ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཞེས་གསུངས་པའི་ཕྱིར། མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་མི་འཇོག་པ་ནི་ལུགས་འདི་ལ་མི་བསླུ་བའི་ཤེས་པ་མེད་པ་ཡིན་ཏེ། ཤེས་པ་ཡིན་ན། མི་བསླུ་བ་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཤེས་པ་ཡིན་ན། ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པའི་ཕྱིར། འོ་ན་རྣམ་མཁྱེན་ཡང་ཀུན་རྫོབ་བདེན་པ་དང་བསླུ་ཆོས་སུ་འགྱུར་རོ་ཞེ་ན། འདོད་པ་ཡིན་ཏེ། ལམ་བདེན་ཡིན་པའི་ཕྱིར། འོ་ན་མི་བསླུ་བ་ཅི་ཞེ་ན། འགོག་བདེན་ལ་སོགས་པའི་དོན་དམ་བདེན་པ་རྣམས་མི་བསླུ་བ་ཡིན་ཏེ། དེ་རྣམས་བདེན་པ་ཡིན་པའི་ཕྱིར། དེ་སྐད་དུ་འཇུག་པ་རང་འགྲེལ་ལས། སྡུག་བསྔལ་དང་ཀུན་འབྱུང་དང་ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་རང་གི་ངོ་བོ་ཞེས་གསུངས་སོ། །དེས་ན་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་མཉམ་གཞག་ཡེ་ཤེས་དེ་དབུ་མ་རང་ལུགས་ཀྱི་ཚད་མའི་མཚན་ཉིད་ཡིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་མ་མཐོང་ལ་བརྟེན་ནས་ཚད་མ་ཡིན་མིན་དུ་བཞག་པའི་ཕྱིར་ཏེ། འཇུག་པ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཚད་མ་དེ་ལ་སྒྲའི་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཀུན་རྫོབ་སྒྲུབ་བྱེད་ཀྱི་ཚད་མ་དང་། དོན་དམ་སྒྲུབ་བྱེད་ཀྱི་ཚད་མ་གཉིས་ལས། དང་པོ་དེ་དང་ཐ་སྙད་པའི་ཚད་མ་དང་། འཇིག་རྟེན་ཐ་སྙད་ལ་གྲགས་པའི་ཚད་མ་རྣམས་དོན་གཅིག དེ་ལ་ཕྱེ་ན་མངོན་སུམ་ཚད་མ་སོགས་བཞིར་ཡོད་པ་ཡིན་ཏེ། དབུ་མ་ཚིགས་གསལ་ལས། དེའི་ཕྱིར་ཚད་མ་བཞི་ལས། འཇིག་རྟེན་གྱི་དོན་རྟོགས་པར་རྣམ་པར་འཇོག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཡང་མངོན་སུམ་ཚད་མ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ་དང་། སྒྲ་འཛིན་མངོན་སུམ་ལ་སོགས་པ་ལྟ་བུའོ། །རྗེས་དཔག་ཚད་མ་ནི། དུ་བའི་རྟགས་ལས་དུ་ལྡན་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་ལྟ་བུའོ། །དཔེ་ཉེར་འཇལ་གྱི་ཚད་མ་ནི། བ་མེན་དཔེར་བྱས་ནས་བ་གླང་ཡང་བ་མེན་དང་འདྲ་བར་རྟོགས་པའི་བློ་ལྟ་བུའོ། །ལུང་ཚད་མ་ནི། ལས་འབྲས་ཀྱི་རྣམ་གཞག་སྟོན་པའི་ལུང་ལ་བརྟེན་ནས་ལས་རྒྱུ་འབྲས་ཐ་སྙད་དུ་བདེན་པར་རྟོགས་པའི་བློ་ལྟ་བུའོ། །ཀུན་རྫོབ་སྒྲུབ་བྱེད་ཀྱི་ཚད་མ་དེ་དག་ནི། ཀུན་རྫོབ་འཇལ་བ་ལ་ལྟོས་ནས་ཚད་མ་ཡིན་ཀྱང་སྤྱིར་ཚད་མ་མ་ཡིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་མ་མཐོང་བའི་ཕྱིར། དེ་སྐད་དུ་མདོ་ལས། མིག་དང་རྣ་དང་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་དང་། འཇུག་པ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་སོགས་གསུངས་སོ། །མདོའི་ལུང་དེས་ནི་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་མིག་སོགས་དབང་པོ་དྲུག་པོ་གང་རུང་ཡིན་ན། ཚད་མ་མ་ཡིན་པས་ཁྱབ་པ་གསལ་བར་བསྟན་ཏོ། །དོན་དམ་སྒྲུབ་བྱེད་ཀྱི་ཚད་མ་ལ་ཡང་མངོན་སུམ་ཚད་མ་སོགས་བཞི་ལས། དང་པོ་ནི། འཕགས་པའི་མཉམ་གཞག་ཡེ་ཤེས་ཐམས་ཅད་དེ། དེ་དག་གནས་ལུགས་མངོན་སུམ་དུ་མཐོང་བའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། རྗེས་དཔག་ཚད་མ་ནི། གཞན་ལ་གྲགས་ཀྱི་རྗེས་དཔག་སོགས་དབུ་མའི་རིགས་པ་ལ་བརྟེན་ནས་སྣང་བ་བདེན་མེད་དུ་རྟོགས་པའི་རིག་ཤེས་ལྟ་བུའོ། །དཔེ་ཉེར་འཇལ་གྱི་ཚད་མ་ནི། སྒྱུ་མ་དང་སྨིག་རྒྱུ་སོགས་དཔེར་བྱས་ནས་སྣང་བའི་དངོས་པོ་ཐམས་ཅད་ཀྱང་མི་བདེན་པར་རྟོགས་པའི་བློ་ལྟ་བུའོ། །ལུང་ཚད་མ་ནི། ངེས་དོན་སྟོང་ཉིད་སྟོན་པའི་ལུང་ལ་བརྟེན་ནས་བརྗོད་བྱ་སྟོང་ཉིད་རྟོགས་པའི་ཤེས་རབ་ལྟ་བུའོ། །དེ་ལྟར་བཞི་ལས། དང་པོ་ནི། ཚད་མ་མཚན་ཉིད་པ་ཡིན་ཏེ། དོན་དམ་བདེན་པ་མཚན་ཉིད་པ་འཇལ་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། ཕྱི་མ་གསུམ་ནི་ཚད་མ་མཚན་ཉིད་པ་མ་ཡིན་ཏེ། རྗེས་དཔག་ཚད་མ་དང་ལུང་ཚད་མ་གཉིས་གཙོ་བོར་བསྟན་པ་དོན་དམ་བདེན་པ་འཇལ་བྱེད་ཀྱི་ཚད་མ་དང་། དཔེ་ཉེར་འཇལ་གྱི་ཚད་མ་ནི་ཀུན་རྫོབ་སྣང་ཙམ་འཇལ་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། འོ་ན་དཔེ་ཉེར་འཇལ་ནི་ཀུན་རྫོབ་སྒྲུབ་བྱེད་དུ་སོང་ངོ་སྙམ་ན། དབུ་མ་རང་ལུགས་ཀྱི་ཀུན་རྫོབ་སྒྲུབ་བྱེད་ཀྱི་ཚད་མར་སོང་ཡང་། སྔར་གྱི་ཀུན་རྫོབ་སྒྲུབ་བྱེད་དེ་དང་མི་གཅིག་ཏེ། སྔར་གྱི་བཞི་པོ་དེ་འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་སྒྲུབ་བྱེད་ཡིན་པའི་ཕྱིར། དབུ་མ་རང་ལུགས་ཀྱི་ཀུན་རྫོབ་ནི་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ཡིན་པས། དེ་རྟོགས་ན་དོན་གྱིས་དོན་དམ་བདེན་པ་རྟོགས་པར་སོང་བས་དཔེ་ཉེར་མཇལ་ནི་དོན་དམ་སྒྲུབ་བྱེད་དུ་བཞག་པ་ཡིན་ཏེ། རྗེས་ཐོབ་ཏུ་ཀུན་རྫོབ་སྒྱུ་མ་ལྟ་བུ་རྟོགས་ན་མཉམ་གཞག་ཏུ་དོན་དམ་རྟོགས་པ་འབྱུང་། མཉམ་གཞག་ཏུ་དོན་དམ་རྟོགས་ན་རྗེས་ཐོབ་ཏུ་སྣང་ལ་རང་བཞིན་མེད་པའི་ཀུན་རྫོབ་རྟོགས་པ་འབྱུང་བ་ནི་དམ་ཆོས་དབུ་མའི་གནད་ཡིན་པའི་ཕྱིར། ཡུལ་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བའི་ཚེ་ཡུལ་ཅན་ལ་ཡང་ལོག་གཉིས་སུ་ཕྱེ་དགོས་པ་ནི་རིགས་པས་གྲུབ་པ་ཡིན་ཏེ། ས་བོན་དང་མྱུ་གུ་དང་བུམ་པ་སོགས་ཡུལ་ཡང་དག་ཀུན་རྫོབ་ཡིན་པས་དེ་དག་གི་ཡུལ་ཅན་ས་བོན་སོགས་འཛིན་པའི་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་སོགས་ཡུལ་ཅན་ཡང་དག་ཀུན་རྫོབ་དང་། ཕྱི་རོལ་པས་བཏགས་པའི་གང་ཟག་གི་བདག་དང་། ཆོས་ཀྱི་བདག་དང་། མིག་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་ཡུལ་ལོག་པའི་ཀུན་རྫོབ་བདེན་པ་ཡིན་པས་དེ་དག་གི་ཡུལ་ཅན་བདག་འཛིན་ཀུན་བཏགས་དང་། སྐྲ་ཤད་འཛག་སྣང་གི་དབང་ཤེས་དང་། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སོགས་པ་ཡུལ་ཅན་ལོག་པའི་ཀུན་རྫོབ་ཏུ་འགྱུར་བའི་ཕྱིར། ལམ་གྱི་སྐབས་སུ་ཉན་རང་གིས་ཉེར་ལེན་གྱི་ཕུང་པོ་ལྔ་བདེན་མེད་དུ་རྟོགས་པར་འདོད་པ་ཐལ་འགྱུར་བའི་ལུགས་འདི་གནད་ཟབ་པ་ཡིན་ཏེ། གང་ཟག་བདེན་མེད་དུ་རྟོགས་ན་གང་ཟག་ཏུ་གདགས་པའི་རྒྱུ་ཕུང་པོ་ལྔ་ལ་བདེན་པར་འཛིན་པ་ཡང་རང་ཤུགས་ཀྱིས་ཁེགས་པར་འགྱུར་བའི་ཕྱིར། གཞན་དུ་ན་ཉན་རང་གིས་ང་དང་གང་ཟག་བདེན་མེད་དུ་མ་རྟོགས་པར་ཐལ། ང་དང་གང་ཟག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་བདེན་པར་འཛིན་པའི་བློ་མ་ཟློག་པའི་ཕྱིར། ཁྱབ་སྟེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ན། དེར་ཐལ། ཉན་རང་གིས་ཕུང་པོ་བདེན་མེད་དུ་མ་རྟོགས་པའི་ཕྱིར། རང་རྒྱུད་པའི་ངོར་རྟགས་ཁས། དེས་ན་ལུགས་འདི་ལ་དབང་རྣོན་གྱི་དབང་དུ་བྱས་ནས་གང་ཟག་གི་བདག་མེད་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ། ཆོས་ཀྱི་བདག་མེད་རྟོགས་ན་གང་ཟག་གི་བདག་མེད་རྟོགས་པས་ཀྱང་ཁྱབ་པ་ཡིན་ཏེ། ལས་དང་པོ་པ་ཞིག་གིས་ཐོག་མ་རྣམ་པ་ལྔའམ་བདུན་གྱིས་བཙལ་བའི་རིགས་པས་གང་ཟག་བདེན་མེད་དུ་གཏན་ལ་ཕབ་ཅིང་རྟོགས་པ་དེའི་ཚེ་ན། གང་ཟག་ཏུ་གདགས་པའི་རྒྱུ་དང་གང་ཟག་གི་ཆ་ཤས་ཉེར་ལེན་ཕུང་པོ་རྣམས་ཀྱང་བདེན་མེད་དུ་ཤུགས་ལ་རྟོགས་པར་འགྱུར་བ་དང་། མཐའ་བཞི་སྐྱེ་འགོག་གི་རིགས་པས་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་རྟོགས་པ་དེའི་ཚེ་ན། ཉེར་ལེན་གྱི་ཕུང་པོའི་ཆ་ཤས་ཅན་གང་ཟག་ཀྱང་བདེན་མེད་དུ་རྟོགས་པར་འགྱུར་བའི་ཕྱིར། རང་རྒྱུད་པའི་ལུགས་ལ་ཉན་རང་གིས་ཉེར་ལེན་གྱི་ཕུང་པོ་རྟག་གཅིག་རང་དབང་ཅན་གྱི་ངོ་བོས་མ་གྲུབ་པ་ཙམ་དུ་རྟོགས་ཤིང་། སྤྱིར་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་མ་རྟོགས་པར་འདོད་པས། ཀླུ་སྒྲུབ་ལུགས་ཀྱི་ལྟ་བའི་གནད་ཕུལ་དུ་ཕྱིན་པ་མ་དགོངས་པར་མངོན་ཏེ། འགྲེལ་པ་ཚིག་གསལ་ལས། སློབ་དཔོན་ལེགས་ལྡན་བྱེད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཇི་སྐད་བཤད་པའི་སྟོང་པ་ཉིད་རྟོགས་པ་ཡོད་པ་ཁོང་དུ་མ་ཆུད་ནས་ཞེས་སོགས་གསུངས་པའི་ཕྱིར། རང་རྒྱུད་པས་དེ་ལྟར་འདོད་པ་ལ་ཐལ་འགྱུར་བས་ཉན་རང་གིས་ཕུང་པོ་བདེན་མེད་དུ་རྟོགས་པའི་ཤེས་བྱེད་རིགས་པ་གཉིས་དང་ལུང་གསུམ་གྱི་སྒོ་ནས་སྒྲུབ་པ་ཡིན་ཏེ། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་པའི་ཐད་ཀྱི་འཇུག་པ་རང་འགྲེལ་ལས་རྒྱས་པར་གསལ་ལོ། །བཞི་པ་བདེན་གཉིས་ཀྱི་རྣམ་གཞག་ཞིབ་ཏུ་བཤད་པ་ལ། མཚན་ཉིད་བཤད་པ། རྣམ་གྲངས་བཤད་པ། དབྱེ་བ་བཤད་པ་དང་གསུམ། དང་པོ་ནི། མཐོང་བ་ཡང་དག་པ་དང་། གནས་ལུགས་ལ་དཔྱོད་པའི་སོ་སྐྱེའི་བློ་གང་རུང་གིས་རྙེད་པའི་རྙེད་དོན་དེ། བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་དོན་དམ་བདེན་པའི་མཚན་ཉིད། མཐོང་བ་བརྫུན་པས་རྙེད་པའི་རྙེད་དོན་དེ། བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་ཏེ། དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པའི་ཕྱིར། རྙེད་ཚུལ་བློ་སྔ་མ་གཉིས་པོ་དེས་དངོས་པོ་དེའི་ངོ་བོ་ཡོད་མེད་སོགས་སྤྲོས་པའི་མཐའ་གང་དུ་ཡང་མ་མཐོང་ཞིང་མ་རྙེད་པ་ལ་རྙེད་ཅེས་པའི་ཐ་སྙད་བྱས་ཏེ། མདོ་ལས། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་གསུངས་པའི་ཕྱིར། མཐོང་བ་བརྫུན་པས་རྙེད་ཚུལ་ནི། དངོས་པོ་དེ་རང་བཞིན་གྱིས་མེད་ཀྱང་ཐོག་མ་མེད་པའི་ལྷན་སྐྱེས་སམ་ཀུན་བཏགས་ཀྱི་དབང་གིས་ཡོད་མེད་སོགས་མཐའ་གང་དུ་བཟུང་ནས་དངོས་པོ་དེའི་ངོ་བོར་སྒྲོ་བཏགས་པ་ལ་རྙེད་ཅེས་པའི་ཐ་སྙད་བྱེད་དོ། །ཡང་ན་གོ་བདེ་བའི་དབང་དུ་བྱས་ན། གནས་ལུགས་ལ་ཞུགས་པའི་བློའི་འཛིན་སྟངས་ཀྱི་གཟུང་བྱའི་གཙོ་བོ་དེ་བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་དོན་དམ་བདེན་པ་དང་། གནས་ལུགས་ལ་མ་ཞུགས་པའི་བློའི་འཛིན་སྟངས་ཀྱི་གཟུང་བྱའི་གཙོ་བོ་དེ་དེའི་ཟླས་ཕྱེ་བའི་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་ནོ། །ཟླས་ཕྱེ་བ་མ་སྦྱར་ན་མཐོང་བ་ཡང་དག་པའི་འཛིན་སྟངས་ཀྱི་གཟུང་བྱ་དེ་ཀ་དོན་དམ་བདེན་པའི་མཚན་ཉིད་དང་། གནས་ལུགས་མ་ཡིན་པར་གྱུར་པའི་ཆོས་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་ཏེ། དོན་དམ་བདེན་པ་ལ་ཟླས་ཕྱེ་བ་མ་སྦྱར་ན་རྟོགས་པ་དོན་དམ་ཁོ་ན་ཡིན་པ་དང་། ཀུན་རྫོབ་བདེན་པ་ལ་ཟླས་ཕྱེ་བ་མ་སྦྱར་བའི་སྤྱི་ཙམ་པ་ནི། བསླུ་ཆོས་ཐམས་ཅད་དེ་ཡིན་པས་རྒྱ་ཆེར་འགྲོ་བའི་རྣམ་དབྱེ་ཤེས་དགོས་པ་ཡིན་ནོ། །གཉིས་པ་རྣམ་གྲངས་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་བདེན་པ་དང་། འཇིག་རྟེན་ཉིད་ལ་ལྟོས་པའི་བདེན་པའི་ཀུན་རྫོབ་དང་། ཡང་དག་ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་བདེན་པ་དང་། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་པའི་དངོས་བསྟན་གྱི་ཐ་སྙད་བདེན་པ་རྣམས་དོན་གཅིག དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །ཞེས་སོགས་ཀྱི་དངོས་བསྟན་གྱི་ཀུན་རྫོབ་བདེན་པ་དང་། བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་ཀུན་རྫོབ་བདེན་པ་དང་། ཡུལ་ཡང་ལོག་དང་ཡུལ་ཅན་ཡང་ལོག་གང་རུང་དུ་གྱུར་པའི་ཀུན་རྫོབ་བདེན་པ་རྣམས་དོན་གཅིག་པ་ཡིན་ནོ། །དེ་བཞིན་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པའི་དངོས་བསྟན་གྱི་དོན་དམ་བདེན་པ་དང་། སྒྲ་རྟོག་གི་དངོས་ཡུལ་དུ་གྱུར་པའི་དོན་དམ་བདེན་པ་དང་། བསྟན་པ་དོན་དམ་བདེན་པ་དང་། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་པའི་དངོས་བསྟན་གྱི་དོན་དམ་བདེན་པ་རྣམས་དོན་གཅིག དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །ཞེས་སོགས་ཀྱི་དངོས་བསྟན་གྱི་དོན་དམ་བདེན་པ་དང་། འཕགས་པའི་མཉམ་གཞག་གི་བློའི་དངོས་ཡུལ་དུ་གྱུར་པའི་དོན་དམ་བདེན་པ་དང་། རྟོགས་པ་དོན་དམ་བདེན་པ་དང་། དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་པའི་དངོས་བསྟན་གྱི་དོན་དམ་བདེན་པ་རྣམས་དོན་གཅིག དེ་ཡང་སྔ་མ་དེ་རྣམས་དོན་དམ་བདེན་པ་བཏགས་པ་བ་ཡིན་ཏེ། དོན་དམ་བདེན་པའི་དོན་སྤྱི་ལ་དོན་དམ་བདེན་པའི་མིང་གིས་བཏགས་པས་དོན་དམ་བདེན་པ་རྗེས་མཐུན་པ་ཡིན་པའི་ཕྱིར། ཕྱི་མ་རྣམས་དོན་དམ་བདེན་པ་མཚན་ཉིད་པ་ཡིན་ཏེ། རྟོགས་པ་དོན་དམ་བདེན་པ་ཡིན་པའི་ཕྱིར། དེ་ལྟ་བུའི་བདེན་པ་གཉིས་པོ་དེ་ངོ་བོ་གཅིག་མ་ཡིན་ཏེ། དོན་དམ་བདེན་པ་ནི་མི་བསླུ་བ་དང་། གཅིག་ཤོས་ནི་བསླུ་ཆོས་ཡིན་པའི་ཕྱིར། ངོ་བོ་ཐ་དད་ཀྱང་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། གསུམ་པ་དབྱེ་བ་ལ། ཀུན་རྫོབ་བདེན་པའི་དབྱེ་བ་དང་། དོན་དམ་བདེན་པའི་དབྱེ་བ་གཉིས། དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། ཀུན་རྫོབ་བདེན་པ་ཡིན་ན། བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ། བདེན་གཉིས་ཀྱི་ཟླས་ཕྱེ་བའི་ཀུན་རྫོབ་བདེན་པ་ཡིན་ན། ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ། ཡུལ་ཅན་དུ་གྱུར་པའི་ཀུན་རྫོབ་བདེན་པ་ཡིན་ན། ཡུལ་ཅན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ། ཡུལ་ཅན་ཀུན་རྫོབ་བདེན་པ་ཡིན་ན། ཡུལ་ཀུན་རྫོབ་བདེན་པ་མ་ཡིན་པས་ཁྱབ་ཟེར་བ་ནི་མི་འཐད་དེ། དམ་བཅའ་དང་པོ་ལ། མྱུ་གུ་བདེན་པས་སྟོང་པའི་སྟོང་ཉིད་ཀྱི་དོན་སྤྱི་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། གནས་ལུགས་མ་ཡིན་པར་གྱུར་པའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། སྟོང་ཉིད་མ་ཡིན་པར་གྱུར་པའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། སྟོང་ཉིད་ཀྱི་དོན་སྤྱི་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། བདེན་གཉིས་ཀྱི་ཟླས་ཕྱེ་བའི་དོན་དམ་བདེན་པ་ཡིན་པའི་ཕྱིར་ཏེ། བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་བདེན་པ་ཡིན་པའི་ཕྱིར་ཏེ། བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པའི་དངོས་བསྟན་གྱི་དོན་དམ་བདེན་པ་ཡིན་པའི་ཕྱིར་ཏེ། བསྟན་པ་དོན་དམ་བདེན་པ་ཡིན་