཡུལ་བདག་དང་བདག་གི་བའི་ཆོས་རྣམས་དབུ་མའི་རིགས་པས་ཁེགས་པའི་ཚེ། བདག་མེད་གཉིས་རྟོགས་ཏེ། ཡུལ་ཅན་དང་ང་ཡིར་འཛིན་པ་ཡང་ཞི་བར་འགྱུར་བ་ཡིན་ནོ། དེ་སྐད་དུ་རྩ་ཤེ་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གིར་ཡོད་པར་ག་ལ་འགྱུར། །བདག་དང་བདག་གིར་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ཞེས་དང་། རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞལ་སྔ་ནས་ཀྱང་། དེ་ལ་བདག་ནི་གང་ཟག་གི་བདག་དང་ཆོས་ཀྱི་བདག་གོ །དེ་མེད་པ་ནི་དེས་སྟོང་པའོ། །ང་མེད་ན་ང་ཡིར་འཛིན་པ་ཡང་མེད་པས་བདག་གཉིས་ཀྱིས་སྟོང་པའོ། །ཞེས་གསུངས་པའི་ཕྱིར། ང་ཡིར་འཛིན་པའམ་བདག་གིར་འཛིན་པ་ཆོས་ཀྱི་བདག་འཛིན་ཡིན་པ་ནི་རིགས་པས་ཀྱང་གྲུབ་སྟེ། དེའི་དམིགས་ཡུལ་དུ་གྱུར་པའི་བདག་གི་བའི་ཆོས་རྣམས་ཆོས་དང་གང་ཟག་གཉིས་ཀྱི་ཟླས་ཕྱེ་བའི་ཆོས་ཙམ་ཡིན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་དེ་ལས་གྲངས་ཀྱི་སྒོ་ནས་དབྱེ་ན། བདག་ཕུང་གཅིག་ཏུ་ལྟ་བ། བདག་ཕུང་པོ་དང་ལྡན་པར་ལྟ་བ། བདག་ལ་ཕུང་པོ་བརྟེན་པར་ལྟ་བ། ཕུང་པོ་ལ་བདག་བརྟེན་པར་ལྟ་བ་དང་བཞི་ཡོད་ཅིང་། བཞི་པོ་དེ་ཕུང་པོ་ལྔའི་སྒོ་ནས་བཞི་རེ་ཕྱེ་བས་ཉི་ཤུར་འགྱུར་བ་ཡིན་ཏེ། གཞུང་ལས། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན། །དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ། །འདི་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཅེས་གསུངས་པའི་ཕྱིར། འོ་ན་བཞི་པོ་དེའི་སྟེང་དུ་བདག་ཕུང་གཞན་དུ་ལྟ་བ་དང་བཅས་པས་འཇིག་ལྟ་ལ་རྩ་བའི་དབྱེ་བ་ལྔ་དང་། ཡན་ལག་གི་དབྱེ་བ་ཉི་ཤུ་རྩ་ལྔར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བདག་ཕུང་གཞན་དུ་ལྟ་བ་དེ་འཇིག་ཚོགས་ལ་ལྟ་བ་མ་ཡིན་པའི་ཕྱིར་ཏེ། དེ་ཕུང་པོ་ལ་མ་བརྟེན་པར་བདག་ཏུ་ལྟ་བ་ཡིན་པའི་ཕྱིར། དེས་ན་འཇིག་ཚོགས་ལ་ལྟ་བ་ཉི་ཤུར་ངེས་ཤིང་། དེའི་གོ་དོན་ཡང་། འཇིག་ཚོགས་ཕུང་པོ་ལ་འདོད་པར་རང་སྡེ་ཐམས་ཅད་མཐུན་ཡང་། དངོས་སྨྲ་བ་གསུམ་དང་རང་རྒྱུད་པས་ཕུང་པོ་ལ་དམིགས་ནས་བདག་ཏུ་ལྟ་བ་ལ་འཇིག་ལྟ་བ་དང་། ཐལ་འགྱུར་བས་འཇིག་ཚོགས་སམ་ཕུང་པོ་དམིགས་ཡུལ་དུ་སོང་བ་ལ་བརྟེན་ནས་བདག་ཏུ་ལྟ་བ་ལ་འཇིག་ཚོགས་ལ་ལྟ་བ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་ནས་བཞག་པ་ཡིན་ཅེས་ཀུན་མཁྱེན་བླ་མས་བཞེད་དོ། །འདིར་དཔྱོད་ལྡན་ལ་དོགས་པ་འདི་འབྱུང་སྟེ། འོ་ན་བདག་ཕུང་རྟེན་དང་བརྟེན་པར་ལྟ་བ་དེ་འཇིག་ཚོགས་ལ་ལྟ་བ་མ་ཡིན་པར་ཐལ། དེ་བདག་ཕུང་གཞན་དུ་ལྟ་བའི་ནང་ཚན་ཡིན་པའི་ཕྱིར་ཏེ། བདག་ཕུང་རྫས་གཞན་ཡིན་ན། རྟེན་དང་བརྟེན་པར་ལྟ་བ་འཐད་པ་ལས། རྫས་གཞན་མེད་པས་རྟེན་དང་བརྟེན་པར་མེད་དོ་ཞེས་གསལ་བར་བཤད་པའི་ཕྱིར་ཏེ། གཞན་ཉིད་ཡོད་ན་རྟོག་པ་འདི་འགྱུར་ན། །གཞན་ཉིད་དེ་མེད་ཕྱིར་འདི་རྟོག་པ་འོ། །ཞེས་གསུངས་པའི་ཕྱིར་སྙམ་ན། ཁོ་བོ་ནི་རེ་ཞིག་འདི་ཙམ་དུ་སེམས་ཏེ། བདག་ཕུང་རྟེན་དང་བརྟེན་པ་དེ་བདག་ཕུང་དོན་གཞན་གྱི་ནང་ཚན་ཡིན་ཀྱང་། རྟེན་དང་བརྟེན་པར་ལྟ་བ་དེ་བདག་ཕུང་གཞན་དུ་ལྟ་བར་ཁས་ལེན་མི་དགོས་ཏེ། དཔེར་ན་བདག་མེད་ཐམས་ཅད་གང་ཟག་གི་བདག་མེད་ཡིན་ཀྱང་། བདག་མེད་དུ་ལྟ་བ་ཡིན་ན། གང་ཟག་བདག་མེད་དུ་ལྟ་བ་ཡིན་པས་མ་ཁྱབ་པ་བཞིན་ནོ། །བདག་ཕུང་རྟེན་དང་བརྟེན་པར་ལྟ་བ་བདག་ཕུང་གཞན་དུ་ལྟ་བ་མ་ཡིན་ཏེ། དེ་ཕུང་པོ་ལ་བརྟེན་ནས་བདག་ཏུ་ལྟ་བར་སོང་བའི་ཕྱིར། དེས་ན་ཕུང་པོ་ལ་བརྟེན་ནས་བདག་ཏུ་འཛིན་པའི་འཇིག་ཚོགས་ལ་ལྟ་བ་ཀུན་བཏགས་ལ་རྩ་བའི་དབྱེ་བ་བཞི་དང་། ཡན་ལག་གི་དབྱེ་བ་ཉི་ཤུར་ངེས་པ་ཡིན་ཏེ། དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཅེས་དང་། རང་འགྲེལ་ལས་ཀྱང་། འདི་ལྟར་ཕུང་པོ་མ་གཏོགས་པར་ནི་འགའ་ཡང་བདག་ཏུ་མངོན་པར་ཞེན་པ་མེད་པས་འཇིག་ཚོགས་ལ་ལྟ་བ་རྣམ་པ་ལྔ་མི་སྲིད་དོ། །ཞེས་གསུངས་པའི་ཕྱིར། བདག་ཏུ་འཛིན་པའི་འཇིག་ལྟ་ལ་དེ་ལྟར་ཡིན་གྱི། སྤྱིར་འཇིག་ལྟ་ལ་ཉི་ཤུར་མ་ངེས་ཏེ། ང་ཡིར་འཛིན་པའི་འཇིག་ལྟ་རྣམས་ཉི་ཤུ་པོ་གང་རུང་དུ་མ་ངེས་པའི་ཕྱིར། དེང་སང་ཕལ་ཆེར་འཇིག་ཚོགས་ལ་ལྟ་བ་ཡིན་ན། བདག་ཏུ་ལྟ་བ་ཡིན་པས་ཁྱབ་ཟེར་བ་ཡང་མི་འཐད་དེ། ང་ཡིར་འཛིན་པའི་འཇིག་ལྟ་དེ་བདག་ཏུ་ལྟ་བ་མ་ཡིན་པའི་ཕྱིར་ཏེ། དེ་བདག་གིར་ལྟ་བ་ཡིན་པའི་ཕྱིར་ཏེ། དེ་ང་ཡིར་ལྟ་བ་ཡིན་པའི་ཕྱིར། དེས་ན་ཕུང་པོ་ལ་བརྟེན་ནས་བདག་དང་བདག་གིར་ལྟ་བ་གང་རུང་ལ་འཇིག་ཚོགས་ལ་ལྟ་བ་ཞེས་འཇོག་དགོས་པར་སེམས་སོ། །འཇིག་ལྟ་ཉི་ཤུ་པོ་དེ་མཐོང་སྤང་དང་སྒོམ་སྤང་གང་ཡིན་སྙམ་ན། མཐོང་སྤང་ཡིན་ཏེ། སྤང་བྱ་ཀུན་བཏགས་ཡིན་པའི་ཕྱིར་དང་། གཉེན་པོ་མཐོང་ལམ་གྱི་ཡེ་ཤེས་ལ་བརྟེན་ནས་ཉི་ཤུ་པོ་སྤངས་པ་ན་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་འཇོག་པའི་ཕྱིར། དེ་སྐད་དུ་མདོ་ལས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཞེས་དང་། གཞུང་ལས། ལྟ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས། །བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་བ། །འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པའི། །རྩེ་མོ་མཐོ་བར་འགྱུར་པ་འདི་དག་གོ །ཞེས་གསུངས་སོ། །དེའི་དོན་ཡང་བརྟག་པ་མཐའ་བཟུང་གི་དཔེའི་ཚུལ་དུ་གསེར་གྱི་ས་གཞི་ལས་རི་ལྷུན་སྟུག་པ་གཅིག་ཐོན། དེ་ལ་རྩེ་མོ་སྲིད་རྩེར་སླེབས་པ་ཉི་ཤུ་ཡོད་པ་དང་འདྲ་བར། ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཀྱི་ས་གཞི་ལས་ངར་འཛིན་ལྷན་སྐྱེས་ཀྱི་རི་ལྷུན་སྟུག་པ་བྱུང་། དེ་ལས་གནས་སྐབས་སུ་གྲུབ་མཐའ་ངན་པས་བསླད་པ་ལ་བརྟེན། བདག་གཟུགས་ཕུང་དུ་ལྟ་བ་སོགས་འཇིག་ལྟ་ཀུན་བཏགས་ཀྱི་རིའི་རྩེ་མོ་ཉི་ཤུ་བྱུང་བར་ཀུན་མཁྱེན་བླ་མས་བཞེད་པ་ཡིན་ཏེ། དེའི་ཤེས་བྱེད་ཀྱང་རང་འགྲེལ་ལས། འཇིག་ཚོགས་ལ་ལྟ་བའི་རི་བོ་འཕགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་མ་བབས་པས་ཉིན་རེ་བཞིན་ཉོན་མོངས་པའི་བྲག་རྡོ་འཕེལ་བ་འཁོར་བ་ཐོག་མ་མེད་པ་ནས་བྱུང་བ་དཔང་ཁམས་གསུམ་དུ་མཐོ་བ། ཕྱོགས་ཀྱི་ངོས་མ་ལུས་པ་ཁྱབ་པ། མ་རིག་པའི་གསེར་གྱི་ས་གཞི་ལས་ཐོན་པ། བདག་མེད་པ་ཁོང་དུ་ཆུད་པའི་རྡོ་རྗེས་བཤིག་པ་ན་རྩེ་མོ་ཆེས་མཐོ་བ་གང་དག་དང་། ལྷན་ཅིག་འཇིག་པར་འགྱུར་བ་དེ་དག་རྩེ་མོ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདིར་ཙོང་ཁ་པས། བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་བ། །ཞེས་པའི་ལྷན་ཅིག་ཡུལ་གྱི་འཇིག་ལྟ་དང་། འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པ། །ཞེས་པའི་རྩ་བའི་འཇིག་ལྟ་དོན་གཅིག་ཅིང་། དེ་ཡང་འཇིག་ལྟ་ཀུན་བཏགས་ལ་འཇོག སྤོང་ཚུལ་ཡང་རྩེ་མོ་ཉི་ཤུ་རྒྱུན་ཞུགས་ཀྱིས་སྤངས་པ་དང་ལྷན་ཅིག་ཏུ་སྤོང་བ་ཡིན་གསུངས་པ་མི་འཐད་དེ། འོ་ན་བདག་ཏུ་འཛིན་པའི་འཇིག་ལྟ་ཀུན་བཏགས་ལ་ཉི་ཤུར་གྲངས་མ་ངེས་པར་ཐལ། སྐབས་འདིའི་རྩ་བའི་འཇིག་ལྟ་ཀུན་བཏགས་ཡིན་པ་གང་ཞིག