ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དེ་ལ་དཔྱོད་ལྡན་གྱིས་བལྟས་ན་རྣམ་དབྱེ་འདི་ལྟར་ཕྱེ་དགོས་ཏེ། མྱུ་གུའི་སྟེང་དུ་མཐའ་དང་པོ་བཀག་ཙམ་གྱི་གནས་ལུགས་ལ་དཔྱོད་པའི་བློ་ངོར་མྱུ་གུ་བདེན་མེད་ཡིན་ཏེ། མཐའ་དང་པོ་བཀག་ཙམ་གྱི་ཚེ་བདེན་མེད་དུ་མངོན་པར་ཞེན་པ་ལས་མ་འདས་པའི་ཕྱིར། མྱུ་གུའི་སྟེང་དུ་མཐའ་ཕྱི་མ་གསུམ་ཡང་བཀག་པའི་གནས་ལུགས་ལ་དཔྱོད་པའི་བློ་ངོར་མྱུ་གུ་བདེན་མེད་སོགས་གང་ཡང་མ་ཡིན་ཏེ། དེ་ལྟ་བུའི་བློ་ངོར་མྱུ་གུ་མཐའ་གང་དུ་ཡང་མ་གྲུབ་པའི་ཕྱིར། དེས་ན་མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་ལ་ཡང་། མྱུ་གུ་བདེན་མེད་ཙམ་དུ་རྟོག་པའི་རྗེས་དཔག་དང་། མྱུ་གུ་མཐའ་བཞི་དང་བྲལ་བར་རྟོགས་པའི་རྗེས་དཔག་གཉིས་སུ་ཕྱེ་ནས། དང་པོའི་ངོར་མྱུ་གུ་བདེན་མེད་ཡིན་པ་དང་། ཕྱི་མའི་ངོར་མྱུ་གུ་བདེན་མེད་མ་ཡིན་པའི་རྣམ་དབྱེ་གཅེས་པ་ཡིན་ནོ། །འོ་ན་བདེན་མེད་དང་མཐའ་བཞིའི་ནང་ཚན་དུ་གྱུར་པའི་མེད་མཐའ་ལ་ཁྱད་པར་ཇི་ལྟ་བུ་ཞེ་ན། ཁྱད་པར་ཤིན་ཏུ་ཆེ་སྟེ། སྔ་མ་ནི་བདག་མེད་དང་རྒྱ་ཆེ་ཆུང་མཉམ་ལ། མཐའ་བཞིའི་ནང་མཚན་གྱི་མེད་མཐའ་སོགས་ནི་ཐ་སྙད་དུ་ཡང་མེད་པའི་ཕྱིར་ཏེ། མྱུ་གུའི་གནས་ལུགས་མཐར་ཐུག་ལ་དཔྱོད་པའི་ཚེ། མྱུ་གུ་བདེན་མེད་ལྟ་བུ་ནི་མེད་མཐར་འགྱུར་ཞིང་། དེ་ཉིད་དབུ་མའི་རིགས་པའི་དགག་བྱར་གྱུར་པའི་ཡུལ་ལོག་པའི་ཀུན་རྫོབ་ཀྱང་ཡིན་པའི་ཕྱིར། ཡོད་མཐའ་སོགས་བཀག་པའི་དགོས་པ་ནི། ཡུལ་དེ་དང་དེར་ཞེན་པའི་ཡུལ་ཅན་གྱི་བློ་སྤོང་བའི་ཆེད་ཡིན་ཏེ། ཡུལ་བཀག་པས་ཡུལ་ཅན་གྱི་བློ་ཡང་ཁེགས་པར་འགྱུར་བའི་ཕྱིར། དེ་སྐད་དུ་བཞི་བརྒྱ་པ་ལས། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་དང་། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་སོ། །དེ་ཡང་བསྒོམ་པ་ཉམས་ལེན་ལ་སྦྱར་ན། སྣང་བའི་དངོས་པོ་སྤྱིའམ་རང་ལྟ་བུ་ལ་བདེན་འཛིན་ལྷང་ངེ་འདུག་པའི་ཚེ། གཅིག་དུ་བྲལ་ལ་སོགས་པའི་རིགས་པས་དཔྱད་དེ་བདེན་མེད་དུ་གཏན་ལ་ཕབ་པའི་སྒོ་ནས་བདེན་མེད་ཀྱི་ངེས་ཤེས་བསྒོམ། དེའི་ཚེ་བདེན་འཛིན་མངོན་འགྱུར་བ་ཁེགས་པའི་དབུ་མའི་ལྟ་བ་སྐྱེས་ཀྱང་། བདེན་མེད་དུ་མངོན་པར་ཞེན་པའི་མཚན་འཛིན་འབྱུང་ཞིང་། དེ་ཉིད་ཉན་རང་གི་བྱང་ཆུབ་ཐོབ་པ་ལ་ཆེར་དགག་མི་དགོས་ཀྱང་། སངས་རྒྱས་ཐོབ་པའི་གེགས་ཀྱི་གཙོ་བོ་ཡིན་པས། དེ་འགོག་པ་ལ་མེད་མཐའ་འགོག་པའི་རིགས་པས་དཔྱད་ལ། བདེན་མེད་དུ་འཛིན་པ་དང་བྲལ་བའི་ངེས་ཤེས་བསྒོམ། དེའི་ཚེ་བརྟག་པ་མཐའ་ཟུང་དུ་གཉིས་ཀ་འཛིན་པ་བྱུང་ན། དེ་ཡང་རིགས་པས་དཔྱད་ལ་གཉིས་འཛིན་དང་བྲལ་བའི་ངེས་ཤེས་བསྒོམ། དེ་ནས་གཉིས་ཀ་ཡང་མ་ཡིན་པའོ་སྙམ་པའི་མཚན་འཛིན་བྱུང་ན། དེ་ཡང་རིགས་པས་དཔྱད་ལ། མཐའ་བཞི་དང་བྲལ་བའི་ངེས་ཤེས་བསྐྱེད་ཅིང་། ངེས་ཤེས་དེ་ཉིད་སེམས་གནས་པའི་ཞི་གནས་དང་ཟུང་དུ་སྦྲེལ་ནས་བསྒོམ་ན་གནས་ལུགས་ཀྱི་དོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་གསལ་སྣང་ཁྱད་པར་ཅན་སྐྱེ། དེ་ལས་ཐེག་ཆེན་གྱི་མཐོང་ལམ་ས་དང་པོའི་ཡེ་ཤེས་སྐྱེ་བ་ལ་ཚེགས་མེད་ཅིང་། ས་དང་པོའི་ཚེ་ན་ཆོས་དབྱིངས་མངོན་སུམ་དུ་རྟོགས་པས་ཅི་བྱས་ཀྱང་བདེ་བར་སྣང་ངོ་། །དེ་སྐད་དུ། ཀུན་མཁྱེན་བླ་མས། གནས་ལུགས་དཔྱོད་པའི་སོ་སྐྱེའི་བློ་གྲོས་ཀྱིས། །མཐའ་བཞིའི་སྤྲོས་པ་གཅིག་ཆར་མི་ཁེགས་ཀྱང་། །རེས་འཇོག་ཚུལ་གྱིས་བཞི་ཆར་བཀག་ནས་ནི། །ཚུལ་བཞིན་བསྒོམ་པས་མཐོང་ལམ་སྐྱེས་པའི་ཚེ། །ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད། །ཅེས་གསུངས་སོ། །སྐལ་བ་དང་ལྡན་པ་དག་ཐེག་པ་ཆེན་པོའི་ལྟ་སྤྱོད་སྟོན་པའི་དབུ་མའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱི་རྩལ་ཐོན་ཅིག