པའི་ཕྱིར་ཏེ། རྟོག་པའི་དངོས་ཡུལ་དུ་གྱུར་པའི་དོན་དམ་བདེན་པ་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་སྐྲ་ཤད་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གང་རུང་ཡིན་པའི་ཕྱིར་ཏེ། ཡུལ་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་དེ་ཡུལ་ཅན་ལོག་པའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བློ་ལྷན་སྐྱེས་ཀྱི་ངོར་བདེན་པར་སྣང་བའི་ཀུན་རྫོབ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡང་དག་ཀུན་རྫོབ་ཡིན་པར་ཐལ། འདོད་པའི་ཕྱིར། དམ་བཅའ་གསུམ་པ་ལ། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་པར་གྱུར་པའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། ཤེས་པ་གང་ཞིག ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མཐོང་བ་རྫུན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མཐོང་བ་ཡང་དག་པ་ཡིན་པའི་ཕྱིར། དམ་བཅའ་བཞི་པ་ལ། བུམ་པ་བདེན་པར་འཛིན་པའི་ལྷན་སྐྱེས་ཀྱི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཡུལ་ཅན་ཡང་དག་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །ཞེས་པའི་དངོས་བསྟན་གྱི་དབང་པོ་གསལ་ལྡན་གྱི་ཤེས་པ་ཡིན་པའི་ཕྱིར་ཏེ། གློ་བུར་གྱི་འཁྲུལ་རྒྱུས་མ་བསླད་པའི་སོ་སྐྱེའི་རྒྱུད་ཀྱི་བློ་ཡིན་པའི་ཕྱིར་ཏེ། སོ་སྐྱེའི་རྒྱུད་ཀྱི་ལྷན་སྐྱེས་ཀྱི་བློ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡུལ་ཀུན་རྫོབ་བདེན་པ་ཡིན་པར་ཐལ། རང་འཛིན་བྱེད་ཀྱི་བློ་ལ་ལྟོས་ཏེ་ཡུལ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། རང་འཛིན་བྱེད་ཀྱི་བློ་ཀུན་རྫོབ་པའི་ངོར་བདེན་པར་སྣང་བའི་ཀུན་རྫོབ་ཡིན་པའི་ཕྱིར་ཏེ། དེའི་ངོར་བདེན་པར་སྣང་བ་གང་ཞིག ཀུན་རྫོབ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་འཛིན་བྱེད་ཀྱི་བློ་ཀུན་རྫོབ་པ་ཡོད་པའི་ཕྱིར་ཏེ། ཁྱོད་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བདེན་འཛིན་གྱི་བློ་ལ་བདེན་འཛིན་སྐྱེ་བ་ཡོད་པའི་ཕྱིར་ཏེ། ཆོས་ཐམས་ཅད་ལ་བདེན་འཛིན་ཅན་གྱི་གང་ཟག་ཡོད་པའི་ཕྱིར། ཡང་ཁ་ཅིག དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་ཡིན་ན། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་ཡིན་པས་ཁྱབ། ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་བདེན་པ་ཡིན་ན། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་ཙམ་མ་ཡིན་པས་ཁྱབ། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོ་དེ་ཡུལ་ལོག་པའི་ཀུན་རྫོབ་བདེན་པ་ཡིན་ན། ཁྱོད་ཡུལ་ཅན་ལོག་པའི་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་ཟེར་བ་རྣམས་མི་འཐད་དེ། དམ་བཅའ་དང་པོ་ལ། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། བུམ་པ་བདེན་པར་འཛིན་པའི་བློ་ཀུན་རྫོབ་པའི་ངོར་བདེན་པར་སྣང་བའི་ཀུན་རྫོབ་ཡིན་པའི་ཕྱིར་ཏེ། བུམ་པ་ལ་བདེན་པར་འཛིན་པའི་ལྷན་སྐྱེས་ཀྱི་མ་རིག་པའི་ངོར་བདེན་པར་སྣང་བའི་ཀུན་རྫོབ་ཡིན་པའི་ཕྱིར་ཏེ། ལྷན་སྐྱེས་ཀྱི་མ་རིག་པ་དེའི་དམིགས་ཡུལ་དུ་གྱུར་པའི་ཀུན་རྫོབ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཞེས་པའི་དངོས་བསྟན་གྱི་གཏི་མུག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ་ཡང་། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གཞུང་དེའི་དངོས་བསྟན་གྱི་ཀུན་རྫོབ་ཙམ་ཡིན་པར་ཐལ། འཇུག་པ་རང་འགྲེལ་ལས། འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་ཙམ་ཡིན་པའི་ཕྱིར་ཏེ། འཕགས་པ་འོག་མའི་རྗེས་ཐོབ་ཀྱི་ངོར་ཀུན་རྫོབ་ཙམ་ཡིན་པའི་ཕྱིར་ཏེ། དེའི་ངོར་སྣང་ལ་རང་བཞིན་མེད་པའི་ཀུན་རྫོབ་ཙམ་ཡིན་པའི་ཕྱིར་ཏེ། སྣང་བའི་དངོས་པོ་ཡིན་པའི་ཕྱིར། དམ་བཅའ་གསུམ་པ་ལ། གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གང་ཟག་བདེན་གྲུབ་དེ་ཡུལ་ལོག་པའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གང་ཟག་བདེན་གྲུབ་དེ་དབུ་མའི་རིགས་པའི་དགག་བྱར་གྱུར་པའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དམིགས་ཡུལ་གང་ཟག་དེ་ཐ་སྙད་དུ་མེད་པར་ཐལ། ཁྱོད་ཡུལ་ཅན་ལོག་པའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་གང་ཟག་ཐ་སྙད་དུ་ཡོད་པར་ཐལ། ཁྱོད་གང་ཟག་གི་བདེན་འཛིན་ལྷན་སྐྱེས་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། མཐོང་བ་རྫུན་པ་དང་ཡུལ་ཅན་ཀུན་རྫོབ་བདེན་པ་དོན་གཅིག་ཅིང་། དེ་ལ་དབྱེ་ན་ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས། དང་པོའི་མཚན་གཞི་ནི། གློ་བུར་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་སྐྱོན་མེད་ཀྱི་སོ་སྐྱེའི་ཤེས་པ་མཐའ་དག་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་དང་། བུམ་འཛིན་རྟོག་པ་ལྷན་སྐྱེས་དང་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ་ལ་སོགས་པ་རྣམས་སོ། །གཉིས་པའི་མཚན་གཞི་ནི། གློ་བུར་གྱི་འཁྲུལ་རྒྱུས་བསླད་པའི་དབང་པོ་སྐྱོན་ལྡན་གྱི་སོ་སྐྱེའི་ཤེས་པ་མཐའ་དག་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་འཛིན་ཀུན་བཏགས་དང་། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སོགས་པ་རྣམས་སོ། །དེ་སྐད་དུ་གཞུང་ལས། མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་སོ། །འདི་ཡང་རང་འཛིན་བྱེད་ཀྱི་བློ་ཞིག་ལ་ལྟོས་ནས་ཡུལ་ཀུན་རྫོབ་བདེན་པར་འགྱུར་བ་དང་ཡུལ་ཅན་ཀུན་རྫོབ་བདེན་པ་ལ་ཡུལ་ཀུན་རྫོབ་བདེན་པས་ཁྱབ་པ་ནི་གནད་ཀྱི་དོན་ནོ། །ཡུལ་ཀུན་རྫོབ་བདེན་པ་ལ། ཡུལ་ཡང་དག་ཀུན་རྫོབ་དང་། ཡུལ་ལོག་པའི་ཀུན་རྫོབ་གཉིས། དང་པོའི་མཚན་གཞི་ནི། གློ་བུར་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་དྲུག་པོ་གང་རུང་ལ་བརྟེན་པའི་ཤེས་པའི་དངོས་ཡུལ་མཐའ་དག་ཡིན་ཏེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ་སོགས་ཀྱི་ཡུལ་དུ་གྱུར་པའི་གཟུགས་སོགས་དང་། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་ང་ལྟ་བུའོ། །གཉིས་པའི་མཚན་གཞི་ནི། གློ་བུར་གྱི་འཁྲུལ་རྒྱུས་བསླད་པའི་དབང་པོ་དྲུག་པོ་གང་རུང་ལ་བརྟེན་པའི་ཤེས་པའི་དམིགས་ཡུལ་མཐའ་དག་ཡིན་ཏེ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱི་དམིགས་ཡུལ་དུ་གྱུར་པའི་སྐྲ་ཤད་དང་། བདག་འཛིན་ཀུན་བཏགས་ཀྱི་ཡུལ་དུ་གྱུར་པའི་ཀུན་བཏགས་ཀྱི་བདག་ལྟ་བུའོ། །དེ་སྐད་དུ་གཞུང་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་བཤད་དོ། །ཕྱི་རོལ་པས་བཏགས་པའི་ཀུན་བཏགས་ཀྱི་བདག་དང་། སྒྱུ་མའི་རྟ་གླང་དང་། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་སོགས་ཡུལ་ལོག་པའི་ཀུན་རྫོབ་རྣམས་ནི་འཇིག་རྟེན་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