ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
    །།ས་བཞི་པ་འོད་འཕྲོ་བ་ནི། རྗེས་ཐོབ་ཏུ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་ཅིང་། ངེས་ཚིག་ནི། ས་གསུམ་པ་འོད་བྱེད་པ་ལས་ལྷག་པའི་ཡང་དག་པའི་ཡེ་ཤེས་ཀྱི་མེའི་འོད་ཆེས་ཆེར་འཕྲོ་བས་ན་འོད་འཕྲོ་བ་ཞེས་བྱ་སྟེ། བརྩོན་འགྲུས་གང་དུ་འབར་བར་གྱུར་པ་ཡི། །ས་དེ་བཞི་པ་འོད་ནི་འཕྲོ་བ་འོ། །དེར་ནི་བདེ་གཤེགས་སྲས་ལ་རྫོགས་པ་ཡི། །བྱང་ཆུབ་ཕྱོགས་ལྷག་བསྒོམས་པ་ལས་སྐྱེས་པའི། །སྣང་བ་ཟངས་ཀྱི་འོད་ལས་ལྷག་འབྱུང་ཞིང་། །ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་བཞི་པ་བསྟན་ཟིན་ཏོ།།    །།ས་ལྔ་པ་ལ་ངེས་ཚིག་ནི། ས་འདིར་ལྷའི་བུའི་བདུད་ཀྱིས་ཀྱང་ཕམ་པར་མི་ནུས་ན་འཇིག་རྟེན་གྱི་ཁམས་ན་གནས་པའི་བདུད་གཞན་ཕལ་པས་ལྟ་སྨོས་ཀྱང་ཅི་དགོས་པས་འདིའི་མིང་ལ་སྦྱང་དཀའ་བའམ་ཐུབ་དཀའ་བ་ཞེས་བྱ། ཕར་ཕྱིན་ལྷག་ཚུལ་རྗེས་ཐོབ་ཏུ་བསམ་གཏན་གྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་ཅིང་། ཡོན་ཏན་གཞན་ཡང་འཕགས་པའི་བདེན་པ་བཞི་བློ་གྲོས་ཞིབ་མོས་རྟོགས་པའི་ཡོན་ཏན་ཐོབ་པ་ཡིན་ཏེ། བདག་ཉིད་ཆེ་དེ་བདུན་རྣམས་ཀུན་གྱིས་ཀྱང་། །སྦྱང་དཀའི་ས་ལ་ཕམ་པར་ནུས་མ་ཡིན། །བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་ཐོབ། །ཅེས་གསུངས་པའི་ཕྱིར། སེམས་བསྐྱེད་ལྔ་པ་སྦྱང་དཀའ་བའི་ས་ལེགས་པར་བསྟན་ཟིན་ཏོ།།    །།མཐའ་བྲལ་དབུ་མའི་གསང་ཚིག་མདའ་ལྔ་པ། །གཞན་དོན་ལ་ཆགས་སྙིང་སྟོབས་མེ་ཏོག་གཞུར། །བསམ་དང་སྦྱོར་བས་སྲིད་ཞིའི་གཡུལ་ངོ་བཅོམ། །སྨྲ་བའི་ཟླ་བར་གྲགས་དེས་དགེ་ལེགས་སྩོལ། །ལེགས་བྱས་བསོད་ནམས་མི་ནུབ་དཔུང་པ་ཡི། །གྲིབ་བསིལ་སྐྱེ་དགུའི་ཉེར་འཚེ་ཕན་བདེའི་སྲོག །སྟེར་མཁས་ལོག་སྨྲའི་གཉིས་འཐུང་རྣམ་གནོན་གྱི། །དཔལ་ལྡན་སྨྲ་བའི་སེང་གེ་རྒྱལ་གྱུར་ཅིག །ཞེས་མཆོད་པར་བརྗོད་ནས། འདིར་ས་དྲུག་པ་མངོན་དུ་གྱུར་པའི་སེམས་བསྐྱེད་འཆད་པར་བྱེད་པ་ལ་བཞི་སྟེ། ཤེར་ཕྱིན་ལྷག་པས་འགོག་པ་ཐོབ་པར་བསྟན། ཞར་ལ་ཤེར་ཕྱིན་ཉིད་ཀྱི་ཆེ་བ་བརྗོད། ཤེར་ཕྱིན་དེ་ལ་འཇུག་ཚུལ་གཏན་ལ་དབབ། ཚུལ་དེས་ཐོབ་པའི་ཡོན་ཏན་བསྡུས་ཏེ་བསྟན་པའོ། །ས་དྲུག་པ་མངོན་དུ་གྱུར་པར་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་ཀྱིས་རྒྱུ་ཤེར་ཕྱིན་ལ་ལྷག་པར་སྤྱོད་པའི་སྟོབས་ཀྱིས། ཐེག་ཆེན་ཐུན་མོང་མ་ཡིན་པའི་འགོག་པའི་སྙོམས་འཇུག་ཐོབ་པར་འགྱུར་ཏེ། ཞི་གནས་ཕུལ་དུ་ཕྱིན་པའི་མཉམ་བཞག་ལ་གནས་པ་དང་། རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་ཆེས་ཆེར་མངོན་དུ་ཕྱོགས་པ་དང་། ལྷག་མཐོང་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་ལྷག་པར་མངོན་སུམ་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། ཞེས་འཆད་པ་ལ། མངོན་དུ་ཕྱོགས་པར་མཉམ་གཞག་སེམས་གནས་ཏེ། །རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། །འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་པ་འདི་འབྱུང་། འདིའི་སྐབས་སུ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། མངོན་དུ་ཕྱོགས་པར་མཉམ་གཞག་སེམས་གནས་ཏེ། །ཞེས་པའི་དངོས་བསྟན་གྱི་མཉམ་གཞག་ཡིན་ན། ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་གཞག་ཡེ་ཤེས་ཡིན་པས་ཁྱབ། ལྷག་མཐོང་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ཡིན་ན། འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཞེས་པའི་དངོས་བསྟན་གྱི་བྱང་ཆུབ་སེམས་དཔའ་ཡིན་པས་ཁྱབ། བྱང་སེམས་ས་དྲུག་པ་བ་ཡིན་ན། ཐེག་ཆེན་ཐུན་མོང་མ་ཡིན་པའི་འགོག་པའི་སྙོམས་འཇུག་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན་པས་ཁྱབ་ཟེར་བ་རྣམས་མི་འཐད་དེ། དམ་བཅའ་དང་པོ་ལ། ས་དྲུག་པའི་རྗེས་ཐོབ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཞི་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། གཞུང་དེའི་དངོས་བསྟན་གྱི་ཞི་གནས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་ཞི་གནས་དེ་གཞུང་དེའི་དངོས་བསྟན་གྱི་ཞི་གནས་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་ལྷག་མཐོང་དེ། འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་ཞེས་པའི་དངོས་བསྟན་གྱི་ལྷག་མཐོང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཤེས་རབ་གནས་པའི་ཞེས་པའི་དངོས་བསྟན་གྱི་ཤེར་ཕྱིན་ལ་ལྷག་པར་སྤྱོད་པའི་བྱང་སེམས་ཡིན་པའི་ཕྱིར་ཏེ། ཕར་ཕྱིན་བཅུའི་ནང་ནས་རྒྱུ་ཤེར་ཕྱིན་ལ་ལྷག་པར་སྤྱོད་པའི་བྱང་སེམས་ཡིན་པའི་ཕྱིར་ཏེ། ས་དྲུག་པའི་རྗེས་ཐོབ་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ས་བཅུའི་རྗེས་ཐོབ་ཏུ་ཕར་ཕྱིན་ལ་ལྷག་པར་སྤྱོད་ཚུལ་རེ་རེ་ཡོད་པའི་ཕྱིར། རྩ་བར་འདོད་ན། ས་དྲུག་པའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་ཞི་གནས་དེ་