ཚེ་འདིའི་བྱ་བ་ལ་སྙིང་པོ་མེད་དོ། །འདིར་ཆོས་རྗེ་ཙོང་ཁ་པའི་གསུང་ལས། དབུ་མའི་རིགས་པའི་དགག་བྱ་ནི་བདེན་གྲུབ་ཁོ་ན་ཡིན་ཅིང་། བདེན་པ་བཀག་པའི་བདེན་མེད་ནི་དགག་བྱ་མ་ཡིན་ཏེ། བདེན་མེད་བཀག་ན་བདེན་གྲུབ་ཏུ་འགྱུར་བའི་ཕྱིར་དང་། བློས་མཐའ་གང་དུའང་མི་འཛིན་པའི་ཤེས་རབ་ནི་རྒྱ་ནག་ཧ་ཤང་གི་ལྟ་བ་ཡིན་གྱི། དབུ་མའི་ལྟ་བ་མ་ཡིན་པའི་ཕྱིར། བདེན་མེད་དུ་ཞེན་པ་སོགས་ཀྱང་འགོག་དགོས་ན། བློ་སྔ་མ་སྔ་མ་གནོད་བཅས་དང་། ཕྱི་མ་ཕྱི་མ་ཐུག་མེད་དུ་དགག་དགོས་པར་འགྱུར་ཏེ། བདེན་འཛིན་བཀག་པའི་རྗེས་སུ་བདེན་མེད་དུ་ཞེན་པ་དང་། དེའི་རྗེས་སུ་བདེན་མེད་མ་ཡིན་པར་མངོན་པར་ཞེན་པ་སོགས་བློས་མཐའ་གང་དུ་ཞེན་ཡང་དགག་དགོས་པའི་ཕྱིར། དེས་ན་དབུ་མའི་རིགས་པ་ལ་བརྟེན་ནས་བདེན་མེད་རྟོགས་ཤིང་བདེན་མེད་དུ་མངོན་པར་ཞེན་པའི་བློ་ངར་ལྷང་ངེ་བ་དེ་དབུ་མའི་ལྟ་བ་མཐར་ཐུག་ཡིན་ཏེ། སྤང་བྱ་བདག་འཛིན་ནི་བདེན་འཛིན་ཁོ་ན་ཡིན་ཞིང་། བདེན་འཛིན་སྤོང་བ་ལ་བདེན་མེད་དུ་མངོན་པར་ཞེན་པའི་བློ་ངར་ལྷང་ངེ་བ་ཞིག་དགོས་པའི་ཕྱིར། ཞེས་བཞེད་དོ། །དེ་དག་ནི་སངས་རྒྱ་བ་ལ་ལྟ་སྤྱོད་གཉིས་དགོས་པ་ལས། ལྟ་བའི་གནད་ཕྱིན་ཅི་ལོག་ཏུ་སྟོན་པའི་གསང་ཚིག་སྟེ། འོ་ན་དབུ་མའི་དགག་བྱ་ལ་ཡོད་མཐའ་དང་མེད་མཐའ་གཉིས་སུ་བཤད་པ་མི་འཐད་པར་ཐལ། དབུ་མའི་དགག་བྱ་ནི་བདེན་གྲུབ་ཁོ་ན་ལ་འཇོག་པའི་ཕྱིར། འདོད་ན། མདོ་སྡེ་དཀོན་བརྩེགས་ལས། འོད་སྲུང་གང་ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ །གང་མེད་ཅེས་བྱ་བ་ནི་མཐའ་གཅིག་གོ །གང་མཐའ་དེ་གཉིས་ཀྱི་དབུས་དེ་ནི་གཟུང་དུ་མེད་ཅིང་བསྟན་དུ་མེད་པ་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །ཡང་བདེན་གྲུབ་ཁོ་ན་དབུ་མའི་དགག་བྱ་མ་ཡིན་པར་ཐལ། གནས་ལུགས་མཐར་ཐུག་ལ་དཔྱོད་པའི་ཚེ་བདེན་པས་སྟོང་པ་དང་མི་སྟོང་པའི་མཐའ་གཉིས་ཀ་དབུ་མའི་དགག་བྱ་ཡིན་པའི་ཕྱིར་ཏེ། དེའི་ཚེ་སྟོང་མི་སྟོང་གཉིས་ཀ་མ་ཡིན་པའི་མཐའ་དེ་ཡང་དབུ་མའི་དགག་བྱ་ཡིན་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། སྟོང་དང་མི་སྟོང་འདི་ཡང་མཐའ་ཡིན་ཏེ། །དེ་ལྟར་མཐའ་གཉིས་རྣམ་པར་སྤངས་ནས་ནི། །མཁས་པས་དབུས་ལའང་གནས་པར་མི་བྱ་འོ། །ཞེས་དང་། རྩ་ཤེ་ལས། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །ཞེས་སོགས་གསུངས་པའི་ཕྱིར། ཡང་། མཐའ་བཞི་ལས་གྲོལ་དབུ་མ་པ། །ཞེས་གསུངས་པ་མི་འཐད་པར་ཐལ། དབུ་མའི་ལུགས་ལ་མཐའ་བཞི་ཆར་དགག་མི་དགོས་པའི་ཕྱིར་ཏེ། ཡོད་མཐའ་ཁོ་ན་དབུ་མའི་དགག་བྱ་ཡིན་པའི་ཕྱིར་ཏེ། བདེན་གྲུབ་ཁོ་ན་དབུ་མའི་དགག་བྱ་ཡིན་པའི་ཕྱིར། རྟགས་ཁས། མེད་པ་བཀག་ན་ཡོད་པར་འགྱུར་བས་ཁྱབ་པ་ཡང་མ་ངེས་ཏེ། བཅོམ་ལྡན་འདས་ཀྱི་གནས་ལུགས་མཐར་ཐུག་ལ་དཔྱོད་པའི་ཚེ་བཅོམ་ལྡན་འདས་ཡོད་མེད་སོགས་གང་ཡང་མ་ཡིན་པའི་ཕྱིར་ཏེ། རྩ་ཤེ་ལས། བཅོམ་ལྡན་བཞུགས་པར་གྱུར་ན་ཡང་། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེས་པའམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཞེས་གསུངས་པའི་ཕྱིར། མཐའ་བཞི་སྤྲོས་བྲལ་གྱི་ལྟ་བ་ཧྭ་ཤང་གི་ལུགས་ཀྱི་ལྟ་བ་ཡིན་ཞེས་སྨྲ་བ་ཧམ་ཆེས་ཏེ། ཧྭ་ཤང་ནི་རྒྱུ་མཚན་ལ་མ་བརྟེན་པར་རང་དགར་སྤྲོས་པ་གང་ཡང་ཡིད་ལ་མི་བྱེད་པའི་བློ་དེ་ལ་ལྟ་བ་མཆོག་ཏུ་འདོད་ལ། ཁོ་བོ་ཅག་ནི་དབུ་མའི་རིགས་པས་དཔྱད་ཅིང་བཙལ་བས་མཐའ་གང་དུ་ཡང་མ་རྙེད་པའི་ཤེས་རབ་ལ་དབུ་མའི་ལྟ་བར་འདོད་པས་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར། དཔེར་ན་རྒྱུ་མཚན་མེད་བཞིན་དུ་སྒྲ་མི་རྟག་པར་འཛིན་པ་དང་། བྱས་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་གཉིས་སྒྲ་མི་རྟག་པར་འཛིན་པ་ཙམ་དུ་མཚུངས་ཀྱང་། ཡང་དག་པའི་ཤེས་པ་ཡིན་མིན་གྱི་ཁྱད་པར་ཡོད་པ་བཞིན་ནོ། །དོན་འདི་ནི་ཁ་སྐོང་ལས། རྒྱ་ནག་དགེ་སློང་མ་དཔྱད་པར། །རང་དགར་རྟོག་པ་བཀག་ཙམ་ལ། །སྒོམ་གྱི་མཆོག་ཏུ་སྨྲ་བ་དང་། །འདིར་ནི་རིགས་པས་དཔྱད་པའི་ཚེ། །མཐའ་བཞི་སྤྲོས་པ་མ་རྙེད་པའི། །འཛིན་མེད་ལྟ་བར་སྨྲ་བ་གཉིས། །མཚུངས་ཞེས་སྨྲ་བ་སྟོང་པ་ཉིད། །ཟབ་མོ་སྤོང་བའི་བདུད་ཚིག་ཡིན། །ཞེས་སོ། །གནས་ལུགས་མཐར་ཐུག་ལ་དཔྱོད་པའི་ཚེ། བློས་མཐའ་གང་དུ་ཞེན་ཀྱང་ཐུག་མེད་དུ་དགག་བྱ་ཡིན་པར་ནི་འདོད་དེ། བློའི་སྟེང་དུ་ཞེན་པ་གང་སྐྱེས་ཀྱང་དགག་དགོས་པའི་ཕྱིར། དེ་སྐད་དུ་སྤྱོད་འཇུག་ལས། གང་ཚེ་རྣམ་པར་དཔྱོད་པ་ཡི། །རྣམ་དཔྱོད་ཀྱིས་ནི་དཔྱོད་བྱེད་ན། །དེ་ཚེ་རྣམ་དཔྱོད་དེ་ཡང་ནི། །རྣམ་དཔྱོད་ཕྱིར་ན་ཐུག་པ་མེད། །ཅེས་གསུངས་པའི་ཕྱིར། དབུ་མའི་གཏན་ཚིགས་ལས་མྱུ་གུ་བདེན་མེད་དུ་རྟོགས་ཤིང་། བདེན་མེད་དུ་མངོན་པར་ཞེན་པའི་རྣམ་དཔྱོད་ཀྱི་བློ་དགག་དགོས་པ་ནི་གཞུང་དེས་གསལ་པོར་བསྟན་ཏེ། དེ་ཚེ་རྣམ་དཔྱོད་དེ་ཡང་ནི། །རྣམ་དཔྱོད་ཕྱིར་ན་ཞེས་པ་དེ་ལ་འཆད་ཚུལ་གཅིག་ཡོད་པའི་ཕྱིར། དོན་འདི་ནི་ཁ་སྐོང་ལས། ཇི་སྲིད་རྟོག་བློས་ཡུལ་གྱི་ནི། །གནས་ལུགས་དཔྱད་པར་བྱེད་པའི་ཚེ། །སྔ་ཕྱི་གནོད་བཅས་ཐུག་མེད་གཉིས། །འདོད་ཐོག་ཡིན་ན་གང་གིས་གནོད། །ཅེས་སོ། །དབུ་མའི་རིགས་པ་ལ་བརྟེན་ནས་མྱུ་གུ་བདེན་མེད་དུ་མངོན་པར་ཞེན་པའི་བློ་དབུ་མའི་ལྟ་བ་མཐར་ཐུག་ཏུ་འདོད་པ་ནི། དབུ་མའི་བཀའ་བསྟན་བཅོས་རྣམས་ལས། གང་བཀག་པ་དེ་ཉིད་ཁྱེད་ཀྱིས་ཞལ་གྱིས་བཞེས་པར་གནང་སྟེ། དེ་ཡང་བློ་དེ་ཆོས་ཅན། ཁྱོད་དབུ་མའི་ལྟ་བ་མཐར་ཐུག་མ་ཡིན་པར་ཐལ། ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་པའི་མཚན་འཛིན་ཡིན་པའི་ཕྱིར་ཏེ། བདེན་སྟོང་དུ་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་གསུངས་པའི་ཕྱིར། ལན་ཅི་གསུང་། དབུ་མ་པ་ཞལ་གྱིས་བཞེས་པར་འཁྲུལ་ལོ། །ཁྱེད་ཀྱི་དབུ་མའི་ལྟ་བ་དེ་ནི་མཚན་འཛིན་འབའ་ཞིག་ཏུ་སོང་སྟེ། བདེན་མེད་དུ་མངོན་པར་ཞེན་པའི་བློ་ངར་ལྷང་ངེ་བ་དེ་ནི་མཚན་འཛིན་ཡིན་གྱི། དབུ་མའི་ལྟ་བ་གཏན་ནས་མ་ཡིན་པའི་ཕྱིར་ཏེ། ཡུམ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་དང་། མངོན་རྟོགས་རྒྱན་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་གསུངས་པའི་ཕྱིར། དེས་ན་རྟེན་འབྲེལ་སོགས་ཀྱི་རྟགས་ལས་བུམ་པ་བདེན་མེད་དུ་གཏན་ལ་ཕབ་པའི་ཚེ། བུམ་པ་ལ་བདེན་འཛིན་ཁེགས་པའི་ཤེས་རབ་ཀྱི་ཆ་དང་། བདེན་མེད་དུ་མངོན་པར་ཞེན་པའི་མཚན་འཛིན་གྱི་ཆ་གཉིས་ཅིག་ཆར་དུ་འབྱུང་བ་ལས་ཤེས་རབ་ཀྱི་ཆ་དེ་དབུ་མའི་ལྟ་བ་ཡིན་ཏེ། གནས་ལུགས་རྟོགས་པའི་ཐོས་བསམ་གྱི་ཤེས་རབ་སྐྱོན་མེད་ཡིན་པའི་ཕྱིར། ཕྱི་མ་དེ་ཟས་ལ་འདྲེས་པའི་དུག་ལྟར་ནན་གྱིས་སེལ་དགོས་པ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་གེགས་སུ་གྱུར་པའི་མཚན་འཛིན་ཡིན་པའི་ཕྱིར། དེ་ལྟ་བུའི་ཤེས་རབ་དང་མཚན་འཛིན་གཉིས་ཞིང་དང་ཡུར་མ་འདྲེས་པ་ལྟར་གཅིག་ཅར་དུ་བྱུང་བ་དེ། དྲུང་བློ་བཟང་པས་སྒྲ་ཟིན་མ་ཕྱེད་པར་གཅིག་ཏུ་འཁྲུལ་ནས་དབུ་མའི་ལྟ་བ་ཐམས་ཅད་མཚན་འཛིན་ཁོ་ནར་སོང་བས་དཔྱད་ན་ཧ་ཅང་འཇིགས་ཤིང་གཡང་ཟ་བར་སྣང་ངོ་། །ཐར་པ་དོན་དུ་གཉེར་བ་དག་བག་ཡོད་པར་བྱོས་ཤིག