ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
    །།ས་གསུམ་པ་འོད་བྱེད་པ་འཆད་པར་བྱེད་པ་ལ། སའི་ངེས་ཚིག་ནི། ཤེས་བྱ་སྐྱེ་འགག་སོགས་ཀྱི་སྤྲོས་པའི་བུད་ཤིང་མ་ལུས་བསྲེག་པའི་ཡེ་ཤེས་ཀྱི་མེའི་འོད་གསལ་བར་འབྱུང་བའི་ཕྱིར། ས་འདི་ལ་འོད་བྱེད་པ་ཞེས་བྱ་སྟེ། ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་མེའི། །འོད་འབྱུང་ཕྱིར་ན་ས་ནི་གསུམ་པ་འདི། །འོད་བྱེད་པ་སྟེ་བདེ་གཤེགས་སྲས་པོ་ལ། །ཞེས་གསུངས་པའི་ཕྱིར། ཕར་ཕྱིན་ལྷག་ཚུལ་ནི། ས་འདིའི་རྗེས་ཐོབ་ཏུ་སྐྱེ་བོ་ཞེ་སྡང་ཅན་གྱིས་བྱང་ཆུབ་སེམས་དཔའི་ལུས་ལས་ཤ་སྲང་རེ་རེ་ནས་གཅོད་པར་བྱེད་ཀྱང་། ཁོང་མི་ཁྲོ་བའི་སྟེང་དུ་གཅོད་པ་པོ་ལ་སྙིང་རྗེ་ལྷག་པར་འཕེལ་བས་བཟོད་པའི་ཕར་ཕྱིན་ལ་ལྷག་པར་སྤྱོད། ཡང་གནོད་བྱ་གནོད་བྱེད་གནོད་པའི་ཚུལ་གསུམ་གཟུགས་བརྙན་ལྟར་རང་བཞིན་མེད་པར་མངོན་སུམ་དུ་མཐོང་བའི་ལྟ་བའི་ངང་ལ་གནས་པས་ཀྱང་བཟོད་པའི་ཕར་ཕྱིན་ལ་ལྷག་པར་སྤྱོད་པ་ཡིན་ཏེ། གལ་ཏེ་གནས་མིན་འཁྲུགས་པ་འགའ་ཡིས་དེའི། །ཞེས་པ་ནས། གང་ཕྱིར་ཆོས་ཀུན་དེ་ཡིས་གཟུགས་བརྙན་ལྟར། །མཐོང་བ་དེས་ཀྱང་དེ་ཡི་བཟོད་པར་འགྱུར། །ཞེས་དང་། དཀའ་འགྲེལ་ལས། སྙིང་རྗེའི་སྒོ་ནས་བཟོད་པ་ལྷག ལྟ་བའི་སྒོ་ནས་བཟོད་པ་ལྷག །ཞེས་གསུངས་པའི་ཕྱིར། ཁོང་ཁྲོས་པའི་ཉེས་དམིགས་ནི། གནོད་པ་བྱས་པས་གལ་ཏེ་དེར་དཀོན་ན། །ཞེས་པ་ནས། མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་བསྐྱུར་བར་བྱེད། །ཅེས་པའི་བར་གྱིས་བསྟན། ཉེས་དམིགས་རྣམས་ཀྱི་ནང་ནས་ཀྱང་ཡུལ་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོས་པ་འདི་ཉེས་པ་ཤིན་ཏུ་ཆེ་སྟེ། དེ་ཡང་བྱང་སེམས་རྟོགས་པ་མཐོ་བ་གཅིག་གིས་བྱང་སེམས་འོག་མ་ཞིག་ལ་ཁོང་ཁྲོས་ན་བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་འཇོམས་པ་ལ་དགོངས་ནས། མདོ་རྒྱ་ཆེར་རོལ་པ་ལས། འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་འཇོམས་པར་བྱེད་པ་དེའི་ཕྱིར་ཁོང་ཁྲོ་བ་ཞེས་བྱའོ། །ཞེས་དང་། དེའི་དོན་འཇུག་པ་ལས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པར་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་གསུངས་པ་དང་། ཡང་བྱང་སེམས་རྟོགས་པ་དམའ་བ་ཚོགས་ལམ་པ་ལྟ་བུ་ཞིག་གིས་བྱང་སེམས་སྦྱོར་ལམ་པ་ཞིག་ལ་ཁོང་ཁྲོས་ན་བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པ་ལ་དགོངས་ནས། མདོ་དཀོན་མཆོག་སྤྲིན་ལས། ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་སྲེག་པའི་ངང་ཚུལ་ཅན་ནོ་ཞེས་དང་། དེའི་དོན་སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པས་སོ། །ཁོང་ཁྲོའི་རྣམ་སྨིན་ནི། ཡུལ་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ན་བསྐལ་པ་གཅིག་ཏུ་དམྱལ་བར་གནས། སྐད་ཅིག་མ་གཉིས་སྐྱེས་ན་བསྐལ་པ་གཉིས་སུ་དམྱལ་བར་གནས་པ་སོགས་སྐད་ཅིག་མ་དུ་སྐྱེས་ཀྱི་གྲངས་དང་མཉམ་པའི་བསྐལ་པར་དམྱལ་བའི་སྡུག་བསྔལ་མྱོང་སྟེ། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ། །ངན་སེམས་སྐྱེས་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་པའི་ཕྱིར། དེ་དག་ནི་བྱང་སེམས་ནང་ཕན་ཚུན་གྱི་དབང་དུ་བྱས་པ་ཡིན་ལ། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁོང་ཁྲོས་ན་རྣམ་པར་སྨིན་པ་ལ་ཚད་གཟུང་དུ་མེད་དེ། འཇུག་པ་རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་མ་ཡིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ལྟ་ཅི་སྨོས་ཏེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུའི་ཚད་སྲང་གྲངས་ཀྱིས་ངེས་པར་མི་ནུས་པ་ལྟར། རྣམ་པར་སྨིན་པའི་མཚམས་ངེས་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་འཇུག་པ་དང་སྤྱོད་འཇུག་གི་དངོས་བསྟན་གྱི་ཁོང་ཁྲོ་བའི་ཡུལ་དང་ཁོང་ཁྲོ་བ་པོ་གང་རུང་ཡིན་ན། བྱང་སེམས་སོ་སྐྱེ་ཡིན་པས་ཁྱབ། གང་ཕྱིར་རྒྱལ་སྲས་རྣམས་ལ་ཞེས་པའི་དངོས་བསྟན་གྱི་རྒྱལ་སྲས་ཡིན་ན། ཁོང་ཁྲོ་བ་པོ་ལས་རྟོགས་པ་དམའ་བས་ཁྱབ་སྟེ། འགྲེལ་པ་ལས། རྟེན་གྱི་སྐབས་སུ་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་དེས་ཞེས་དང་། ཡུལ་གྱི་སྐབས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ཞེས་གསུངས་པའི་ཕྱིར། བཟོད་པའི་ཕན་ཡོན་དང་ཡོན་ཏན་གཞན་ཐོབ་ཚུལ་གཉིས་ནི། བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་རྣམས་བྱེད་དོ། །ཞེས་སོགས་དང་། ས་དེར་རྒྱལ་སྲས་བསམ་གཏན་མངོན་ཤེས་དང་། །ཞེས་སོགས་ཀྱིས་བསྟན་ཏོ། །སེམས་བསྐྱེད་གསུམ་པ་བཤད་ཟིན་ཏོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号