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་གཞག་ཡེ་ཤེས་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ཆོས་ཉིད་ལ་རྩེ་གཅིག་པའི་མཉམ་གཞག་ཡེ་ཤེས་མེད་པའི་ཕྱིར་ཏེ། ཁྱོད་བྱང་སེམས་རྗེས་ཐོབ་པ་ཡིན་པའི་ཕྱིར། ཆོས་ཅན་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ། བྱང་སེམས་ས་དང་པོ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། རྟེན་འབྲེལ་གྱི་གནས་ལུགས་མངོན་སུམ་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་ཏེ། རྟེན་འབྲེལ་གྱི་གནད་མངོན་སུམ་དུ་མཐོང་བའི་བྱང་སེམས་ཡིན་པའི་ཕྱིར་ཏེ། བྱང་འཕགས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་རབ་གནས་པས་ཞེས་པའི་དངོས་བསྟན་གྱི་བྱང་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུ་ཤེར་ཕྱིན་ལ་ལྷག་པར་སྤྱོད་པའི་བྱང་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་ས་དྲུག་པ་ཡིན་པར་ཐལ་ལོ། །དམ་བཅའ་གསུམ་པ་ལ། བྱང་སེམས་ས་དྲུག་པ་མཉམ་བཞག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཆོས་ཅན་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། དེ་ཆོས་ཅན། རྒྱུ་ཤེར་ཕྱིན་ལ་ལྷག་པར་སྤྱོད་པ་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔའ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ས་དྲུག་པའི་རྗེས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ས་དྲུག་པའི་རྗེས་ཐོབ་ཀྱི་སྔ་རོལ་མཉམ་གཞག་ལ་གནས་པའི་བྱང་སེམས་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཞེས་པའི་དངོས་བསྟན་གྱི་བྱང་སེམས་དང་། ཤེས་རབ་གནས་པས་ཞེས་པའི་དངོས་བསྟན་གྱི་བྱང་སེམས་དང་། རྒྱུ་ཤེར་ཕྱིན་ལ་ལྷག་པར་སྤྱོད་པའི་བྱང་སེམས་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་འགོག་སྙོམས་ཐོབ་པའི་བྱང་སེམས་ས་དྲུག་པ་བ་དང་། ས་དྲུག་པའི་རྗེས་ཐོབ་པ་རྣམས་ཡིན་ཁྱབ་མཉམ་ཡིན་ཅིང་། དེ་ཡིན་ན་ཐུན་མོང་མ་ཡིན་པའི་འགོག་སྙོམས་ཐོབ་པས་ནི་མ་ཁྱབ་སྟེ། དྲུག་པའི་རྗེས་ཐོབ་ཏུ་འཕོས་མ་ཐག་ཏུ་རྒྱུ་ཤེར་ཕྱིན་ལ་ལྷག་པར་སྤྱད་པས། འབྲས་བུ་ཐུན་མོང་མ་ཡིན་པའི་འགོག་སྙོམས་ཐོབ་པར་བཤད་པ་དེ་འཐད་པའི་ཕྱིར་ཏེ། ཤེས་རབ་གནས་པའི་འགོག་པ་ཐོབ་པར་འགྱུར། །ཞེས་པ་འདི་ལ་འཆད་ཚུལ་གཅིག་ཡོད་པའི་ཕྱིར། ཤེར་ཕྱིན་ལ་ལྷག་པར་སྤྱོད་པའི་སྟོབས་ཀྱིས་ཐོབ་པའི་མཚན་འཛིན་གྱི་སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་ལ་རྩེ་གཅིག་པའི་ཡེ་ཤེས་དེ་ཐེག་ཆེན་ཐུན་མོང་མ་ཡིན་པའི་འགོག་སྙོམས་ཀྱི་མཚན་ཉིད། ས་མཚམས་ས་དྲུག་པའི་རྗེས་ཐོབ་ནས་སངས་རྒྱས་སའི་བར་ན་ཡོད་དོ། །དེ་བཞིན་དུ། ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་པའི་དངོས་བསྟན་གྱི་འགོག་སྙོམས་དང་། བྱང་འཕགས་ཀྱི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་འགོག་སྙོམས་དོན་གཅིག ས་མཚམས་ནི་ས་དྲུག་པའི་རྗེས་ཐོབ་ནས་ས་བཅུ་པའི་བར་ན་ཡོད་དོ། །ཡང་དེ་བཞིན་དུ་ཐུན་མོང་བའི་འགོག་སྙོམས་དང་ཚོར་འདུ་ཙམ་བཀག་པའི་འགོག་པའི་སྙོམས་འཇུག་དོན་གཅིག ས་མཚམས་ཐེག་ཆེན་གྱི་ས་དང་པོའི་རྗེས་ཐོབ་ནས་ས་དྲུག་པའི་རྗེས་ཐོབ་མ་སྐྱེས་ཀྱི་བར་ན་ཡོད། ཉན་ཐོས་ཀྱི་ཕྱིར་མི་འོང་ལུས་མངོན་བྱེད་ཐོབ་པའི་སྒོམ་ལམ་ནས་དགྲ་བཅོམ་པའི་བར་ན་ཡོད་པ་ཡིན་ཏེ། མཛོད་ལས། འགོག་པ་ཐོབ་པའི་ཕྱིར་མི་འོང་། །ཞེས་དང་། མངོན་རྟོགས་རྒྱན་ལས། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོང་ནས། །ཞེས་གསུངས་པའི་ཕྱིར། གཉིས་པ་ཞར་ལ་ཤེར་ཕྱིན་ཉིད་ཀྱི་ཆེ་བ་བརྗོད་པ་ནི། ཤེས་རབ་གནས་པས་ཞེས་པ་ལ་འཕྲོས། ཤེར་ཕྱིན་གྱི་ཆེ་བ་དཔེའི་སྒོ་ནས་སྟོན་པར་བྱེད་པ་ལ། ཇི་ལྟར་ལོང་བའི་ཚོགས་ཀུན་ཞེས་པ་ནས། རྒྱལ་ཉིད་འགྲོ་ཞེས་པའི་བར་འདི་བྱུང་། གསུམ་པ་ཤེར་ཕྱིན་དེ་ལ་འཇུག་ཚུལ་གཏན་ལ་དབབ་པ་ལ་གཉིས་ཏེ། ཐུན་མོང་ཐེག་པས་རྟོགས་བྱའི་སྟོང་ཉིད་བཤད། ཐེག་པ་ཆེན་པོའི་རྟོགས་བྱའི་སྟོང་ཉིད་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟེན་འབྲེལ་ཆོས་ཀྱི་བདག་མེད་སྒོ་ནས་བཤད། རྟེན་འབྲེལ་གང་ཟག་བདག་མེད་སྒོ་ནས་བཤད་པའོ། །དང་པོ་ལ་གསུམ་སྟེ། དབུ་མའི་ལྟ་བ་སྟོན་ཡུལ་གྱི་གདུལ་བྱ་ངོས་གཟུང་བ། མཐའ་བཞི་སྐྱེ་འགོག་གི་ཚུལ། རྟེན་འབྲེལ་གྱི་ཕན་ཡོན་བཤད་པའོ། །དང་པོ་ལ་དགག་བཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། དབུ་མའི་ལྟ་བ་བསྟན་ཡུལ་གྱི་གདུལ་བྱ་ཡིན་ན། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཅིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་ལ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་པའི་དངོས་བསྟན་གྱི་གང་ཟག་ཡིན་པས་ཁྱབ། དེ་ཡིན་ན་ལམ་ཞུགས་ཀྱི་གང་ཟག་ཡིན་པས་ཁྱབ། དེ་ཡིན་ན་གྲུབ་མཐའ་ལ་ཞུགས་པའི་གང་ཟག་ཡིན་པས་ཁྱབ་ཅེས་ཟེར་བ་རྣམས་མི་འཐད་དེ། དམ་བཅའ་དང་པོ་ལ། དབུ་མ་པ་དང་གྲངས་ཅན་རྩོད་པའི་ཚེ། མྱུ་གུ་ཆོས་ཅན། སྐྱེ་བ་དོན་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་པའི་རིགས་པ་འཕངས་ཡུལ་གྱི་གྲངས་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དབུ་མའི་རིགས་པ་འཕངས་ཡུལ་གྱི་གདུལ་བྱ་ཡིན་པའི་ཕྱིར་ཏེ། བདག་སྐྱེ་འགོག་པའི་དབུ་མའི་རིགས་པ་འཕངས་ཡུལ་གྱི་གདུལ་བྱ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། ཐེག་ཆེན་གྱི་རིགས་སད་པའི་གང་ཟག་ཏུ་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་པ་ཆེན་པོ་པར་ཐལ། འདོད་པའི་ཕྱིར། འདོད་ན། ནང་པ་སངས་རྒྱས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཕྱི་རོལ་པ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ་ཡང་། དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་ཟིན། རྩ་བར་འདོད་ན། དེ་མ་ཡིན་པར་ཐལ། ལམ་མ་ཞུགས་ཀྱི་གང་ཟག་ཡིན་པའི་ཕྱིར་ཏེ། གྲངས་ཅན་ཡིན་པའི་ཕྱིར་རོ། །དམ་བཅའ་གསུམ་པ་ལ། གྲུབ་མཐའ་ལ་འཇུག་པའི་སྔ་རོལ་དུ་སྟོང་པ་ཉིད་ཀྱི་གཏམ་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་ལྡང་བ་ལ་སོགས་པའི་མཚན་མ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དང་པོ་ཉིད་ནས་དབུ་མའི་ལྟ་བ་བསྟན་ཡུལ་གྱི་གདུལ་བྱ་སྣོད་ལྡན་ཡིན་པའི་ཕྱིར་ཏེ། དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་འདི་ཡིན་ཏེ། །ཞེས་པའི་དངོས་བསྟན་གྱི་སྣོད་ཡིན་པའི་ཕྱིར་ཏེ། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ཞེས་སོགས་ཀྱི་དངོས་བསྟན་གྱི་གང་ཟག་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གྲུབ་མཐའ་ལ་ཞུགས་པའི་གང་ཟག་མ་ཡིན་པར་ཐལ། གྲུབ་མཐའ་ལ་མ་ཞུགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། གྲུབ་མཐའ་ལ་འཇུག་གོང་གི་གང་ཟག་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། དབུ་མའི་ལྟ་བ་བསྟན་ཡུལ་གྱི་གང་ཟག་དེ་ལ། དང་པོ་ཉིད་ནས་དབུ་མའི་ལྟ་བ་བསྟན་ཡུལ་གྱི་གང་ཟག་དང་། ཐལ་འགྱུར་གྱི་རིགས་པས་ལོག་རྟོག་བཅོམ་པའི་སྒོ་ནས་དབུ་མའི་ལྟ་བ་བསྟན་ཡུལ་དང་། འཁོར་བའི་ཉེས་དམིགས་སོགས་ཀྱིས་བློ་རིམ་གྱིས་སྦྱངས་ཏེ་དབུ་མའི་ལྟ་བ་བསྟན་ཡུལ་གྱི་གདུལ་བྱ་དང་གསུམ་ཡོད་ཅིང་། དང་པོ་དེ་དང་། དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་འདི་ཡིན་ཏེ། །ཞེས་པའི་སྣོད་དང་། རིན་ཆེན་ཕྲེང་བ་ལས། ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ། །ཞེས་པའི་དངོས་བསྟན་གྱི་ཁུ་འཕྲིག་ཅན་གྱི་གང་ཟག་དང་། མདོ་སྡེ་ས་བཅུ་པ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པའི་དངོས་བསྟན་གྱི་གང་ཟག་རྣམས་དོན་གཅིག་ཅིང་། དེ་རྣམས་གང་རུང་ཡིན་ན། གྲུབ་མཐས་བློ་ཁ་མ་སྒྱུར་བའི་བྱང་སེམས་ཚོགས་ལམ་པ་ཡིན་པས་ཁྱབ་པ་ཡིན་ནོ། །གཉིས་པ་ནི། མྱུ་གུ་བདག་ལས་སྐྱེས་པར་འདོད་པའི་གྲངས་ཅན་པ་ལ། མྱུ་གུ་ཆོས་ཅན། སྐྱེ་བ་དོན་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་པའི་རིགས་པ་འཕངས་པས་མྱུ་གུ་བདག་ལས་སྐྱེས་པའི་ལོག་རྟོག་ཟློག་ནས། མྱུ་གུ་རང་བཞིན་གྱིས་སྐྱེ་མེད་དུ་རྟོགས་པ་ལྟ་བུའོ། །གསུམ་པ་ནི། ལོག་སྲེད་ཅན་ལ་འཁོར་བའི་ཉེས་དམིགས་སོགས་བསྟན་པས། སླར་འཁོར་བ་ལ་སྲེད་པ་དང་བྲལ་ནས་ཐར་པ་ཐོབ་པའི་ཆེད་དུ་ཟབ་མོ་སྟོང་ཉིད་ཀྱི་ལྟ་བ་དོན་དུ་གཉེར་བའི་གང་ཟག་ལྟ་བུའོ། །གཉིས་པ་མཐའ་བཞི་སྐྱེ་འགོག་གི་ཚུལ་ལ་བཞི་སྟེ། དམ་བཅའི་སྒོ་ནས་མདོར་བསྟན། སྒྲུབ་བྱེད་ཀྱི་སྒོ་ནས་རྒྱས་པར་བཤད། ཐལ་རང་གི་ཁྱད་པར་བྱེ་བྲག་ཏུ་བཤད། བདེན་གཉིས་ཀྱི་རྣམ་གཞག་ཞིབ་ཏུ་བཤད་པའོ། །དང་པོ་ནི། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ལོག་རྟོག་གི་གཉེན་པོར་དབུ་མ་པས་དམ་བཅའ་ཆེན་པོ་བཞི་མཛད་པ་ཡིན་ཏེ། གྲངས་ཅན་གྱི་གཉེན་པོར་བདག་སྐྱེ་འགོག་པའི་དམ་བཅའ། རང་སྡེ་སེམས་ཙམ་པ་མན་ཆད་ཀྱི་གཉེན་པོར་གཞན་སྐྱེ་འགོག་པའི་དམ་བཅའ། གཅེར་བུར་པའི་གཉེན་པོར་གཉིས་ཀ་ལས་སྐྱེ་བ་འགོག་པའི་དམ་བཅའ། སྤྱོད་པ་བའི་གཉེན་པོར་རྒྱུ་མེད་ལས་སྐྱེ་བ་འགོག་པའི་དམ་བཅའ་རྣམས་མཛད་པ་ཡིན་པའི་ཕྱིར་ཏེ། དོན་འདི་ལ་དགོངས་ནས། དབུ་མ་རྩ་ཤེ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། འཇུག་པ་ལས། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །ཅེས་གསུངས་པའི་ཕྱིར། འོ་ན་རྩོད་ཟློག་ལས། ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་བཤད་པར་མི་འཐད་པར་ཐལ། དབུ་མ་པ་ལ་དམ་བཅའ་ཡོད་པའི་ཕྱིར་ཞེ་ན། ཁྱབ་པ་མ་ངེས་ཏེ། ལུང་དེའི་དོན་ནི། དོན་དམ་པར་དམ་བཅའ་མེད་པ་ལ་དགོངས་པའི་ཕྱིར་ཏེ། དོན་དམ་པར་དགག་སྒྲུབ་བྱར་མེད་པའི་ཕྱིར། དེ་སྐད་དུ་རྩོད་ཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་ཉིད་མེད། །གང་ལ་ཕྱོགས་རྣམས་ཡོད་མིན་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་རིང་པོ་ན་ཡང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དང