ཀྱེ་ཧུད་སྙིགས་མའི་ཚུལ་འདི་སྐྱོ་བར་གྱུར་ཏོ། །ལྟ་བ་དེ་ལ་སྐྱོན་བརྗོད་མཛད་པའི་ས་ཕྱོགས་པ་ཕལ་ཆེར་ཡང་། ཡམ་ཡམ་པོ་ལས་གནད་ཟིན་པའི་དགག་པ་ཆེར་མ་བྱུང་ལ། ཁོ་བོས་འདིར་བཀོད་པ་ནི་དཔྱིས་ཕྱིན་པའི་དགག་སྒྲུབ་ཀྱི་གནད་ཕྱིན་ཅི་མ་ལོག་པ་དཔྱོད་ལྡན་བློ་གཟུ་བོར་གནས་པའི་སྐལ་ལྡན་དག་གིས་ཤེས་པར་འགྱུར་རོ། །དེ་ཡང་ཕྱོགས་ཕྱི་མ་ཁ་ཅིག མཐའ་བཞི་སྤྲོས་བྲལ་སྟོན་པའི་གཞུང་མང་དུ་འདྲེན་པ་ཙམ་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ཁ་ཅིག བར་དུ་བདག་ཟློག་པ་དང་། མཐའ་མར་ལྟ་བ་ཀུན་ཟློག་གཉིས་སུ་ཕྱེས་ནས། ཕྱོགས་སྔའི་དེ་བདག་ཟློག་དང་ཉེ་བ་ཙམ་དུ་འདོད་པ་དང་། ཕལ་ཆེར་སྡང་ཤུགས་ཀྱིས་ཕྱོགས་སྔ་མ་ལ་དབུ་མའི་ལྟ་བ་ཡེ་མེད་པར་སྨྲ་བ་སོགས་མང་དུ་བྱུང་ཞིང་ད་ལྟ་ཡང་སྣང་ངོ་། །རྣམ་དཔྱོད་དྲང་པོའི་བློ་གཟུ་བོས་བལྟས་ན་ཕྱོགས་སྔ་ལ་དབུ་མའི་ལྟ་བ་མེད་པ་མིན་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་བཤད་པའི་དབུ་མའི་རིགས་པ་རྣམས་ལ་བརྟེན་ནས་མཐའ་དང་པོ་བདེན་པ་འགོག་ཚུལ་ལ་བློ་གྲོས་ཀྱི་རྩལ་ཐོན་འདུག་པའི་ཕྱིར། འོན་ཀྱང་མཐའ་ཕྱི་མ་འགོག་ཏུ་མི་རུང་བར་འདོད་པ་དང་། མཐའ་དང་པོ་བཀག་པའི་ཚེ་ཡང་བདེན་མེད་དུ་མངོན་པར་ཞེན་པ་དང་འདྲེས་པའི་ལྟ་བ་དུག་ཅན་ལྟ་བུ་དེ་ཉིད་དུག་མི་སེལ་བའི་སྟེང་དུ་བདེན་མེད་དུ་མངོན་པར་ཞེན་པའི་བློ་ཉིད་དུ་ཞལ་གྱིས་བཞེས་པ་ནི་བློ་གྲོས་གཞན་དུ་འཆབ་འཚལ་བ་ཡིན་ནོ། །དུས་དེང་སང་གི་བློ་གསལ་དག་ཕྱོགས་སྔ་ཕྱིའི་ལྟ་བའི་གནད་འདི་བཞིན་དུ་ཕྱེད་པར་གྱིས་ཤིག སྤང་བྱ་བདག་འཛིན་ནི་བདེན་འཛིན་ཁོ་ནར་མ་ངེས་ཏེ། མཐའ་ཕྱི་མར་མངོན་པར་ཞེན་པའི་བློ་རྣམས་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། གསུམ་པ་ཐལ་རང་གི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ལ། གཙོ་བོ་གཞུང་འགྲེལ་ཚུལ་གྱི་ཁྱད་པར་དང་། ཞར་བྱུང་ཐ་སྙད་ཁས་ལེན་ཚུལ་གྱི་ཁྱད་པར་གཉིས། དང་པོ་ནི། ཆོས་ཅན་མྱུ་གུ་ཚད་མས་གྲུབ་པའི་སྟེང་དུ་བདག་སྐྱེ་མེད་པར་དམ་བཅས་ནས། དེའི་སྒྲུབ་བྱེད་དུ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་གཏན་ཚིགས་བཀོད་ནས་ཚུལ་གསུམ་ཚང་བར་འདོད་པ་ནི་སློབ་དཔོན་ལེགས་ལྡན་བྱེད་ཀྱི་ལུགས་དང་། དེ་བཀག་ནས་མྱུ་གུ་སོགས་དངོས་པོ་གང་ལ་ཕ་རོལ་པོས་བདེན་འཛིན་ཞུགས་པ་གཙོ་ཆེ་བའི་ཆོས་ཅན་དེའི་སྟེང་དུ་བདག་སྐྱེ་སོགས་མེད་པར་དམ་བཅས་ནས་དེ་ཐལ་འགྱུར་གྱི་རིགས་པ་འབའ་ཞིག་གིས་བསྒྲུབ་སྟེ་ཚུལ་གསུམ་ཚང་མི་དགོས་པར་འདོད་པ་ནི་སློབ་དཔོན་སངས་རྒྱས་བསྐྱངས་ལ་སོགས་པའི་ལུགས་ཡིན་ཏེ། དེ་གཉིས་ཀླུ་སྒྲུབ་ཀྱི་དངོས་སློབ་རྩ་ཤེ་སོགས་ལ་ཤིན་ཏུ་མཁས་པར་མཚུངས་ཀྱང་། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མེ་བརྩམས་ཏེ། རབ་བྱེད་ཉི་ཤུ་རྩ་བདུན་གྱི་དོན་རྣམས་རང་རྒྱུད་ཀྱི་རིགས་པས་གཏན་ལ་ཕབ་ཅིང་བཀྲལ་བས་རང་རྒྱུད་པ་ཞེས་དང་། སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་བུདྡྷ་པ་ལི་ཏ་མཛད་དེ་རབ་བྱེད་ཉི་ཤུ་རྩ་བདུན་གྱི་དོན་རྣམས་ཐལ་འགྱུར་གྱི་རིགས་པས་གཏན་ལ་ཕབ་ཅིང་བཀྲལ་བས་དབུ་མ་ཐལ་འགྱུར་བ་ཞེས་པའི་སྲོལ་སོ་སོར་བྱུང་བས་སོ། །དེང་སང་ཁ་ཅིག་དབུ་མའི་སྐབས་འདིར་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་རང་རྒྱུད་པ་དང་། དེ་ཁས་མི་ལེན་པར་ཐལ་འགྱུར་གྱི་གཏན་ཚིག་འབའ་ཞིག་ཁས་ལེན་པ་ལ་ཐལ་འགྱུར་ཞེས་ཟེར་བ་མི་འཐད་དེ། དབུ་མ་ཐལ་འགྱུར་བས་ཀྱང་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པའི་ཕྱིར་ཏེ། ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་རྣམས་དང་། མདོ་སྡེ་ས་བཅུ་པ་ལས། དུ་བ་ལས་ནི་མེ་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པའི་གཏན་ཚིགས་རྣམས་ཐལ་འགྱུར་བས་ཀྱང་ཚུལ་གསུམ་ཚང་བའི་རང་རྒྱུད་ཀྱི་གཏན་ཚིགས་ཁོ་ན་འདོད་དགོས་པའི་ཕྱིར་དང་། འཇུག་པ་ལས་ཀྱང་། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །ཞེས་རང་རྒྱུད་ཀྱི་གཏན་ཚིགས་གསལ་བར་བཤད་པའི་ཕྱིར། དེས་ན་སྟོང་ཉིད་སྒྲུབ་བྱེད་ཀྱི་རང་རྒྱུད་ཀྱི་གཏན་ཚིག་ཁས་ལེན་པ་ནི་དབུ་མ་རང་རྒྱུད་པ་དང་། དེ་ཁས་མི་ལེན་པར་ཐལ་འགྱུར་འབའ་ཞིག་གི་སྒོ་ནས་སྟོང་ཉིད་སྒྲུབ་པ་ནི་དབུ་མ་ཐལ་འགྱུར་བ་ཡིན་ཞིང་། རང་རྒྱུད་དང་ཐལ་འགྱུར་གྱི་རྟགས་ཀྱི་གོ་དོན་ཡང་། རྩོད་གཞི་དང་གཏན་ཚིགས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་ཚུལ་གསུམ་ཚང་བ་ནི་རང་རྒྱུད་ཀྱི་གཏན་ཚིགས་དང་། རྩོད་གཞི་དང་གཏན་ཚིགས་གཙོ་བོར་ཕ་རོལ་པོས་ཁས་བླངས་པ་བཀོད་ནས་ཕྱིར་རྒོལ་ལ་ཁས་བླངས་ནང་འགལ་སོགས་སྟོན་པའི་གཏན་ཚིགས་ནི་ཐལ་འགྱུར་གྱི་གཏན་ཚིགས་ཡིན་པར་ཤེས་པར་བྱའོ། །ཐལ་འགྱུར་བས་སྟོང་ཉིད་སྒྲུབ་བྱེད་ལ་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པའི་ཤེས་བྱེད་ནི་མྱུ་གུ་བདེན་མེད་དུ་སྒྲུབ་པའི་ཚེ་མྱུ་གུ་ཚད་མས་མ་གྲུབ་པར་འདོད་པའི་གནད་ཀྱིས་ཡིན་ཏེ། མྱུ་གུ་བདེན་མེད་དུ་སྒྲུབ་པའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་ཁས་བླངས་ན་ཚུལ་གསུམ་ཚང་དགོས་ལ། དེ་ཚང་ན་ཆོས་ཅན་མྱུ་གུ་ཚད་མས་གྲུབ་དགོས་པ་ལས་དེ་མ་གྲུབ་པའི་ཕྱིར་ཏེ། མྱུ་གུའི་གནས་ལུགས་ལ་དཔྱོད་པའི་ཚེ་མྱུ་གུ་ཚད་མས་མ་གྲུབ་པའི་ཕྱིར་ཏེ། མྱུ་གུ་རིགས་པས་དཔྱོད་བཟོད་དུ་མ་གྲུབ་པའི་ཕྱིར། རང་རྒྱུད་པས་ནི་དེའི་ཚེ་མྱུ་གུ་ཚད་མས་མ་གྲུབ་པར་འདོད་དེ། ཆོས་ཅན་དང་གཏན་ཚིགས་སོགས་རྒོལ་ཕྱིར་རྒོལ་གྱི་མཐུན་སྣང་དུ་གྲུབ་པ་བཀོད་ནས། ཕྱིར་རྒོལ་ལ་རྗེས་དཔག་བསྐྱེད་ཚུལ་ཚད་མ་སྨྲ་བའི་རྟོག་གེ་བའི་ལུགས་དང་འདྲ་བས། ལེགས་ལྡན་བྱེད་འདི་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་ཞེས་ཀྱང་ཟེར་བས་སོ། །དེ་སྐད་དུ་ཀུན་མཁྱེན་བླ་མའི་ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས། གནས་ལུགས་དཔྱོད་ཚེ་དཔྱད་བྱའི་ཆོས་ཅན་ནི། །སྣང་དང་མི་སྣང་འདོད་པའི་བྱེ་བྲག་གིས། །ཐལ་རང་གཉིས་ཀྱི་ཁྱད་པར་བྱུང་བ་ལ། །ཞེས་གསུངས་པའི་ཕྱིར། འོ་ན་ཐལ་འགྱུར་བ་གཞིར་བཞག་ལ། སྟོང་ཉིད་སྒྲུབ་བྱེད་ཀྱི་རྩོད་གཞིའི་ཆོས་ཅན་ཡིན་ན། ཚད་མས་མ་གྲུབ་པས་ཁྱབ་བམ་ཞེ་ན། སྤྱིར་ཚད་མས་མ་གྲུབ་པས་མ་ཁྱབ་སྟེ། མྱུ་གུ་ལྟ་བུ་གཅིག་ལ་མཚོན་ན། ཕྱིར་རྒོལ་ལ་རིགས་པ་སྟོན་པའི་ཐོག་མར་ཆོས་ཅན་མྱུ་གུ་སྣང་ཙམ་ཞིག་སྔ་རྒོལ་གྱིས་ཀྱང་ཐ་སྙད་དུ་ཁས་ལེན་པའི་ཕྱིར་ཏེ། རྩ་ཤེ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་སྟོན་མི་ནུས། །ཞེས་གསུངས་པའི་ཕྱིར། ཕྱིར་རྒོལ་ལ་རིགས་པ་སྟོན་པའི་སྐབས་སུ། སྔ་རྒོལ་མྱུ་གུའི་གནས་ལུགས་ལ་ཞུགས་ཟིན་པས་མྱུ་གུ་ཁས་མི་ལེན་ཏེ། མྱུ་གུའི་གནས་ལུགས་ལ་ཞུགས་པའི་བློ་ངོར་མྱུ་གུ་མི་སྣང་བའི་ཕྱིར། འོན་ཀྱང་སྐབས་དེར་ཕྱིར་རྒོལ་གྱིས་མྱུ་གུ་ཁས་ལེན་ཏེ། མྱུ་གུའི་གནས་ཚུལ་མ་རྟོགས་པའི་ཕྱིར། མཐར་རིགས་པས་དཔྱད་པ་ལ་བརྟེན་ནས་མྱུ་གུ་བདེན་མེད་དུ་རྟོགས་པའི་ངེས་ཤེས་ནམ་སྐྱེས་པ་ན་ཕྱིར་རྒོལ་གྱི་བློ་ངོར་ཡང་མྱུ་གུ་མི་སྣང་སྟེ། མྱུ་གུའི་གནས་ཚུལ་ལ་ཞུགས་པའི་ཕྱིར། ཚུལ་འདི་སྒྲུབ་བྱེད་དུ་བྱས་ནས་དེང་སང་རང་ཕྱོགས་པ་ཁ་ཅིག དབུ་མའི་གཏན་ཚིགས་ཀྱི་རྩོད་གཞིའི་ཆོས་ཅན་ཡིན་ན། སྤྱིར་ཐ་སྙད་དུ་ཚད་མས་གྲུབ་པས་ཁྱབ། རང་རང་གི་གནས་ལུགས་ལ་ཞུགས་པའི་ཚེ་ཚད་མས་མ་གྲུབ་པས་ཁྱབ་པ་ཀུན་མཁྱེན་ཆེན་པོའི་དགོངས་པ་ཡིན་ཟེར་བ་ཡང་ཅུང་ཟད་མི་འཐད་དེ། འོ་ན་ཁྱད་པར་ལྔ་ལྡན་གྱི་ཀུན་བཏགས་ཀྱི་བདག་ཆོས་ཅན། ཐ་སྙད་དུ་ཚད་མས་གྲུབ་པར་ཐལ། དབུ་མའི་གཏན་ཚིགས་ཀྱི་རྩོད་གཞིའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་འགོག་པར་བྱེད་པའི་དབུ་མའི་གཏན་ཚིགས་ཀྱི་རྩོད་གཞིའི་ཆོས་ཅན་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་རྩོད་གཞིའི་ཆོས་ཅན་དུ་བྱས་ནས་བདག་འགོག་ཚུལ་གྱི་དབུ་མའི་རིགས་པ་གཅིག་ཡོད་པའི་ཕྱིར་ཏེ། འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བཏགས། །དེའི་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །གང་ཕྱིར་བསྟན་བཅོས་བསྟན་བཅོས་ལས་དེའི་ཁྱད། །མུ་སྟེགས་རྣམས་ཀྱིས་གང་བསྟེན་དེ་ཀུན་ལ། །རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས་གནོད་པ། །ཞེས་གསུངས་པ་དེ་ལ་འཆད་ཚུལ་གཅིག་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡོད་པར་ཐལ། ཐ་སྙད་དུ་ཚད་མས་གྲུབ་པའི་ཕྱིར། དེ་བཞིན་དུ་ཐལ་འགྱུར་བ་གཞིར་བཞག་ལ། དབུ་མའི་གཏན་ཚིགས་ཀྱི་རྩོད་གཞིའི་ཆོས་ཅན་ཡིན་ན། ཕྱིར་རྒོལ་གྱི་ལོག་རྟོག་གང་ལ་ཞུགས་པའི་གཞི་ཡིན་པས་ཁྱབ་ཟེར་བ་ནི་མི་འཐད་དེ། ཕ་རོལ་པོས་བུམ་པ་ཙམ་བདེན་གྲུབ་ཏུ་ཁས་བླངས་པ་ལ། སྣང་བའི་དངོས་པོ་སྤྱི་ཙམ་པ་ཆོས་ཅན་དུ་བཟུང་ནས་བདེན་མེད་དུ་སྒྲུབ་པ་ཡོད་པའི་ཕྱིར་ཏེ། བུམ་པ་ཙམ་བདེན་གྲུབ་ཏུ་ཁས་བླངས་པའི་རྒོལ་བའི་ངོར་རྟེན་འབྲེལ་གྱི་རྟགས་ལས་སྣང་བའི་དངོས་པོ་སྤྱི་ཙམ་པ་བདེན་མེད་དུ་བསྒྲུབས་པས་བུམ་པ་ལ་བདེན་འཛིན་རང་ཤུགས་ཀྱིས་ཁེགས་པར་འགྱུར་བའི་ཕྱིར། དེས་ན་ཆོས་ཅན་དང་གཏན་ཚིགས་གཞན་ལ་གྲགས་ཡིན་པ་གཙོ་ཆེ་བའི་དབང་དུ་བྱས་ཀྱི། ཁྱབ་མཐའ་མི་འཛིན་པ་ནི་གནད་ཀྱི་དོན་ནོ། །དེར་མ་ཟད་དབུ་མའི་གཏན་ཚིགས་རྣམས་ལ་རང་དོན་སྐབས་ཀྱི་རྟགས་ཡང་དག་མང་དུ་ཡོད་པས། དེ་དག་ལ་ཆོས་ཅན་དང་གཏན་ཚིགས་ཕྱིར་རྒོལ་གྱི་ཁས་ལེན་མི་ལེན་གྱི་ཐ་སྙད་བྱར་མེད་དེ། སྔ་རྒོལ་དང་ཕྱིར་རྒོལ་གྱི་རྣམ་གཞག་ནི་གཞན་དོན་སྐབས་ཀྱི་གཏན་ཚིགས་ཁོ་ནའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་དེས་ན། གཅིག་དུ་བྲལ་ལ་སོགས་པའི་རྟགས་ཆེན་ལྔ་ལ་ཡང་རང་དོན་སྐབས་དང་གཞན་དོན་སྐབས་ཀྱི་གཏན་ཚིགས་གཉིས་གཉིས་ཡོད་ཅིང་། གཞན་དོན་སྐབས་སུ་ལྔ་པོ་དེ་རང་རྒྱུད་པས་རང་རྒྱུད་ཀྱི་གཏན་ཚིགས་སུ་འདོད་ཅིང་། ཐལ་འགྱུར་བས་ཐལ་འགྱུར་གྱི་གཏན་ཚིགས་སུ་འདོད་པ་ནི་ཐལ་རང་གི་ཁྱད་པར་ཡིན་ནོ། །འོན་ཀྱང་ཐལ་འགྱུར་བས་གཞལ་ན་རང་རྒྱུད་པའི་ལུགས་ཀྱི་དབུ་མའི་རྟགས་ཆེན་ལྔ་པོ་གང་རུང་ཡིན་ན། དབུ་མའི་གཏན་ཚིགས་མ་ཡིན་པས་ཁྱབ་སྟེ། རང་རྒྱུད་པའི་རྟགས་ཆེན་ལྔ་པོ་གང་རུང་ཡིན་ན། རང་རང་