ཏེ། དོན་དམ་རྟོགས་པའི་ཐབས་སུ་མི་རུང་བའི་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། དེ་སྐད་དུ་གཞུང་ལས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བཏགས་པ་དང་། །སྒྱུ་མ་སྨིག་རྒྱུ་སོགས་ལ་བཏགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་བཤད་དོ། འོན་ཀྱང་དེ་དག་ཀུན་རྫོབ་ཏུ་ཡོད་དེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། དེས་ན་ཐ་སྙད་བདེན་པ་དང་ཐ་སྙད་དུ་ཡོད་པ་ཡིན་ན་ཡོད་པས་ཁྱབ་ལ། ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཏུ་ཡོད་པ་གཉིས་ལ་ཡོད་པས་མི་ཁྱབ་པ་ནི་དཔལ་ལྡན་ཟླ་བའི་ཞབས་ཀྱི་དགོངས་པ་ཕུལ་དུ་ཕྱིན་པར་ཀུན་མཁྱེན་བླ་མ་བཞེད་པ་ནི་གནད་ཀྱི་དོན་ནོ། །ཡང་དག་ཀུན་རྫོབ་བདེན་པ་ལ་ཡུལ་ཅན་བློའི་སྒོ་ནས་དབྱེ་ན། ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་ཙམ་གཉིས་སུ་ཡོད་པ་ཡིན་ཏེ། ཡུལ་བུམ་པ་ལྟ་བུ་གཅིག་ཉིད་བདེན་འཛིན་ལྷན་སྐྱེས་ཀྱི་མ་རིག་པ་ལ་བློ་ཀུན་རྫོབ་པར་བྱས་ནས། དེའི་ངོ་བོར་བདེན་པར་སྣང་བའི་ཆ་ནི་ཀུན་རྫོབ་བདེན་པ་དང་། འཕགས་པ་འོག་མའི་རྗེས་ཐོབ་ཀྱི་ངོར་ཀུན་རྫོབ་ཙམ་དུ་སྣང་བའི་ཆ་ནི་ཡུལ་ཅན་གྱི་བློ་ལ་ལྟོས་པའི་ཀུན་རྫོབ་ཙམ་དུ་གྱུར་པའི་ཕྱིར། དེ་སྐད་དུ་གཞུང་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་དང་། དེའི་རང་འགྲེལ་དུ། དེ་ལྟར་ན་རེ་ཞིག་བཅོམ་ལྡན་འདས་དེས་ཀུན་རྫོབ་ཀྱི་བདེན་པ་དང་། ཀུན་རྫོབ་ཙམ་གསུངས་པ་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཡིན་ལ། ཞེས་གསུངས་པའི་ཕྱིར། བུམ་པ་སོགས་འཕགས་པ་འོག་མའི་རྗེས་ཐོབ་དང་། སྒྱུ་མ་ལྟ་བུ་ལ་བློ་བཞག་པའི་སོ་སྐྱེའི་བློ་ངོར་ཀུན་རྫོབ་ཙམ་དུ་སྣང་ལ་བདེན་པར་མི་སྣང་བ་ལ་རྒྱུ་མཚན་ཡོད་དེ། དེ་དག་གི་ངོར་བདེན་པར་ཞེན་པ་མེད་པའི་ཕྱིར། དེ་ལྟར་གཉིས་སུ་ཕྱེ་བའི་ཀུན་རྫོབ་ཙམ་ཡིན་ན། སྤྱིར་ཀུན་རྫོབ་ཙམ་མ་ཡིན་པས་ཁྱབ་སྟེ། ཡུལ་ཀུན་རྫོབ་བདེན་པ་གཅིག་ཉིད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས་དེ་ལྟར་འཇོག་པས། གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པ་དང་། གཉིས་སུ་ཕྱེ་བའི་ཀུན་རྫོབ་ཙམ་དོན་གཅིག་ཏུ་འགྱུར་བའི་ཕྱིར། དེས་ན་ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་ཙམ་གཉིས་སུ་ཕྱེ་བའི་ཀུན་རྫོབ་ཙམ་དང་། ཡུལ་ཅན་གྱི་བློའི་སྒོ་ནས་ཕྱེ་བའི་ཀུན་རྫོབ་ཙམ་དང་། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པའི་དངོས་བསྟན་གྱི་ཀུན་རྫོབ་ཙམ་གསུམ་པོ་དོན་གཅིག དེ་རྣམས་ཡིན་ན་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པ་ཡིན་ཏེ། རང་འགྲེལ་ལས། སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། ཞེས་དང་། ཀུན་མཁྱེན་བླ་མའི་དཀའ་འགྲེལ་ལས་ཀྱང་། གཞི་གཅིག་ཉིད་སྣང་ཚུལ་གྱི་སྒོ་ནས་སོ་སོར་ཕྱེ་བ་ཡིན་གྱི། ཡུལ་གྱི་ངོས་ནས་སོ་སོར་བཞག་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་པའི་ཚིག་ཟུར་གྱི་ཀུན་རྫོབ་ཅེས་པའི་དངོས་བསྟན་གྱི་ཀུན་རྫོབ་ནི་བློ་ཀུན་རྫོབ་པ་ལ་འཇོག་པ་ཡིན་ཏེ། དེའི་ཚིག་ཟུར་གྱི་ཀུན་རྫོབ་ཀྱི་མཚན་གཞི་བདེན་འཛིན་ལྷན་སྐྱེས་ཀྱི་མ་རིག་པ་ལ་བཞག་པའི་ཕྱིར་ཏེ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་གསུངས་པའི་ཕྱིར། གཉིས་པ་དོན་དམ་བདེན་པའི་དབྱེ་བ་ནི། དངོས་བཏགས་མ་ཕྱེ་བའི་སྒོ་ནས་རྟོགས་པ་དོན་དམ་བདེན་པ་དང་། བསྟན་པ་དོན་དམ་བདེན་པ་གཉིས། ངོ་བོའི་སྒོ་ནས་དབྱེ་བ་མེད་དེ། ངོ་བོའི་སྒོ་ནས་ཤེས་བརྗོད་ཀྱི་ཡུལ་ལས་འདས་པའི་ཕྱིར། དེ་སྐད་དུ། འགྲེལ་པར། འཕགས་པ་བདེན་པ་གཉིས་ལ་འཇུག་པའི་མདོ་དྲངས་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན། དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་དུ་གྱུར་ན་ནི། དོན་དམ་པའི་བདེན་པ་ཞེས་པའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི། ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགག་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ་ཞེས་གསུངས་པའི་ཕྱིར། དོན་དམ་བདེན་པ་མཚན་ཉིད་པ་ནི། གདུལ་བྱ་ལ་བསྟན་པར་ཡང་མི་ནུས་ཏེ། སྒྲ་རྟོག་གི་དངོས་ཡུལ་ཡིན་ན། ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། དེ་སྐད་དུ་མདོ་ལས། ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང་ཅི་སྟོན་པ་དང་། གང་ལ་སྟོན་པའི་ཆོས་དེ་དག་ཐམས་ཅད་དོན་དམ་པར་ན་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་ཀྱིས་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་སྐྱེ་འགག་ལ་སོགས་པའི་སྤྲོས་པའི་རབ་རིབ་དང་བྲལ་བའི་དེ་བཞིན་ཉིད་དོན་དམ་པའི་ངོ་བོ་ཉིད་ཡིན་ཏེ། བདེན་འཛིན་གྱི་འཁྲུལ་པས་བསླད་པའི་སོ་སྐྱེའི་བློ་ངོ་ན་སྐྱེ་འགག་སོགས་ཀྱི་སྤྲོས་པ་སྣ་ཚོགས་སྣང་ཡང་། འཕགས་པའི་མཉམ་གཞག་གི་གཟིགས་ངོ་ལ་དེ་དག་ཅི་ཡང་མི་དམིགས་པའི་གནས་ལུགས་ལ་གསལ་བར་སྣང་ཞིང་། གནས་ལུགས་དེ་ལ་དོན་དམ་བདེན་པར་འཇོག་པའི་ཕྱིར། དཔེར་ན་སྣོད་འཁར་གཞོང་གཅིག་ཉིད་དུ་མིག་རབ་རིབ་ཅན་གྱིས་བལྟས་པ་ན། སྐྲ་ཤད་ལ་སོགས་པའི་ཚོགས་མང་དུ་སྣང་ཡང་མིག་སྐྱོན་མེད་པས་བལྟས་ན་སྐྲ་ཤད་སོགས་ཀྱིས་མ་གོས་པར་མཐོང་བ་བཞིན་ནོ། །དེ་སྐད་དུ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་དང་། ཀུན་མཁྱེན་ཆེན་པོས། དོན་དམ་བདེན་པ་དཔེའི་སྒོ་ནས་བཤད། །ཅེས་གསུངས་སོ། །གསུམ་པ་རྟེན་འབྲེལ་གྱི་ཕན་ཡོན་བཤད་པ་ནི། རྟེན་འབྲེལ་གྱི་གནད་རྟོགས་པ་ལས། རྟག་ཆད་ཀྱི་མཐའ་དང་བྲལ་བར་རྟོགས་ཤིང་། རྟོགས་པ་དེའི་རྒྱུན་གོམས་པ་ལས། བདེན་འཛིན་གྱི་རྟོགས་པ་མངོན་གྱུར་བ་མགོ་ནོན་ཏེ་ཆགས་སྡང་སོགས་རིམ་གྱིས་སྤངས་ནས་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་འགྱུར་བ་ཡིན་ཏེ། དེ་སྐད་དུ་གཞུང་ལས། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པས། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །ཅེས་པ་ནས། དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམས་བསལ་ཏེ། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་དང་། མདོ་སྡུད་པ་ལས་ཀྱང་། ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་སོ། །འདིར་རྟེན་འབྲེལ་གྱི་དོན་བདག་མེད་གཉིས་ཀའི་སྒོ་ནས་བཤད་པར་གསུངས་པ་ལྟར་ན། རྟེན་འབྲེལ་གྱི་ཕན་ཡོན་འདི་གང་ཟག་བདག་འགོག་དང་། ཆོས་ཀྱི་བདག་འགོག་གི་བར་མཚམས་འདིར་མི་འབྱུང་བར། བདག་འགོག་གཉིས་ཀ་རྫོགས་པའི་རྗེས་ལ་འབྱུང་རིགས་པའི་དོགས་པ་སྐྱེ་སྲིད་དོ། །ཡང་གཞུང་གི་བབས་དང་བསྟུན་ན། ཆོས་ཀྱི་བདག་མེད་མཐའ་བཞི་སྐྱེ་འགོག་སྒོ་ནས་བཤད། གང་ཟག་བདག་མེད་རྣམ་བདུན་རིགས་པའི་སྒོ་ནས་བཤད། ཅེས་བཤད་ཀྱང་འགལ་བ་མེད་དོ། །ཆོས་ཀྱི་བདག་མེད་བསྟན་ཟིན་ཏོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号