་། ཚིག་གསལ་ལས། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་ཞེས་གསུངས་པ་རྣམས་དགོངས་དབྱིངས་ཕྱོགས་གཅིག་པ་ཡིན་ནོ། །ཕྱོགས་གཞན་ཁས་བླངས་པ་མེད་པའི་དོན་ལ། རོང་སྟོན་སོགས་གཞན་དག་འཆད་ཚུལ་མང་དུ་སྣང་ཡང་ཕྱོགས་སུ་མ་ཕྱིན་ལ། གནད་ཀྱི་དོན་ནི། གནས་ལུགས་ལ་དཔྱོད་པའི་ཚེ་ཕྱོགས་གཞན་དགག་བྱ་འགོག་རྒྱུ་དང་། བསྒྲུབ་བྱ་སྒྲུབ་རྒྱུ་ཁས་མི་ལེན་པ་ལ་དགོངས་པ་ཡིན་ནོ། །འོ་ན་དགག་སྒྲུབ་ཀྱི་རྣམ་གཞག་གཏན་ནས་མེད་དམ་ཞེ་ན། ཀུན་རྫོབ་སྒྱུ་མ་ལྟ་བུའི་ངང་ནས་དམ་བཅའ་དང་སྒྲུབ་བྱེད་ལ་སོགས་པའི་དགག་སྒྲུབ་ཀྱི་རྣམ་གཞག་བྱེད་དེ། ང་ནི་ཅི་ཡང་མི་འགོག་གོ །ཞེས་སོགས་ཀྱི་འཕྲོ་དེ་མ་ཐག་པ་ལས། ཅི་ལྟར་སྤྲུལ་པས་སྤྲུལ་པ་དང་། །སྒྱུ་མའི་སྐྱེས་བུས་སྒྱུ་མ་ལ། །དགག་པ་བྱེད་པ་ཅི་འདྲ་བ། །དགག་པ་དེ་ཡང་དེ་འདྲར་འདོད། །ཅེས་གསུངས་པའི་ཕྱིར། དཔྱིས་ཕྱིན་པར་བཤད་དོ། །འདིར་ཁ་ཅིག་མཐའ་བཞི་སྐྱེ་འགོག་གི་དམ་བཅའ་བཞི་པོ་གང་རུང་ཡིན་ན། ཆོས་ཀྱི་བདག་འགོག་པའི་དམ་བཅའ་ཡིན་པས་ཁྱབ། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་པའི་དངོས་བསྟན་གྱི་གཞན་སྐྱེ་འགོག་པའི་དམ་བཅའ་ཡིན་ན། དོན་དམ་ཙམ་དུ་གཞན་སྐྱེ་འགོག་པའི་དམ་བཅའ་ཡིན་པས་ཁྱབ། མྱུ་གུའི་རྒྱུ་ཡིན་ན། མྱུ་གུ་དང་རྫས་གཅིག་དང་རྫས་གཞན་གང་རུང་ཡིན་པས་ཁྱབ་ཟེར་བ་རྣམས་མི་འཐད་དེ། དང་པོ་ལ། གང་ཟག་རང་དང་རྫས་གཅིག་ཏུ་གྱུར་པའི་རྒྱུ་ལས་སྐྱེ་བ་འགོག་པའི་དམ་བཅའ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་སྐྱེ་འགོག་པའི་དམ་བཅའ་ཡིན་པའི་ཕྱིར་ཏེ། རྩོད་གཞི་གང་ཟག་གི་སྟེང་དུ་བདག་སྐྱེ་འགོག་པའི་དམ་བཅའ་ཡིན་པའི་ཕྱིར་ཏེ། གང་ཟག་བདག་ལས་སྐྱེ་བ་འགོག་པའི་དམ་བཅའ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། བདག་སྐྱེའི་གོ་དོན་གཅིག་འཆད་རིགས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཆོས་ཀྱི་བདག་འགོག་པའི་དམ་བཅའ་མ་ཡིན་པར་ཐལ། གང་ཟག་གི་བདག་འགོག་པའི་དམ་བཅའ་ཡིན་པའི་ཕྱིར་ཏེ། གང་ཟག་བདེན་པར་གྲུབ་པར་འགོག་པའི་དམ་བཅའ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གང་ཟག་རང་བཞིན་གྱིས་སྐྱེ་བ་འགོག་པའི་དམ་བཅའ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ། མྱུ་གུ་རང་དང་རྫས་གཞན་དུ་གྱུར་པའི་རྒྱུ་ལས་སྐྱེ་བ་འགོག་པའི་དམ་བཅའ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། གཞན་སྐྱེ་འགོག་པའི་དམ་བཅའ་ཡིན་པའི་ཕྱིར་ཏེ། རྩོད་གཞི་མྱུ་གུའི་སྟེང་དུ་གཞན་སྐྱེ་འགོག་པའི་དམ་བཅའ་ཡིན་པའི་ཕྱིར་ཏེ། མྱུ་གུ་གཞན་ལས་སྐྱེ་བ་འགོག་པའི་དམ་བཅའ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། གཞན་སྐྱེའི་གོ་དོན་གཅིག་འཆད་རིགས་པའི་ཕྱིར། རྩ་བར་འདོད་ན། ཐ་སྙད་དུ་གཞན་སྐྱེ་འགོག་མི་རིགས་པར་ཐལ། དེ་དོན་དམ་ཙམ་དུ་གཞན་སྐྱེ་འགོག་པའི་དམ་བཅའ་ཡིན་པའི་ཕྱིར། འདོད་ན། ཐ་སྙད་དུ་གཞན་སྐྱེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འཇིག་རྟེན་ཐ་སྙད་དུ་གཞན་སྐྱེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འཇུག་པ་ལས། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། དམ་བཅའ་གསུམ་པ་ལ། མྱུ་གུའི་རྒྱུར་གྱུར་པའི་ས་བོན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ས་མྱུག་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་པའི་ཕྱིར་ཏེ། ཐ་སྙད་དུ་རྒྱུ་འབྲས་ཀྱི་རྣམ་གཞག་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་གང་རུང་མ་ཡིན་པར་ཐལ། དེ་དང་རྫས་གཅིག་ཀྱང་མ་ཡིན། དེ་དང་རྫས་གཞན་ཡང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། འཇུག་པ་ལས། གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང་། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །ཞེས་གསུངས་པ་མི་འཐད་པར་ཐལ། མ་གྲུབ་པ་དེའི་ཕྱིར། གཉིས་པ་མ་གྲུབ་ན། འཇུག་པ་ལས། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །ཅེས་གསུངས་པ་མི་འཐད་པར་ཐལ། མ་གྲུབ་པ་དེའི་ཕྱིར། དེས་ན་ལུགས་འདི་ལ་ས་མྱུག་སོགས་རྒྱུ་འབྲས་ཀྱི་རིགས་ཐམས་ཅད་རྫས་གཅིག་དང་གཞན་གང་ཡང་མ་ཡིན་ཏེ། ཆོས་དེའི་རྒྱུ་དང་འབྲས་བུ་གང་རུང་ཡིན་ན། ཆོས་དེ་དང་རྫས་གཅིག་མ་ཡིན་པས་ཀྱང་ཁྱབ། རྫས་གཞན་མ་ཡིན་པས་ཀྱང་ཁྱབ་པའི་ཕྱིར་ཏེ། དོན་འདི་ལ་དགོངས་ནས་རྩ་ཤེ་ལས། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་དང་སྐྱེད་པ་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ། རྒྱུ་ས་བོན་གྱི་དུས་སུ་འབྲས་བུ་མྱུ་གུ་དེ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། མྱུ་གུའི་དུས་སུ་ས་བོན་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། རྒྱུ་དང་བཅས་པ་སྐྱེ་མཐོང་བས། །མེད་པ་ཉིད་ལས་འདས་པ་ཡིན། །རྒྱུ་དང་བཅས་པར་འགག་མཐོང་བས། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号