དེ་ཀུན་བཏགས་ཉི་ཤུ་པོ་གང་རུང་དུ་མ་ངེས་པའི་ཕྱིར། འདོད་ན། དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཞེས་པ་དེ་གྲངས་ངེས་ཀྱི་དབང་དུ་བྱས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། དེ་ལ་འདོད་ན། གཟུགས་བདག་མ་ཡིན་ཞེས་སོགས་ཀྱི་སྔ་འགྲེལ་ལས། འཇིག་ཚོགས་ལ་ལྟ་བ་དམིགས་པ་དང་། རྣམ་པ་ལོག་པ་ལ་འཇུག་པ་གྲངས་ཀྱི་སྒོ་ནས་བསྟན་པའི་ཕྱིར་བཤད་པ་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །རང་ལུགས་ནི། སྤྱིར་གཞུང་འདིའི་དོན་འཆད་ཚུལ་དཀའ་བ་ཙམ་དུ་འདུག་ཀྱང་ཀུན་མཁྱེན་བླ་མའི་བཞེད་པ་ལྟར་ན། བཅོམ་བདག་གང་དང་ལྷན་ཅིག་འཇིག་གྱུར་བ། །ཞེས་པའི་ཚིག་ཟུར་གྱི་གང་དང་ཞེས་པས་ལྷན་ཅིག་ཡུལ་བསྟན། ལྷན་ཅིག་འཇིག་འགྱུར་བ་ཞེས་པས་ལྷན་ཅིག་པ་པོ་བསྟན་ཅིང་། ཅིག་ཡུལ་དང་ཅིག་པ་པོ་གཉིས་ཀའང་རྩེ་མོ་ཉི་ཤུ་ལ་འཇོག་པས། ཐ་དད་དུ་མེད་པར་འཆད་པ་ཡིན་ཏེ། རང་འགྲེལ་ལས། རྩེ་མོ་ཆེས་མཐོ་བ་གང་དག་དང་ལྷན་ཅིག་འཇིག་པར་འགྱུར་བ་དེ་དག་ནི་རྩེ་མོ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ །ཞེས་པའི་དོན་ཡང་རྩེ་མོ་ཉི་ཤུ་བཅོམ་ནས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱ་བར་མདོ་ལས་གསུངས་པའི་ཉི་ཤུ་པོ་དེ་བདག་གཟུགས་ཕུང་དུ་ལྟ་བ་སོགས་ཀྱི་འཇིག་ལྟ་ཉི་ཤུ་པོ་འདི་དག་ལ་ངོས་འཛིན་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པ་ལ་དོན་གསུམ་སྟེ། གང་ཟག་རྫས་ཡོད་རིགས་པས་དཔྱད་ནས་དགག རྟེན་ནས་བཏགས་པའི་གང་ཟག་རྣམ་པར་བཞག རིགས་པའི་ཚུལ་དེ་དངོས་པོ་ཀུན་ལ་བསྒྲེ་བའོ། །དང་པོ་ནི། ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་དེ་རྣམ་པ་ལྔའམ་བདུན་གྱི་སྒོ་ནས་བཙལ་བ་ན་གང་དུ་ཡང་མི་རྙེད་ཅིང་། དེ་ལྟར་མ་རྙེད་པ་ལ་ངེས་ཤེས་འདྲོངས་པ་ན་གང་ཟག་བདེན་མེད་དུ་རྟོགས་པའམ། གང་ཟག་གི་གནས་ལུགས་རྟོགས་པ་ཡིན་ཏེ། ཇོ་བོ་རྗེས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་དང་། སྡོམ་གསུམ་ཁ་སྐོང་ལས། དེ་ཉིད་ཕུང་པོ་རྣམས་ལ་ནི། །རྣམ་པ་ལྔ་འམ་རྣམ་བདུན་གྱིས། །བཙལ་བའི་ཚེ་ན་མ་རྙེད་ཀྱང་། །ཞེས་དང་། འཇུག་པ་དཀའ་འགྲེལ་ལས། བདག་ཕུང་གཞན་དུ་གྲུབ་པ་དགག །རྟེན་དང་བརྟེན་པར་གྲུབ་པར་དགག །བདག་ནི་ཕུང་པོར་ལྡན་པ་དགག །ཞེས་གསུངས་པའི་ཕྱིར། བདག་ཕུང་གཞན་ཡིན་པ་ནི་གྲངས་ཅན་པ་སོགས་ཕྱི་རོལ་པའི་འདོད་པ་ཡིན་ཏེ། གྲངས་ཅན་པས། བདག་རྣམ་སྨིན་ཟ་བ་པོ་དང་། རྟག་པའི་དངོས་པོ་དང་། ལས་བྱེད་པ་པོ་མིན་པ་དང་། བདེ་སྡུག་ལ་སོགས་པའི་ཡོན་ཏན་མེད་པ་དང་། བརྐྱངས་བསྐུམ་ལ་སོགས་པའི་བྱ་བ་མེད་པ་དང་ཁྱད་པར་ལྔ་ལྡན་དུ་འདོད། བྱེ་བྲག་པས་བདག་ནི་བློ་དང་བདེ་བ་སོགས་ཁྱད་པར་དགུ་ལྡན་དུ་འདོད། རིགས་བྱེད་དུ་སྨྲ་བ་དག་བུམ་པ་ལ་སོགས་པའི་སྣོད་ཐ་དད་ཀྱི་ནམ་མཁའ་ལྟར་ལུས་ཐ་དད་པའི་བདག་ཅིག་སྣ་ཚོགས་པ་ཉིད་དུ་ཁས་ལེན་པར་བྱེད་དོ། །དེ་འགོག་ཚུལ་ནི། ཁྱད་པར་ལྔ་ལྡན་གྱི་བདག་ལ་སོགས་པ་དེ་རྣམས་ཆོས་ཅན། དེ་ཁོ་ན་ཉིད་དུ་ཡོད་པ་དང་། ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ཡིན་པ་དང་། ཐ་སྙད་དུ་ཡོད་པ་གསུམ་ཀ་མི་འཐད་དེ། རང་གི་ངོ་བོ་ཅི་ཡང་མ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །འདི་ནི་གཞན་ལ་གྲགས་ཀྱི་གཏན་ཚིགས་ཡིན་ནོ། །དེ་སྐད་དུ་གཞུང་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བཏགས། །དེའི་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །ཞེས་སོགས་གསུངས་སོ། །བདག་ཕུང་རྫས་གཅིག་ཡིན་པ་ནི། རང་སྡེ་མང་བཀུར་བའི་ནང་ཚན་ས་སྒྲོགས་རི་པ་དང་བསྲུང་བ་པ་རྣམས་ཡིན་ཏེ། ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི། །ལྔ་ཆར་ཡང་འདོད་ཁ་ཅིག་སེམས་གཅིག་འདོད། །ཅེས་བཤད་པའི་ཕྱིར། དེ་འགོག་ཚུལ་ལ་རིགས་པའི་གཙོ་བོ་བདུན་ཡོད་པའི་དང་པོ་ནི། གང་ཟག་གཅིག་གི་བདག་དུ་མར་ཐལ། ཕུང་པོ་ལ་དུ་མ་ཡོད་པ་གང་ཞིག བདག་ཕུང་གཅིག་ཡིན་པའི་ཕྱིར། འདོད་ན། མདོ་ལས། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའོ་ཞེས་པ་དང་འགལ་ལོ། །གཉིས་པ་ནི། བདག་རྫས་སུ་ཡོད་པར་ཐལ། ཕུང་པོ་རྫས་སུ་ཡོད་པའི་ཕྱིར། འདོད་ན། མདོ་ལས། དགེ་སློང་དག་ལྔ་པོ་འདི་དག་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་ཡིན་ཏེ། འདས་པའི་དུས་དང་། མ་འོངས་པའི་དུས་དང་ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་གང་ཟག་གོ་ཞེས་གསུངས་པ་དང་འགལ་ལོ། །གསུམ་པ་ནི། འཇིག་ཚོགས་ལ་ལྟ་བ་བློ་ཕྱིན་ཅི་མ་ལོག་པར་ཐལ། དེ་རྫས་སུ་ཡོད་པའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ། དེའི་དམིགས་ཡུལ་བདག་རྫས་སུ་ཡོད་པའི་ཕྱིར། རྟགས་ཁས། བཞི་པ་ནི། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་བདག་རྒྱུན་ཆད་པར་ཐལ། དེའི་ཚེ་ཕུང་པོ་རྒྱུན་ཆད་པའི་ཕྱིར། འདོད་ན། ཆད་པའི་མཐར་ལྟུང་བར་འགྱུར་རོ། །ལྔ་པ་ནི། མྱ་ངན་ལས་འདས་པའི་སྔ་རོལ་དུ་ཕུང་པོ་ཞིག་པའི་ཚེ་ན་བདག་ཀྱང་ཞིག་པར་ཐལ། བདག་ཕུང་གཅིག་པའི་ཕྱིར། འདོད་ན། མདོ་ལས། དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །ཞེས་གསུངས་པ་དང་འགལ་ལོ། །དྲུག་པ་ནི། འཇིག་རྟེན་མཐའ་དང་ལྡན་མི་ལྡན་སོགས་ཀྱི་མུ་བཞི་དང་། འཇིག་རྟེན་རྟག་མི་རྟག་སོགས་ཀྱི་མུ་བཞི་པོ་རྣམས་ལུང་དུ་མ་བསྟན་པར་བཞག་པར་མི་འཐད་པར་ཐལ། བདག་ཕུང་གཅིག་ཡིན་ན། དེའི་ཚེ་འཇིག་རྟེན་གྱི་སྒྲས་ཕུང་པོ་བསྟན་དགོས་པས་འཇིག་རྟེན་མཐའ་དང་ལྡན་པ་དང་། མི་རྟག་པར་ལུང་སྟོན་རིགས་པའི་ཕྱིར། བདུན་པ་ནི། བདག་མེད་མཐོང་བའི་རྣལ་འབྱོར་མངོན་སུམ་གྱིས་བདག་མེད་པར་མཐོང་བའི་ཚེ། ཕུང་པོ་མེད་པར་མཐོང་བར་ཐལ། བདག་ཕུང་གཅིག་ཡིན་པའི་ཕྱིར། བདུན་པོ་འདི་དག་ནི་ཟླ་བའི་ཞབས་ཀྱི་རིགས་པ་དྲི་མ་མེད་པ་ཡིན་ཏེ། འཇུག་པ་ལས། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །ཅེས་དང་། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ། །ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ལ། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། ཕུང་པོ་ལ་བདག་བརྟེན་པ་དང་། བདག་ལ་ཕུང་པོ་བརྟེན་པ་ཡང་མི་འཐད་དེ། བདག་ཕུང་རྫས་གཞན་ཡིན་ན། འཁར་གཞོང་ན་ཞོ་ཡོད་དོ། །ཞེས་པ་ལྟར་རྟེན་དང་བརྟེན་པར་འགྱུར་རིགས་པ་ལས། བདག་ཕུང་རྫས་གཞན་དུ་མེད་པའི་ཕྱིར། དེ་སྐད་དུ་གཞུང་ལས། ཕུང་པོར་བདག་ཡོད་མ་ཡིན་བདག་ལ་ཡང་། །ཕུང་པོ་དེ་རྣམས་ཡོད་མིན་གང་ཕྱིར་འདིར། །གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། །གཞན་ཉིད་དེ་མེད་དེ་ཕྱིར་འདི་རྟོག་པའོ། །ཞེས་གསུངས་སོ། །རྣམ་པ་ལྔ་པ་བདག་ཕུང་པོ་དང་ལྡན་པ་མི་འདོད་དེ། ལྷས་བྱིན་གཟུགས་དང་ལྡན་ཞེས་པ་ལྟ་བུ་ཐ་མི་དད་ཀྱི་ལྡན་པ་ཡིན་ན། རྫས་གཅིག་དང་། ལྷས་བྱིན་བ་ལང་དང་ལྡན་ཞེས་པ་ལྟ་བུ་ཐ་དད་ཀྱི་ལྡན་པ་ཡིན་ན། རྫས་གཞན་དུ་འགྱུར་བ་ལས། བདག་ཕུང་རྫས་གཅིག་དང་རྫས་གཞན་དུ་མེད་པའི་ཕྱིར་ཏེ། བདག་ནི་གཟུགས་ལྡན་མི་འདོད་གང་ཕྱིར་བདག །ཡོད་མིན་དེ་ཕྱིར་ལྡན་དོན་སྦྱོར་བ་མེད། །གཞན་ན་གནག་ལྡན་གཞན་མིན་གཟུགས་ལྡན་ན། །བདག་ནི་གཟུགས་ལས་དེ་ཉིད་གཞན་ཉིད་མེད། །ཅེས་གསུངས་པའི་ཕྱིར། རྣམ་པ་ལྔ་པོ་ཡང་བསྡུ་ན། རྫས་གཅིག་རྫས་གཞན་གཉིས་སུ་འདུས་ཏེ། རྟེན་དང་བརྟེན་པ་ནི་རྫས་གཞན་གྱི་ཕྱོགས་དང་། ལྡན་པ་ནི་རྫས་གཅིག་དང་རྫས་གཞན་ཅི་རིགས་པར་ངེས་པའི་ཕྱིར། རྣམ་པ་དྲུག་པ་དང་བདུན་པ་ཕུང་པོ་ཚོགས་ཙམ་བདག་ཡིན་པ་དང་། ཕུང་པོའི་དབྱིབས་བདག་ཡིན་པའང་མི་འཐད་དེ། ཕུང་པོ་དུ་མ་ཚོགས་པ་བདག་ཡིན་ན་མི་འཐད་དེ། མདོ་ལས། ཕུང་པོ་ལ་བརྟེན་ནས་བདག་བཏགས་པ་ཙམ་དུ་གསུངས་པའི་ཕྱིར་དང་། དབྱིབས་བདག་ཡིན་ན། བདག་གཟུགས་ཅན་ཁོ་ནར་འགྱུར་བས་བདག་སེམས་མེད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེ་སྐད་དུ་མདོ་ལས། ཅི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་འདོགས་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་དང་། འཇུག་པ་ལས། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །དབྱིབས་ཤེ་ན་དེ་གཟུགས་ཅན་ལ་ཡོད་ཕྱིར། །ཁྱོད་ལ་དེ་དག་ཉིད་བདག་ཅེས་འགྱུར་གྱི། །སེམས་སོགས་ཚོགས་ནི་བདག་ཉིད་འགྱུར་མིན་ཏེ། །གང་ཕྱིར་དེ་དག་ལ་དབྱིབས་ཡོད་མ་ཡིན། །ཞེས་གསུངས་སོ། །མང་བཀུར་བའི་ནང་ཚན་གནས་མ་བུའི་སྡེ་པ་རྣམས་བདག་ཕུང་རྫས་གཅིག་དང་རྫས་གཞན་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའི་རྫས་ཡོད་དུ་འདོད་པ་ཡིན་ཏེ། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག་ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། ཅེས་བཤད་པའི་ཕྱིར། དེ་འགོག་ཚུལ་ལ་རིགས་པའི་རྣམ་གྲངས་དུ་མ་གསུངས་ཀྱང་། གཙོ་བོ་ནི་བདག་གང་དུ་ཡང་བརྗོད་དུ་མེད་པ་མི་འཐད་པར་ཐལ། བདག་རྫས་ཡོད་ཡིན་པའི་ཕྱིར། རྟགས་ཁས། ཞེས་པའི་རིགས་པ་འདི་ཡིན་ཏེ། གལ་ཏེ་བདག་འགའ་དངོས་པོར་གྲུབ་གྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་འགྱུར། །ཞེས་དང་། དཀའ་འགྲེལ་ལས། བརྗོད་དུ་མེད་ན་རྫས་སུ་ཡོད་མི་སྲིད། །ཅེས་གསུངས་པའི་ཕྱིར། རྣམ་པ་ལྔའམ་བདུན་གྱི་སྒོ་ནས་འཚོལ་བའི་རིགས་པ་འདི་དག་གང་ཟག་བདག་འགོག་པའི་རིགས་པའི་གཙོ་བོ་ཡིན་ཞིང་། ཆོས་ཀྱི་བདག་འགོག་ཚུལ་ལ་ཡང་རིགས་བསྒྲེས་ཏེ་ཤེས་པར་འགྱུར་བ་ཡིན་ཏེ། ཤིང་རྟ་དེ་ལ་འཕང་ལོ་སོགས་རང་གི་ཡན་ལག་རྣམས་ལ་རྫས་གཅིག་དང་རྫས་གཞན་སོགས་རྣམ་པ་བདུན་གྱི་སྒོ་ནས་འཚོལ་བར་གསུངས་པའི་ཕྱིར་ཏེ། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་བརྟེན་ནས་བཏགས་པའི་གང་ཟག་རྣམ་པར་བཞག་པ་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བདག་བཙལ་བ་ན་མི་རྙེད་ཀྱང་། ཐ་སྙད་དུ་ཕུང་པོ་ལ་བརྟེན་ནས་བདག་བཏགས་པ་ཙམ་ཞིག་ཁས་ལེན་ཏེ། འདི་ནི་ཕུང་པོ་རྣམས་བརྟེན་འགྲུབ་པར་འགྱུར། །ཞེས་དང་། དེའི་རང་འགྲེལ་ལས། ཕུང་པོ་རྣམས་ལ་བརྟེན་ནས་བཏགས་པ་ཞེས་བྱ་བ་འདི་ཙམ་ཞིག་འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པར་བྱ་བའི་ཕྱིར་ཁས་བླང་བར་བྱ་སྟེ། བདག་ཏུ་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན། འཇིག་རྟེན་ཐ་སྙད་དུ་ཕུང་པོ་ནི་ཉེ་བར་བླང་བྱ་དང་། བདག་ནི་ཉེ་བར་ལེན་པ་པོ། ཕུང་པོ་ནི་ཆ་ཤས་དང་། བདག་ནི་ཆ་ཤས་ཅན། ཕུང་པོ་ནི་ཡན་ལག་དང་། བདག་ནི་ཡན་ལག་ཅན་ཡིན་ཏེ། དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །དེ་ཉིད་ཡན་ལག་ཅན་དེ་ཆ་ཤས་ཅན། །ཤིང་རྟ་དེ་ཉིད་བྱེད་པོ་ཞེས་འགྲོར་བསྙད། །སྐྱེ་བོ་རྣམས་ལ་ལེན་པོ་ཉིད་དུ་འགྲུབ། །འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་དང་། སྡོམ་གསུམ་ཁ་སྐོང་ལས། མ་དཔྱད་འཇིག་རྟེན་གྲགས་པའི་ངོར། །རང་གི་ཉེ་བར་བླང་བྱ་དང་། །ཆ་ཤས་དང་ནི་ཡན་ལག་ལ། །བརྟེན་ནས་ལེན་པ་པོ་དང་ནི། །ཆ་ཤས་ཅན་དང་ཡན་ལག་ཅན། །འཇོག་པ་ཤིང་རྟའི་དཔེ་དང་ནི། །སྦྱར་བ་དཔལ་ལྡན་ཟླ་བས་གསུངས། །ཞེས་གསུངས་པའི་ཕྱིར། གསུམ་པ་རིགས་པའི་ཚུལ་དེ་དངོས་པོ་ཀུན་ལ་བསྒྲེ་བ་ནི། བདག་ཏུ་མ་ཟད་བུམ་པ་སྣམ་བུ་ལ་སོགས་པའི་འཇིག་རྟེན་གྱི་ཐ་སྙད་བདེན་པ་ཀུན་རང་གི་ཆ་ཤས་དང་། ཡན་ལག་རྣམས་ལ་ཤིང་རྟ་ལྟར་རྣམ་པ་བདུན་གྱིས་བཙལ་ན་མི་རྙེད་ཀྱང་། ཐ་སྙད་དུ་ཆ་ཤས་དང་ཡན་ལག་དང་ཡོན་ཏན་དང་མཚན་གཞི་དང་བསྲེག་བྱ་སོགས་ལ་བརྟེན་ནས་ཆ་ཤས་ཅན་དང་། ཡན་ལག་ཅན་དང་། ཡོན་ཏན་ཅན་དང་། མཚན་ཉིད་དང་། སྲེག་བྱེད་སོགས་ཐ་སྙད་བདེན་པའི་རྣམ་གཞག་ཁས་ལེན་པར་བྱ་དགོས་ཏེ། གཞུང་ལས། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་། །ཁང་ཁྱིམ་ཤིང་རྟ་བྲན་དང་འགྲོན་གནས་ལ་སོགས་དངོས་པོ་རྣམས་དག་དང་། །དེ་བཞིན་གང་དག་སྒོ་ནས་སྐྱེ་འདིས་བསྙད་པ་དེ་རྣམས་རྟོགས་བྱ་སྟེ། །གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་རྩོད་མི་མཛད་ཕྱིར་རོ། །ཡན་ལག་ཡོན་ཏན་འདོད་ཆགས་མཚན་ཉིད་དང་ནི་བུད་ཤིང་ལ་སོགས་དང་། །ཡོན་ཏན་ཅན་ཡན་ལག་ཅན་ཆགས་དང་མཚན་གཞི་མེ་ལ་སོགས་དོན་དག །དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང་། །དེ་ལས་གཞན་དུ་གྱུར་པ་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན་དོན་དམ་དུ་བཙལ་བས་མི་རྙེད་པའི་སྟོང་ཉིད་ནི་དོན་དམ་བདེན་པ་དང་། ཐ་སྙད་དུ་དཔྱད་གཞི་དེ་ཉིད་སྣང་ཙམ་དུ་གྲུབ་པ་ནི་ཀུན་རྫོབ་བདེན་པ་ཡིན་པས། བདེན་གཉིས་ཀྱི་རྣམ་གཞག་འདི་བཞིན་དུ་གོ་དགོས་སོ། མཚན་གཞི་གཅིག་ལ་མཚོན་ན་ཤིང་རྟ་རང་གི་ཡན་ལག་ལ་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མ་རྙེད་པའི་གནས་ལུགས་ནི་ཤིང་རྟ་རང་གི་ངོ་བོས་སྟོང་པའི་དོན་དམ་བདེན་པ་དང་། ཐ་སྙད་དུ་འཕང་ལོ་སོགས་རང་གི་ཡན་ལག་ལ་བརྟེན་ནས་ཤིང་རྟར་བཏགས་པ་ནི་དོན་དམ་བདེན་པ་རྟོགས་པའི་རྟེན་དུ་གྱུར་པའི་དཔྱད་གཞི་ཀུན་རྫོབ་ཀྱི་ཤིང་རྟ་ཉིད་ཡིན་ཏེ། རང་འགྲེལ་ལས། དེ་ལ་ཡན་ལག་རྒྱུར་བྱས་ནས་ཡན་ལག་ཅན་དུ་འདོགས། ཡན་ལག་ཅན་ལ་ལྟོས་ནས་ཡན་ལག་ཏུ་འདོགས། ཞེས་གསུངས་པའི་ཕྱིར། བདེན་གཉིས་ཀྱི་རྣམ་གཞག་འདི་བཞིན་མི་ཤེས་པའི་དངོས་སྨྲ་བ་རྣམས་ནི་ཐར་པ་སྒྲུབ་པའི་ལམ་ལས་གོལ་བ་ཡིན་ཏེ། དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཞེས་སོགས་གསུངས་པའི་ཕྱིར། འོ་ན་ཤིང་རྟ་དང་ཤིང་རྟའི་ཡན་ལག་ཐ་སྙད་དུ་ཕན་ཚུན་རྟེན་དང་བརྟེན་པར་ཡིན་པར་ཐལ། དེ་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཕྱིར་དང་། ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་བཏགས་པར་གསུངས་པའི་ཕྱིར་ཞེ་ན། དེ་གཉིས་ཕན་ཚུན་རྟེན་དང་བརྟེན་པ་ནི་ཐ་སྙད་དུ་ཁས་མི་ལེན་ཏེ། དེ་གཉིས་སོགས་ཕན་ཚུན་ལྟོས་གྲུབ་ཀྱི་ཆོས་རྣམས་དོན་དམ་ཐ་སྙད་གང་དུ་ཡང་རྟེན་དང་བརྟེན་པར་ཁས་མི་ལེན་པའི་ཕྱིར་ཏེ། ཕན་ཚུན་ལྟོས་གྲུབ་ཀྱི་ཆོས་རྣམས་དེ་གཉིས་གང་དུ་ཡང་རྣམ་པ་བདུན་པོ་གང་རུང་དུ་ཁས་མི་ལེན་པ་སློབ་དཔོན་འདིའི་ལུགས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །ཞེས་སོགས་གསུངས་པའི་ཕྱིར། བདག་ཕུང་པོ་ལ་བརྟེན་པར་ཐལ། ཕུང་པོ་ལ་བརྟེན་ནས་བདག་བཏགས་པའི་ཕྱིར། ཟེར་བ་སོགས་ལ་ནི་ཁྱབ་པ་མ་ངེས་ཏེ། འོ་ན་མྱུ་གུ་ས་བོན་ལ་བརྟེན་པར་ཐལ། ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེས་པའི་ཕྱིར། ཁྱབ་པ་མཚུངས། འདོད་ན། ས་མྱུག་གཉིས་རྟེན་དང་བརྟེན་པར་ཐལ། འདོད་པའི་ཕྱིར། འདོད་ན། ས་བོན་ཞིག་པའི་ཚེ་ན་མྱུ་གུ་ཞིག་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྟེན་ཞིག་པའི་ཚེ་ན་བརྟེན་པ་ཡང་འཇིག་པར་འགྱུར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། གཞན་ཡང་། ཕ་དང་བུ་གཉིས་རྟེན་དང་བརྟེན་པར་ཐལ། ཕ་ལ་བརྟེན་ནས་བུ་སྐྱེས་པའི་ཕྱིར། རང་གི་འདོད་པ་ནི། ཡན་ལག་དང་ཡན་ལག་ཅན་སོགས་ཕན་ཚུན་ལྟོས་གྲུབ་ཀྱི་ཆོས་རྣམས་རྟེན་དང་བརྟེན་པར་ཁས་མི་ལེན་ཡང་། སྤྱིར་རྟེན་དང་བརྟེན་པའི་རྣམ་གཞག་ཁས་ལེན་ཏེ། སེམས་ཅན་གྱི་རྒྱུད་ལ་རྒྱུ་དུས་ཀྱི་བདེ་གཤེགས་སྙིང་པོ་ཡོད་པ་དང་། སྣོད་ཀྱི་འཇིག་རྟེན་ལ་བཅུད་ཀྱི་སེམས་ཅན་ཡོད་པ་སོགས་རྟེན་དང་བརྟེན་པའི་དམ་བཅའ་རྣམས་དབུ་མ་ཐལ་འགྱུར་བས་ཐ་སྙད་དུ་ཁས་ལེན་པར་ཀུན་མཁྱེན་བླ་མས་ངེས་དོན་རབ་གསལ་ལས་གསུངས་པའི་ཕྱིར། གསུམ་པ་སྤྱི་དོན་གྱི་སྒོ་ནས་མཐའ་ཅུང་ཟད་དཔྱད་པ་ལ། བདག་ཡོད་མེད་དཔྱད་པ། རྟག་མི་རྟག་གང་ཡིན་དཔྱད་པ། བདག་གི་ས་མཚམས་བཤད་པ། ལྷན་སྐྱེས་དང་ཀུན་བཏགས་ཀྱི་ཁྱད་པར་བཤད་པ། བདག་མེད་ཀྱི་དོན་ལ་སེམས་མཉམ་པར་འཇོག་ཚུལ་བཤད་པ་དང་ལྔ། དང་པོ་ནི། པཎ་ཆེན་ཤཱཀྱ་མཆོག་ལྡན་ལ་སོགས་པ་ལ་ལ། གང་ཟག་ཐ་སྙད་དུ་ཡོད་ཅིང་བདག་ཐ་སྙད་དུ་ཡང་མེད་པ་ཡིན་ཏེ། བདག་དང་གང་ཟག་རྣམ་གྲངས་སུ་སྨྲ་བ་མུ་སྟེགས་པའི་ལུགས་ཡིན་པའི་ཕྱིར། ཞེས་དང་། ཁ་ཅིག བདག་མེད་པའི་ཤེས་བྱེད་དུ། བདག་མེད་དེ། བདག་ཡོད་པར་འདོད་པ་ཕྱི་རོལ་པ་དང་། མེད་པར་འདོད་པ་སངས་རྒྱས་པའི་ལུགས་ཡིན་པའི་ཕྱིར་དང་། བདག་མེད་རྟོགས་པའི་བློ་དེ་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་ཡིན་ལ། བདག་འཛིན་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པའི་ཕྱིར་ཞེས་ཟེར་རོ། །དེ་མི་འཐད་དེ། འོ་ན་ཡུམ་གྱི་མདོ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་རྣམས་མུ་སྟེགས་པའི་གཞུང་ལུགས་ཡིན་པར་ཐལ། དེ་དག་ལས་བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ལ་སོགས་པ་རྣམ་གྲངས་སུ་གསུངས་པའི་ཕྱིར་ཏེ། དེ་དག་ལས་བྱེད་པའི་སྐྱེས་བུ་བཅུ་གཉིས་རྣམ་གྲངས་སུ་གསུངས་པའི་ཕྱིར་ཏེ། དོན་འདི་ལ་དགོངས་ནས་སྡོམ་གསུམ་ཁ་སྐོང་ལས། འོ་ན་ཡུམ་གྱི་མདོ་རྣམས་དང་། །ཀླུ་སྒྲུབ་ཡབ་སྲས་གཞུང་ལུགས་རྣམས། །མུ་སྟེགས་གཞུང་ལུགས་སུ་འགྱུར་ཏེ། །དེ་དག་རྣམ་གྲངས་གསུངས་ཕྱིར་རོ། །ཞེས་བཤད་པའི་ཕྱིར། ཤེས་བྱེད་ཀྱང་། གཉིས་པ་དེ་ནི་ཁྱབ་པ་མ་ངེས་ཏེ། འོ་ན་སྐྱེ་བ་དང་མཚན་མ་དང་སྤྲོས་པ་རྣམས་མེད་པར་ཐལ། སྐྱེ་མེད་རྟོགས་པའི་བློ་སོགས་ཡུལ་གྱི་གནས་ཚུལ་ལ་ཞུགས། སྐྱེ་བ་འཛིན་པའི་བློ་སོགས་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པའི་ཕྱིར། འདོད་མི་ནུས་ཏེ། སྐྱེ་སོགས་ཐ་སྙད་དུ་ཡོད་པའི་ཕྱིར། ཤེས་བྱེད་དང་པོ་དེ་ལ་གཏན་ཚིགས་མ་གྲུབ་སྟེ། བླུན་པོ་ཕལ་གྱི་སྤྱི་སྐད་ལ་དེ་ལྟར་གྲགས་ཀྱང་། མཁས་པའི་མཐོང་ན་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་ཏེ། རང་སྡེ་མང་བཀུར་བ་སོགས་ཀྱི་བྱེ་བྲག་ཏུ་སྨྲ་བ་ཕལ་ཆེ་བས་བདག་རྫས་ཡོད་དུ་ཁས་ལེན། ཁ་ཆེ་བྱེ་བྲག་སྨྲ་བ་ནས་དབུ་མ་ཐལ་འགྱུར་བའི་བར་གྱིས་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་བཏགས་ཡོད་དུ་ཁས་ལེན་པའི་ཕྱིར་ཏེ། གཞུང་ལུགས་ཆེན་པོ་རྣམས་སུ་བལྟས་པས་གསལ་ལོ། །དེ་སྐད་དུ་ཁ་སྐོང་ལས། སྒྲུབ་བྱེད་ཀྱང་ནི་ལྟར་སྣང་སྟེ། །སྐྱེ་མེད་མཚན་མེད་སྤྲོས་མེད་རྣམས། །རྟོག་པའི་བློ་ལ་མཚུངས་པ་སྟེ། །སྐྱེ་སོགས་