གི་རྩོད་གཞིའི་གནས་ལུགས་ལ་དཔྱོད་པའི་གཏན་ཚིགས་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། རང་རྒྱུད་པའི་ལུགས་ཀྱི་རྟགས་ཆེན་ལྔ་པོ་གང་རུང་ཡིན་ན། རང་རང་གི་རྩོད་གཞི་ཚད་མས་གྲུབ་པ་དང་བཅས་པའི་གཏན་ཚིགས་ཡིན་པས་ཁྱབ་པའི་ཕྱིར། གཉིས་པ་ཐ་སྙད་ཁས་ལེན་ཚུལ་གྱི་ཁྱད་པར་ལ་དངོས་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཐ་སྙད་དུ་གཞན་སྐྱེ་ཁས་མི་ལེན་པ་དང་ལེན་པ། ཀུན་རྫོབ་བདེན་པ་དང་མི་བསླུ་བའི་གཞི་ཐུན་མི་འདོད་པ་དང་འདོད་པ། མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་མི་འདོད་པ་དང་འདོད་པ། ཚད་མ་བཞིར་གྲངས་ངེས་པར་འདོད་པ་དང་། མངོན་རྗེས་གཉིས་ཁོ་ནར་འདོད་པ། ཡང་ལོག་གི་ཁྱད་པར་ཡུལ་ཡུལ་ཅན་གཉིས་ཀ་ལ་འབྱེད་པ་དང་། ཡུལ་ཁོ་ན་ལ་འབྱེད་པའི་ཁྱད་པར་རྣམས་ནི་གཞིའི་སྐབས་ཀྱི་ཁྱད་པར་རོ། །དེ་ཡང་སྔ་མ་སྔ་མ་ཐལ་འགྱུར་བའི་ལུགས་དང་། ཕྱི་མ་ཕྱི་མ་རང་རྒྱུད་ཀྱི་ལུགས་ཡིན་ནོ། །ལམ་གྱི་ཁྱད་པར་ལ། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པ་དང་། འཕགས་པའི་མཉམ་གཞག་སྣང་མེད་དུ་འདོད་པ་ནི་ཐལ་འགྱུར་བའི་ལུགས་དང་། དེ་ལས་ལྡོག་པ་རང་རྒྱུད་པའི་ལུགས་སོ། །འབྲས་བུའི་ཁྱད་པར་ལ། སངས་རྒྱས་ཀྱི་སར་མཉམ་རྗེས་ཐ་དད་དུ་མེད་པར་འདོད་པ་ཐལ་འགྱུར་བའི་ལུགས་དང་། ཐ་དད་དུ་ཡོད་པར་འདོད་པ་རང་རྒྱུད་པའི་ལུགས་སོ། །གཉིས་པ་མཐའ་དཔྱད་པ་ལ། དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། གཞན་སྐྱེ་ཁས་ལེན་གྱི་གང་ཟག་ཡིན་ན། རང་བཞིན་གྱི་སྐྱེ་བ་ཁས་ལེན་གྱི་གང་ཟག་ཡིན་པས་ཁྱབ། དབུ་མ་ཐལ་འགྱུར་བ་ཡིན་ན། ཐ་སྙད་དུ་མི་བསླུ་བ་ཁས་མི་ལེན་པས་ཁྱབ། ཚད་མ་ཡིན་ན་མི་བསླུ་བའི་ཤེས་པ་ཡིན་པས་ཁྱབ། ཚད་མ་བཞི་པོ་གང་རུང་ཡིན་ན་ཚད་མ་ཡིན་པས་ཁྱབ། ཅེས་ཟེར་བ་རྣམས་མི་འཐད་དེ། དམ་བཅའ་དང་པོ་དེ་ལ། སློབ་དཔོན་ལེགས་ལྡན་བྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཐ་སྙད་དུ་གཞན་སྐྱེ་ཁས་ལེན་གྱི་གང་ཟག་ཡིན་པའི་ཕྱིར་ཏེ། དབུ་མ་རང་རྒྱུད་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཐ་སྙད་དུ་གཞན་སྐྱེ་ཁས་ལེན་པ་དེ་རང་རྒྱུད་པའི་གྲུབ་མཐའ་ཡིན་པའི་ཕྱིར། རྩ་བར་འདོད་ན། བདེན་སྐྱེ་ཁས་ལེན་དུ་ཐལ། འདོད་པའི་ཕྱིར། འདོད་ན། བདེན་གྲུབ་ཁས་ལེན་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། དབུ་མ་པ་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ། སློབ་དཔོན་ཟླ་གྲགས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། རྩ་ཤེའི་དགོངས་པ་ཐལ་འགྱུར་དུ་འགྲེལ་བའི་དབུ་མ་པ་ཡིན་པའི་ཕྱིར་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྗེས་འབྲངས་སུ་གྱུར་པའི་དབུ་མ་པ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཐ་སྙད་དུ་མི་བསླུ་བ་ཁས་ལེན་པར་ཐལ། ཐ་སྙད་དུ་བདེན་པ་ཁས་ལེན་གྱི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པའི་ཕྱིར། དམ་བཅའ་གསུམ་པ་ལ། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་མཁྱེན་པ་ཡིན་པའི་ཕྱིར་ཏེ། མཐོང་བ་ཡང་དག་པ་ཡིན་པའི་ཕྱིར། འཕགས་པའི་མཉམ་གཞག་ཡེ་ཤེས་ཡིན་པའི་ཕྱིར་ཏེ། རྩོད་གཞི་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མི་བསླུ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བསླུ་ཆོས་ཡིན་པའི་ཕྱིར་ཏེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། ལམ་བདེན་ཡིན་པའི་ཕྱིར་ཏེ། མཐོང་ལམ་ཡིན་པའི་ཕྱིར། སྔ་མ་དེ་ལ་ཁྱབ་པ་ཡོད་དེ། འཇུག་པ་རང་འགྲེལ་ལས། ལམ་གྱི་བདེན་པ་ནི་ཀུན་རྫོབ་བདེན་པའི་ཁོངས་སུ་གཏོགས་སོ་ཞེས་གསུངས་པ་འཐད་པའི་ཕྱིར། དམ་བཅའ་བཞི་པ་ལ། གཅིག་དུ་བྲལ་སོགས་ཀྱི་རྟགས་ལས་སྣང་བ་བདེན་མེད་དུ་རྟོགས་པའི་རིགས་ཤེས་ཚད་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར་ཏེ། གཅིག་དུ་བྲལ་སོགས་ཀྱི་རྟགས་ལས་སྣང་བ་བདེན་མེད་དུ་རྟོགས་པའི་རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། མཐོང་བ་ཡང་དག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འཕགས་པའི་མཉམ་གཞག་ཡེ་ཤེས་སུ་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྟགས་ལ་བརྟེན་པའི་བློ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། རང་རྒྱུད་པས་ཐ་སྙད་དུ་གཞན་སྐྱེ་ཁས་ལེན་པ་ནི་དངོས་སྨྲ་བ་དང་འདྲ་ལ། འོན་ཀྱང་དོན་དམ་དུ་གཞན་སྐྱེ་འགོག་ཅིང་། བདག་སྐྱེ་སོགས་དགག་བྱའི་རིགས་ཐམས་ཅད་ལ་དོན་དམ་གྱི་ཁྱད་པར་སྦྱོར་བས། ལུགས་འདིར་རིགས་པའི་གནད་མི་ཟབ་པ་ཡིན་ནོ། །ཐལ་འགྱུར་བས་ནི། དོན་དམ་དུ་བདག་སྐྱེ་དང་གཞན་སྐྱེ་འགོག་པའི་རིགས་པ་དེ་གས་ཐ་སྙད་དུ་ཡང་བདག་སྐྱེ་དང་གཞན་སྐྱེ་འགོག་ནུས་པས། དངོས་སྨྲ་བ་དག་དངོས་པོ་རང་བཞིན་གྱི་སྐྱེ་བའི་ཤེས་བྱེད་དེ་གང་གིས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་བཤད་པ་ཡིན་ཏེ། འཇུག་པ་ལས། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེ་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་གསུངས་པའི་ཕྱིར། ཀུན་རྫོབ་བདེན་པ་དང་མི་བསླུ་བའི་གཞི་མཐུན་མེད་པའི་ཤེས་བྱེད་ནི། ཀུན་རྫོབ་བདེན་པ་ཡིན་ན་རྫུན་པ་ཡིན་པས་ཁྱབ། བསླུ་བའི་ཆོས་ཅན་ཡིན་པས་ཁྱབ་པའི་གནད་ཀྱིས་ཡིན་ཏེ། རྩ་ཤེ་ལས། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་དང་། འཇུག་པ་རང་འགྲེལ་ལས། ཀུན་རྫོབ་ཀྱི་བདེན་པ་ནི་བསླུ་བར་བྱེད་པ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་མི་བསླུ་བའི་ཆོས་ཅན་དང་མི་བསླུ་བ་དང་། བདེན་པ་དང་དོན་དམ་བདེན་པ་རྣམས་དོན་གཅིག་ཅིང་། མཚན་གཞི་ནི། རང་བཞིན་གྱི་མྱང་འདས་སྟོང་ཉིད་ཐམས་ཅད་ཡིན་ཏེ། མདོ་ལས། བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་ཉིད་ཀྱིས་གང་གསུངས་པ། །ཞེས་དང་། དེའི་འགྲེལ་པ་ཟླ་བས་མཛད་པ་ལས། གང་ཞིག་བདེན་པ་དེ་ནི་མི་བསླུ་བའི་ཆོས་ཅན་ཡིན་ཏེ། དཔེར་ན། མྱ་ངན་ལས་འདས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རྒྱུ་མཚན་དེ་དག་གི་ཕྱིར་ན། ཐལ་འགྱུར་བས་ཐ་སྙད་བདེན་པའམ་ཀུན་རྫོབ་བདེན་པ་དང་མི་བསླུ་བའི་གཞི་མཐུན་མི་འདོད་ལ། རང་རྒྱུད་པ་ནི་ཚད་མ་སྨྲ་བའི་རྟོག་གེའི་འདྲེས་ཤོར་ནས་ཐ་སྙད་བདེན་པ་དང་མི་བསླུ་བའི་གཞི་མཐུན་འདོད་པ་ཐལ་རང་གི་ཁྱད་པར་ཡིན་ཏེ། འཇམ་དབྱངས་ས་སྐྱ་པཎ་ཆེན་གྱིས། དབུ་ཚད་གྲུབ་མཐའི་རྣམ་དབྱེ་ནི། །གུས་པས་ཁྱོད་ལ་ཞུ་འོ་སྐད། །འདི་དོན་སྨྲ་བ་མང་ན་ཡང་། །འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བས། །དོན་བཞིན་རྟོགས་པ་ཁོ་བོ་ཙམ། །ཐ་སྙད་དུ་ནི་མི་བསླུ་བ། །འདོད་པ་དེ་ནི་ཚད་མའི་ལུགས། །རང་རྒྱུད་དེ་དང་ཆ་མཐུན་ལ། །ཐལ་འགྱུར་བ་དག་ཐ་སྙད་དུ། །བདེན་པ་མི་འདོད་མདོར་བསྡུས་པའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号