ཐ་སྙད་དུ་ཡོད་ཕྱིར། །ཞེས་དང་། གཞུང་ལུགས་རྣམས་གཞག་དོར་ནས་ནི། །ཕལ་པའི་ངག་ཙམ་ལ་བརྟེན་ནས། །གྲུབ་མཐའི་རྣམ་གཞག་འཇོག་བྱེད་པ། །མཁས་པས་མཐོང་ན་བཞད་གད་གནས། །ཞེས་གསུངས་སོ། །དེས་ན་རང་ལུགས་ནི། གང་ཟག་གི་བདག་དང་། ཆོས་ཀྱི་བདག་དང་། ཆོས་ཀྱི་སྡོམ་བཞིའི་ནང་ཚན་དུ་གྱུར་པའི་ཆོས་ཐམས་ཅད་བདག་མེད་ཅེས་པའི་བདག་རྣམས་ནི་ཐ་སྙད་དུ་ཡང་མེད་པ་ཡིན་ཏེ། དེ་རྣམས་ནི་ངོ་བོས་གྲུབ་པ་ལ་བདག་ཏུ་བཞག་པའི་སྐབས་ཡིན་པའི་ཕྱིར། དེ་སྐད་དུ་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་ལས། ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་པ་ལ། བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་ཞེས་དང་། ཟླ་བས་མཛད་པའི་བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པའོ། །ཞེས་དང་། དེ་རྣམས་ཀྱི་དོན། ཁ་སྐོང་ལས། ཆོས་དང་གང་ཟག་ཚིག་ཟུར་ལ། །སྦྱར་བའི་བདག་དང་ཆོས་ཐམས་ཅད། །བདག་མེད་ཅེས་པའི་བདག་གི་དོན། །སངས་རྒྱས་བསྐྱངས་དང་ཟླ་བ་ཡིས། །ངོ་བོས་གྲུབ་པ་ལ་བཤད་ནས། །ཐ་སྙད་དུ་ཡང་མེད་པར་བཞེད། །དེ་དང་བྱེད་པའི་སྐྱེས་བུ་ལ། །བདག་ཅེས་བརྗོད་པ་སོ་སོར་སྨོས། །ཞེས་གསུངས་སོ། །འཇིག་རྟེན་ན་ང་དང་བདག་ཅེས་གྲགས་པའི་བདག་ནི་ཐ་སྙད་དུ་ཡོད་དེ། ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལ་ང་དང་བདག་ཏུ་འཇོག་པའི་སྐབས་ཡིན་པའི་ཕྱིར་ཏེ། རྩ་ཤེ་ལས། བདག་ཉིད་ལེགས་པར་བསྒོམ་པ་དང་། །ཞེས་དང་། དེའི་འགྲེལ་པ་ཚིག་གསལ་ལས། དེ་ལ་བདག་ཏུ་ང་རྒྱལ་བ་འདི་ལ་བཞག་ཅིང་བསྐྱེད་པས་ན་བདག་ཉིད་དེ། ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལ་བདག་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་བདག་ཡོད་པར་ཐལ། ཁམས་དྲུག་དང་སྐྱེ་མཆེད་དྲུག་ལ་བརྟེན་ནས་བཏགས་པའི་བདག་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལྟར་བཏགས་པའི་བདག་དེ་ཉེ་བར་ལེན་པ་པོ་དང་། བྱེད་པ་པོ་ཡིན། ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་ཉེ་བར་བླང་བྱ་དང་། ལས་སམ་བྱ་བ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར་ཏེ། འཇུག་པ་ལས། དེ་བཞིན་འཇིག་རྟེན་གྲགས་པའི་ཕུང་པོ་དང་། །ཁམས་དང་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས། །བདག་ཀྱང་ཉེ་བར་ལེན་པོ་ཉིད་དུ་འདོད། །ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། །ཞེས་གསུངས་པའི་ཕྱིར། ཡང་བདག་ཡོད་པར་ཐལ། འབྱུང་བཞི་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་དང་། མིག་སོགས་རེག་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་རྒྱུ་བ་བཅོ་བརྒྱད་ལ་བརྟེན་ནས་བཏགས་པའི་བདག་ཡོད་པའི་ཕྱིར་ཏེ། མདོ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་དེ་ནི་ཁམས་དྲུག་དང་། རེག་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་ཉེ་བར་ལོངས་སྤྱོད་པ་བཅོ་བརྒྱད་པའོ། །ཞེས་དང་། འཇུག་པ་ལས། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །རླུང་དང་རྣམ་ཤེས་ནམ་མཁའ་ཞེས་བྱ་བ། །ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བརྟེན་ཞིང་། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །ཞེས་གསུངས་པའི་ཕྱིར། དེས་ན་མདོ་ལས། 13/22 མདུན་ངོས། 上一页 11 12 13 14 15 16 下一页 尾页 |
|
|
|
|
|
 |
ཉེ་ལམ་གསར་བརྗེས། |
|
|
|
|
|
|
|
 |
ཀློག་མཁན་མང་ཤོས། |
|
|
|
|
|
|
|
|